བཀའ་བསྟན་གྱི་རྣམ་བཞག་ལས་བཀའི་རྣམ་གཞག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-15
ཀློག་གྲངས།:
བཀའ་བསྟན་གྱི་རྣམ་བཞག་ལས་བཀའི་རྣམ་གཞག
སྤྱིར་བསྟན་པ།ནང་བ་སངས་རྒྱས་པའི་བསྟན་པ་ལ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད་པའི་ལུང་གི་བསྟན་པ་ནི་ཐར་བའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྗོད་བྱེད་ཡང་དག་པ་ཞིག་ལ་ཟེར་ཞིང་དེ་ལ་ཆ་རྐྱེན་གཉིས་ལྡན་པ་ནི་འཆོས་པའི་ཡོན་ཏན་དང་སྐྱོབ་པའི་ཡོན་ཏན་གཉིས་ཡིན་ཏེ། འཆོས་པ་ནི་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་ཏེ་བློ་ངན་པ་བཅོས་ཏེ་བཟང་བོར་བསྒྲུབས་པ་ཡིན་ལ་སྐྱོབ་པ་ནི་དེ་ལྟར་སེམས་པ་བཟང་བོ་སྒྲུབ་པ་ལ་བསྟེན་ནས་གདུལ་བྱ་ངན་འགྲོར་མི་སྐྱེ་བས་དེ་ལ་སྐྱོབ་པའི་ཡོན་ཏན་དང་ལྡན་པའོ། །
རྟོགས་པའི་བསྟན་པ་ནི་ལུང་གི་བསྟན་པའི་བརྗོད་བྱ་ཉམས་སུ་བླངས་ནས་ཐོབ་པའི་བསླབ་པ་གསུམ་གྱི་ཡོན་ཏན་ལ་ཟེར།
ནང་བའི་ལུང་གི་བསྟན་པ་ལ་དབྱེ་ན། བཀའ་དང་བསྟན་བཅོས་གཉིས་ཡོད་དེ་དང་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་ཞེ་སའི་སྒོ་ནས་བཀའ་ཞེས་འབོད་ལ་མཁས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ལ་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པར་བསྟན་བཅོས་ཟེར་མོད་སྤྱིར་བཀའ་ཡང་བསྟན་བཅོས་ཡིན་པ་དེ་ཤེས་དགོས། དེ་བས་རང་རེའི་བོད་ཀྱི་བཀའ་འགྱུར་བསྟན་འགྱུར་ཞེས་པའི་དོན་ཡང་སངས་རྒྱས་ཀྱི་བཀའ་བོད་དུ་བསྒྱུར་ཏེ་བོད་སྐད་དུ་གྱུར་པ་ལ་བཀའ་འགྱུར་དང་། མཁས་པས་བརྩམས་པའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་སྐད་དུ་བསྒྱུར་ཏེ་གྱུར་པ་ལ་བསྟན་འགྱུར་ཟེར།
ནང་བའི་ལུང་གི་བསྟན་པ་ལ་བཤད་པའི་བསྟན་པ་དང་། ནང་དོན་རིག་པ། ཐུན་མོང་མ་ཡིན་པའི་རིག་གནས། ཆོས་ཞེས་མིང་གི་རྣམ་གྲངས་དུ་མ་ཡོད་དེ་སངས་རྒྱས་ཀྱི་བསྟན་པ་བརྗོད་བྱར་བྱེད་པའི་ལུང་ངམ་ཚིག་ཡིན་པས་ན། ལུང་གི་བསྟན་པ་དང་། ནང་གི་དོན་ཏེ་སེམས་པ་བཟང་བོར་སྒྲུབ་པ་བརྗོད་བྱར་བྱེད་པས་ན་ནང་དོན་རིག་པ་དང་ནང་བ་ཁོ་ན་མ་གཏོགས་གཞན་ལ་མེད་པས་ན་ཐུན་མོང་མ་ཡིན་པའི་རིག་གནས། བསླབ་པ་གསུམ་རྒྱུད་ལ་སྐྱེས་ན་ངན་སོང་དུ་མི་སྐྱེ་བས་དེ་བརྗོད་བྱར་བྱེད་པས་ན་ཆོས་ཟེར་རོ། །
བཀའི་རྣམ་གཞག
ནང་བའི་ལུང་གི་ཆོས་ལ་མཐའ་ཡས་པ་ཞིག་ཡོད་མོད་བསྡུས་ན་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། སྡེ་སྣོད་གསུམ། གསུང་རབ་ཡན་ལག་བཅུ་གཉིས་སོགས་ཡོད་པས་གོ་སླ་བའི་ངོ་སྤྲོད་རགས་ཙམ་བྱ་ན།
དང་བོ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ།
ཆོས་འཁོར་བསྐོར་ཞེས་པ་སངས་རྒྱས་ཀྱིས་ཆོས་གསུངས་པའི་དོན་ཏེ། སྟོན་པ་དགུང་ལོ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐུན་ཐ་མའི་དུས་སུ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མ་གསུངས་པར་ཐུགས་ལས་ཆུང་ངུར་བཞུགས། ཞག་བཞི་བཅུ་ཞེ་དགུ་ནས་ཚངས་པ་ཆེན་པོས་གསོལ་བ་བཏབ་པས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་དེ་ལ་ཆོས་འཁོར་ཞེས་པ་ནི་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་འཁོར་ལོ་རིན་པོ་ཆེ་དེ་འཕངས་པས་ན་རིམ་བཞིན་འཁོར་ལོ་ཡུལ་གཞན་ནས་གཞན་དུ་རིམ་གྱིས་འཕོ་བ་དང་། དེའི་དབང་གིས་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པ་བཞིན་སངས་རྒྱས་ཀྱི་ཆོས་དེ་གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བ་དང་འདོད་ཆགས་ལ་སོགས་པའི་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པས་ན་འཁོར་ལོ་དང་ཆོས་མཚུངས་པའི་ཕྱིར་ཆོས་འཁོར་ཞེས་བྱའོ། །
སྟོན་པ་རིན་པོ་ཆེའི་ཞལ་བཞུགས་དུས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང་དེ་དག་ལ་ཡང་མཐུན་མི་མཐུན་ཅི་རིགས་གསུངས་ཡོད་པ་ནི་གདུལ་བྱའི་བློ་དང་ལྟ་བ་མི་མཐུན་པས་བློ་དམན་པ་ཞིག་ལ་དེའི་བློ་དང་འཚམ་པའི་ཆོས་གསུངས། བློ་འབྲིང་ལ་དེར་བསྟུན་པའི་ཆོས་གསུང་བ་ལས་བློ་དམན་པ་ཞིག་ལ་ཆོས་རྒྱ་ཆེན་པོ་གསུངས་ན་དགོས་པ་མེད་པའི་ཁར་ད་དུང་གནོད་བསྐྱལ་བ་བཞིན་ཡིན་ཏེ་དཔེར་ན་སློབ་ཆུང་ཞིག་ལ་དེ་དང་བསྟུན་པའི་སློབ་ཁྲིད་དང་། དེ་བཞིན་སློབ་འབྲིང་ལ་དེའི་བློ་ཁ་དང་བསྟུན་པའི་སློབ་ཁྲིད་བྱ་དགོས་ལ་སྔ་མ་སྔ་མ་རགས་ཤིང་རིམ་བཞིན་ཇེ་ཞིབ་ཏུ་བཏང་ནས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་བྱ་དགོས་པ་བཞིན་ནོ། །
1.འཁོར་ལོ་དང་བོ་བདེན་བཞིའི་ཆོས་འཁོར་ཞེས་པ་ནི་སངས་རྒྱས་ནས་དུས་དང་བོར་གསུངས་པས་ན་འཁོར་ལོ་དང་བོ་དང་བདེན་བཞི་བརྗོད་བྱར་བྱེད་པས་ན་བདེན་བཞིའི་ཆོས་འཁོར་ཟེར། བདེན་པ་བཞི་ཐོག་མར་གསུངས་པ་ནི་དེ་བཞི་རྟོགས་སླ་བ་ཙམ་མ་ཡིན་པར་ནང་བའི་བསྟན་པའི་གཞུང་གི་རྨང་གཞི་ཡིན་པའི་རྐྱེན་གྱིས་ཡིན། བདེན་པ་བཞི་ནི་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན། བཅས་ཏེ་ཚིག་རྒྱས་པར་བཤད་ན་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་འཕགས་པས་གསུང་བའི་བདེན་པ་ཞེས་པའི་དོན་ཡིན། སྡུག་བདེན་ལ་ནང་གི་སྡུག་བདེན་དང་ཕྱིའི་སྡུག་བདེན་གཉིས་ཡོད་ལ། ནང་གི་སྡུག་བདེན་ནི་ཟག་བཅས་ཉེར་ལེན་གྱི་ཕུང་བོ་སྟེ་འགྲོ་བའི་ལུས་ཕུང་ཡིན་ལ་དེ་ལ་བརྟེན་ནས་ན་རྒ་འཆི་བའི་འཇིགས་པ་དང་སྡུག་བསྔལ་འབྱུང་བ་དང་ཕྱིའི་སྡུག་བདེན་ནི་རི་ར་བ་ཁང་ཁྱིམ་དང་རྒྱུ་ནོར་སོགས་ཡིན་ལ་དེ་དག་ལས་འཕྲོག་རྩོད། རྩོལ་སྒྲུབ་སོགས་འབྱུང་བས་ན་དེ་གཉིས་ལ་ཡིད་འབྱུང་བའི་ཆེད་དུ་འབྲས་བུའི་མིང་གིས་སྡུག་བསྔལ་ཞེས་བཏགས་ཏེ་འཇིག་རྟེན་གྱི་དམག་འཁྲུག་དང་འགྲན་རྩོད། བཙན་གཉོམ། ཧམ་སེམས། ནད་ཡམས་ཀྱི་སྡུག་བསྔལ་མཐའ་དག་རང་གི་ཕུང་བོ་གཅེས་པར་འཛིན་པ་འདི་ལས་ངེས་འབྱུང་མེད་ན་ཅི་ཡང་མི་འོང་ལ་དེ་བས་སྡུག་བསྔལ་སྡུག་བསྔལ་དུ་ཤེས་ན་དེ་ལས་འབྲལ་འདོད་སྐྱེ། འོན་ཀྱང་འབྲལ་འདོད་སྐྱེ་བ་ཙམ་གྱིས་མི་ཆོག་སྟེ་དེ་ལྡོག་ནུས་མི་ནུས་བསམ་བློ་གཏང་དགོས་པས་རྒྱུ་མ་བཟློགས་ན་སླར་ཡང་འབྱུང་བས། དཔེར་ན་ཆམ་པའི་རྒྱུ་རྐྱེན་མ་བཅོས་པར་ན་ཟུག་ཙམ་བཅོས་རུང་དགོས་པ་མེད་པ་བཞིན་ནོ། །དེས་ན་སྡུག་བདེན་གྱི་རྒྱུ་གང་ཡིན་ཞེ་ན། ལས་དང་ཉོན་མོངས་གཉིས་ཏེ་དེ་ལ་ཀུན་འབྱུང་བདེན་པ་ཟེར། ལས་ཞེས་པ་ནི་དཔེར་ན་སྲོག་གཅོད་འདོད་ཀྱི་སེམས་པ་དང་། རྐུ་བྱེད་འདོད་ཀྱི་སེམས་པ་སྟེ་དགེ་མི་དགེ་སྣ་ཚོགས་བྱེད་འདོད་ཀྱི་སེམས་པ་དེ་ཡིན་ལ་ཉོན་མོངས་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་ཡིན་ཏེ། དེ་དག་ལས་འཇིག་རྟེན་གྱི་བྱ་བ་ངན་པ་སྣ་ཚོགས་བྱེད་པས་སོ། །
དཔེ་གསལ་བོར་བཤད་ན་འདོད་ཆགས་ཀྱི་དབངགིས་རྐུ་འདོད་ཀྱི་སེམས་པ་སྐྱེ་སྟེ་དེ་བརྐུས་པ་ལ་བརྟེན་ནས་བཙོན་དུ་འགྲིམ་པ་དང་། ཐ་ན་སྲོག་གཅོད་པ་སོགས་ཀྱི་སྡུག་བསྔལ་འབྱུང་བ་དེ་མཐར་གཏུག་ན་རང་ལུས་སྐྱིད་འདོད་ལ་ཐུག་ཡོད་དེ་སྡུག་བསྔལ་དེའི་འབྱུང་རྩ་ནི་རང་གི་ལུས་ཕུང་ཡིན་པས་སོ། ། འོན་ཀྱང་ནད་ཀྱི་རྒྱུ་ལྟ་བུའི་ཀུན་འབྱུང་ངོས་ཟིན་ཏེ་བཟློག་ཐུབ་མིན་མ་ཤེས་ན་དེ་ཤེས་པས་དགོས་པ་ཅི་ཡང་མེད་པ་བཞིན་དེ་བཟློག་ཐུབ་མིན་ལ་བསམ་བློ་བཏང་ནས་དེ་བཀག་པ་སྟེ་རང་གི་རྒྱུད་ནས་མེད་པར་བྱས་པའི་ཆ་ཞིག་ཡོད་པ་ལ་འགོག་བདེན་ཟེར། དེ་འགོག་ཐུབ་པ་ཤེས་རུང་འགོག་བྱེད་ཐབས་མ་ཤེས་ན་ནད་དང་ནད་ཀྱི་རྒྱུ་དེ་དྲག་ཐུབ་པ་ཤེས་ནའང་དྲག་བྱེད་ཀྱི་ཐབས་མ་ཤེས་ན་དགོས་པ་ཅི་ཡང་མེད་པ་བཞིན་ཀུན་འབྱུང་བདེན་པ་འགོག་བྱེད་ནི་ལམ་བདེན་ཡིན་པས་འདི་ནི་ཐེག་པ་ཆེ་ཆུང་གི་ལམ་གྱི་གཞི་རྩ་ཡིན་ལ་མདོ་སྔགས་གཉིས་ཀྱི་གཞི་རྩའང་ཡིན་པས་བདེན་བཞི་ཤེས་པ་ནི་ནང་བའི་བསྟན་པའི་རྨང་གཞི་ཡིན་ནོ། །
དེ་ལྟ་བུའི་བདེན་བཞིའི་ཆོས་འཁོར་གསུང་བའི་གནས་རྒྱ་གར་གྱི་ཡུལ་ཝ་ར་ན་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་སྟེ་ཀུན་ཤེས་ཀོའུ་དཱུ་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ལྔ་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཀུན་འབྱུང་སོགས་བདེན་པ་བཞིའི་ངོ་བོ་ལ་བཟླས་པ་དང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་སོགས་བདེན་པ་བཞིའི་བྱ་བ་ལ་བཟླས་པ། སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་མཐར་ཐུག་ལ་བཟླས་པ་སྟེ་བཟླས་པ་གསུམ་དང་། དེ་ལྟར་བདེན་པ་རེ་རེ་བཟླས་པ་གསུམ་རེ་སྟེ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྐོར་ཅིང་དེའི་ཚེ་ལྷ་རྣམས་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་ངོ་ཞེས་རབ་ཏུ་དགའ་བའི་ཚིག་ཆེད་དུ་བརྗོད་ཅིང་། དེ་ལྟར་འཕགས་པའི་བདེན་པ་བཞི་ལན་གསུམ་དུ་བཟླས་པ་ལས་དང་བོའི་སྐབས་སུ་ཀུན་ཤེས་ཀཽ་དཱི་ནཱ་དང་ལྷ་བརྒྱད་ཁྲིས་བདེན་པ་མཐོང་། གཉིས་པའི་ཚེ་ཀུན་ཤེས་ཀཽ་དི་ན་ཡས་དགྲ་བཅོམ་ཐོབ། ལྷག་མ་བཞིས་བདེན་པ་མཐོང་། བཟླས་པ་གསུམ་པའི་ཚེ་རྟ་ཐུལ་སོགས་བཞིས་ཀྱང་དགྲ་བཅོམ་ཐོབ་པར་གསུངས།
2.འཁོར་ལོ་བར་བ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པ་ནི་དུས་བར་བ་སྟེ་འཁོར་ལོ་དང་བོའི་རྗེས་སུ་གསུངས་པས་འཁོར་ལོ་བར་བ་དང་། ཆོས་ཐམས་ཅད་བདེན་པར་གྲུབ་པའི་མཚན་ཉིད་ངོ་བོ་མེད་པ་སྟེ་བདེན་པར་མ་གྲུབ་པར་གསུངས་པས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཟེར། གདུལ་བྱ་བྱང་ཆུབ་སེམས་དཔའ་དབང་རྣོན་ལ་གསུངས་ཏེ་འདིའི་བདེན་མེད་ཅེས་པ་ནི་དཔེར་ན་མི་ཞིག་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བཞག་པའི་ཚེ་ང་ཚོས་བལྟས་ན་ཁོ་སྲིད་འཛིན་དུ་བདེན་པར་གྲུབ་པ་འདྲ་ལ་དངོས་གནས་བདེན་པར་གྲུབ་ཡོད་ན་ལས་གནས་ལས་བབས་ཚེའང་སྲིད་འཛིན་ཡིན་དགོས་ཏེ་སྲིད་འཛིན་ཁོའི་རང་སྟེང་ན་བདེན་པར་གྲུབ་པས་སོ། །དེ་བཞིན་ཕོར་བ་ཞིག་ཏུ་ཆང་བླུགས་ཚེ་ཆང་ཕོར་ཡིན་མོད་དེ་ཆང་ཕོར་དུ་བདེན་པར་གྲུབ་ན་ཆུ་བླུགས་ཚེའང་ཆང་ཕོར་ཡིན་པ་ལས་ཆུ་ཕོར་མིན། དེ་བས་ཕོར་བ་དེ་ལ་ཆང་ཕོར་ཞེས་བཏགས་པ་ནི་མིང་གིས་བཏགས་པ་ཙམ་ལས་བདེན་པར་མེད་པས་སོ། །
དེ་བཞིན་མི་ཞེས་པའང་མིའི་ཕུང་བོ་ལྔའི་ཚོགས་པ་ལ་བཏགས་པ་ཡིན་ལ། མི་ཞེས་པ་གང་ཡིན་ཞེས་བཙལ་ན་ཕུང་བོ་རེ་རེའང་མི་མིན་པས་མི་ཞེས་པ་གང་ཞེ་ན། ཕུང་བོ་ལྔའི་ཚོགས་པ་དེར་མིང་གིས་བཏགས་པ་ལས་བདེན་པར་གྲུབ་མེད་ནའང་ང་རང་ཚོའི་བློའི་འཛིན་ཚུལ་ལ་མི་ཞེས་བདེན་པར་ཡོད་ཡོད་དུ་བཟུང་བས་དེའི་དབང་གིས་རང་ཉིད་གཅེས་འཛིན་གྱི་བསམ་པ་སྐྱེས་ཤིང་། དེ་ལས་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་སྐྱེས་ཏེ་འཁོར་བར་འཁོར་བ་ཡིན་ནོ། །
དེའི་ཕྱིར་བདེན་མེད་མ་རྟོགས་ན་འཁོར་བ་ལས་ཐར་མི་ཐུབ་ལ་བློ་ཁ་ཆེར་རྒྱས་པ་ཞིག་གི་བློར་མ་གཏོགས་མི་འཚམ་པས་འཁོར་བྱང་ཆུབ་སེམས་དཔའ་དག་ལ་གསུངས་པ་ཡིན་ཏེ་འཁོར་ལོ་བར་བའི་གསུང་རབ་ནི་ཤེར་ཕྱིན་ཏེ་དེ་ལ་སྐོར་དགུ་རྒྱས་པའི་རྒྱས་པ་ཤེར་ཕྱིན་བམ་པོ་ལྔ་བརྒྱ་དང་། རྒྱས་པའི་འབྲིང་ཤེར་ཕྱིན་བམ་པོ་བཞི་བརྒྱ་བ། རྒྱས་པའི་བསྡུས་པ་ཤེར་ཕྱིན་འབུམ་པ། འབྲིང་གི་རྒྱས་པ་སྟོང་ཕྲག་ཉི་ཤུ་ལྔ་བ། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་བ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་བ། བསྡུས་པའི་རྒྱས་པ་ཤེར་ཕྱིན་བམ་པོ་བཅོ་བརྒྱད་པ། བསྡུས་པའི་འབྲིང་བརྒྱད་སྟོང་པ། བསྡུས་པའི་བསྡུས་པ་མདོ་སྡུད་པ་རྣམས་སོ། །
3.འཁོར་ལོ་མཐའ་མ་ལེགས་ཕྱེའི་ཆོས་འཁོར་ཞེས་པ་ནི་སྟོན་པས་གནས་ཡངས་པ་ཅན་དང་རི་བོ་མ་ལ་ཡ་སོགས་པར་འཁོར་བྱང་ཆུབ་སེམས་དཔའ་མང་བོ་ལ་གསུངས། དེ་ལ་ལེགས་ཕྱེའི་ཆོས་འཁོར་ཟེར་དོན་ཡང་། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་དང་། ཀུན་བཏགས་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་ལེགས་པར་ཕྱེས་ནས་གསུངས་པས་ན་ལེགས་ཕྱེའི་ཆོས་འཁོར་ཟེར། དེ་ཡང་གཞན་དབང་ནི་དངོས་པོ་དེ་རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེས་པས་ན་གཞན་དབང་ཟེར། དངོས་པོ་དེ་དག་ནང་ཤེས་པ་ལ་མ་བརྟེན་པར་ཕྱི་རོལ་ཏུ་གྲུབ་པ་ལ་ཀུན་བཏགས་ཟེར་ཏེ་དངོས་པོ་དེ་དག་ནང་ཤེས་པའི་བག་ཆགས་ཀྱིས་སྣང་སྟེ་དཔེར་ན་ཉ་ལ་ཆུ་སྐྱིད་པའི་འཇིག་རྟེན་དུ་སྣང་བ་དང་། དེ་ལས་དབུགས་ཐུམ་ལ་སོགས་པ་མི་འབྱུང་བ་ནི་ཉའི་བག་ཆགས་ཀྱིས་བསྐྱེད་ཅིང་མི་ལ་དེ་ལས་གསོན་མི་ཐུབ་པ་ནི་མིའི་བག་ཆགས་ཀྱིས་བསྐྱེད། དེ་བཞིན་མེ་རིའི་ནང་དུ་གསོན་པའི་འབུར་མེ་ནི་སྐྱིད་པའི་འཇིག་རྟེན་ཏུ་ཁོའི་བག་ཆགས་ཀྱིས་བསྐྱེད་ལ་དེས་སྲེག་པར་བྱེད་པ་ནི་མི་ལ་སོགས་ པའི་བག་ཆགས་ཀྱིས་བསྐྱེད་དེ་ནང་ཤེས་པའི་བག་ཆགས་ལ་མ་བརྟེན་པར་ཕྱི་རོལ་ཀྱི་ཆོས་མི་འབྱུང་བ་ནི་འཁོར་ལོ་མཐའ་མའི་བརྗོད་བྱ་སྟེ་དེ་ལ་ཕྱི་དོན་དུ་མ་གྲུབ་ཟེར་བས། དངོས་པོ་རེ་རེ་དེ་ལྟར་མ་གྲུབ་པ་ནི་ཡོངས་གྲུབ་ཟེར། དེ་བས་འཁོར་ལོ་མཐའ་མ་འདིར། གཞན་དབང་ཡོངས་གྲུབ་གཉིས་མངོན་སུམ་གྱིས་བདེན་པར་གྲུབ་ཅིང་། ཀུན་བཏགས་ཀྱི་ཆོས་རྣམས་རྟོག་པས་སྒྲོ་བཏགས་པ་སྟེ་སྟོན་པས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེས་ནས་བཤད་པས་ལེགས་ཕྱེའི་ཆོས་འཁོར་ཟེར།
གཉིས་པ། སྡེ་སྣོད་གསུམ།
སྡེ་སྣོད་ཀྱི་སྐད་དོད་ལ་པི་ཊ་ཀ་ཟེར་ཏེ་དེ་ནི་གང་བུ་དང་བྲེ་བོ་ཆེ་ལ་འཇུག་བྲེ་བོ་ཆེའི་ནང་དུ་བྲེ་ཆུང་མང་བོ་འདུས་པ་བཞིན་འདི་དག་གི་ནང་དུ་བརྗོད་བྱ་བསླབ་པ་མང་བོ་འདུས་པས་ན་སྡེ་སྣོད་ཟེར་ཏེ། སྡེ་ཞེས་པ་ནི་ཚོགས་སུ་གྱུར་པ་སྟེ་མང་བོ་ཞིག་འདུས་པ་ཡིན་ཞིང་དེ་ལྟ་བུའི་སྣོད་ཡིན་པས་སྡེ་སྣོད་ཟེར། ནང་བའི་ལུང་གི་ཆོས་ཏེ་གསུང་རབ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས། དེའི་བརྗོད་བྱ་ནི་ལྷག་པའི་བསླབ་པ་གསུམ་སྟེ། སྤྱིར་བསླབ་པ་གསུམ་ནི་ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་གསུམ་ཡིན། དེ་དག་བསླབ་བྱའི་ཡུལ་ཡིན་པས་བསླབ་པ་ཟེར། འདི་ཕྱི་ནང་ཀུན་ལ་ཡོད་པས་དམིགས་ཀྱིས་ལྷག་པའི་བསླབ་པ་གསུམ་ཞེས་བརྗོད་དུས། ཕྱི་རོལ་པ་ལས་ལྷག་པ་སྟེ་སྐྱབས་འགྲོས་ཟིན་པའི་བསླབ་པ་ཡིན་པས་སྡེ་སྣོད་གསུམ་གྱི་བརྗོད་བྱའང་འདི་གསུམ་ཡིན་ནོ། །
1.མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ཏིང་ངེ་འཛིན་ཡིན། ཏིང་ངེ་འཛིན་ཞེས་པ་ནི་རྩེ་གཅིག་པའི་ངང་ཚུལ་ཏེ་དེ་ལྟར་འཛིན་པས་ཏིང་ངེ་འཛིན་ཟེར། སྡེ་སྣོད་འདིས་དངོས་པོ་གཏན་ལ་འབེབས་པས་བྱེད་ལས་ཐར་བ་འཐོབ་པའི་གེགས་ཀྱི་གཙོ་བོ་བདེན་པ་སོགས་ལ་ཐེ་ཚོམ་ཟ་བ་སེལ། བསླབ་པ་གསུམ་གྱི་རང་བཞིན་གཏན་ལ་འབེབས། འདིའི་སྐད་དོད་སུ་ཏྲ་ཞེས་པ་ངེས་ཚིག་བཤད་ན་བཞི་སྟེ་གནས་ཞེས་པས་ཡུལ་དང་གང་ཟག་ལ་སོགས་པ་ཆོས་འབྱུང་བའི་ལྒིང་གཞི། མཚན་ཉིད་སྨོས་པ་ནི་གཞན་དབང་། ཡོངས་གྲུབ། ཀུན་བཏགས་པའི་མཚན་ཉིད་དེ། ངོ་བོ་ཉིད་མེད་པ་གསུམ་སྟོན། ཆོས་སྨོས་པ་ནི་ཕུང་ཁམས་སྐྱེ་མཆེད་ལ་སོགས་སྟོན། དོན་སྨོས་པ་ནི་དགོངས་པ་ཟབ་མོ་སྟོན་པ་སྟེ་ཁྱད་ཆོས་བཞི་ལྡན།
2.མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་གཙོ་བོ་ཤེས་རབ་སྟེ། ཤེས་པ་ཀུན་ལས་མཆོག་ཏུ་གྱུར་པས་ཤེས་རབ་ཟེར་རོ། །འདི་ནི་ཕྱིན་ཅི་ལོག་པའི་ལྟ་བ་ངན་པ་ལ་ཞེན་པའི་གཉེན་པོར་སྟོན་ཏེ། མདོ་སྡེ་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་བདེན་བཞིའི་བླང་དོར་མཐའ་དག་བསྟན་པས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་དང་། ཕུང་བོ་ཁམས་དང་སྐྱེ་མཆེད་རྣམས་ཁྱད་ཆོས་སྣ་ཚོགས་ཀྱི་གསལ་བར་ཡང་ཡང་གཏན་ལ་འབེབས་པ་དང་ཕུང་བོ་ཁམས་སྐྱེ་མཆེད་ཀྱི་རང་སྤྱིའི་མཚན་ཉིད་སོགས་ཕྲ་ཞིབ་ཀྱིས་གཏན་ལ་ཕབ་པས་ཕས་ཀྱི་རྒོལ་བ་མངོན་པར་ཟིལ་གྱིས་གནོན་པ། ཚིག་ཉུང་ལ་དོན་རྒྱས་པས་ཆོས་མངོན་པའི་མདོ་དང་ཡེ་ཤེས་ལ་འཇུག་པ་སོགས་ཀྱི་དོན་ཤེས་བྱའི་རང་སྤྱིའི་མཚན་ཉིད་སོགས་བདེ་བླག་ཏུ་རྟོགས་པ་སོགས་ཁྱད་ཆོས་བཞི་ཡོད། མིང་གཞན་ལ་མ་མོའང་ཟེར།
3.འདུལ་བའི་སྡེ་སྣོད་ནི་སྤྱོད་པ་ཕྱིན་ཅི་ལོག་པ་མཐའ་དག་འདུལ་བའི་གཉེན་པོར་བཞག་སྟེ་དེ་ལ་བརྟེན་ནས་བཀག་པའི་བསླབ་པ་ཉམས་སུ་བླངས་པས་ངལ་ཞིང་དུབ་པའི་མཐའ་སེལ་བ་སྟེ། འདུལ་བའི་སྐད་དོད་པི་ན་ཡ་ཟེར་ཞིང་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་འདུལ་བར་བྱེད་པས་འདུལ་བ་ཟེར། དེ་ལྟ་བུའི་ངོ་བོ་དང་རྒྱུ་གཉེན་པོ་ལྟུང་བ་མེད་པ་བཞི་བཅས་རྟེན་པའི་འདུལ་བ་ཟེར།
གསུམ་པ། གསུང་རབ་ཡན་ལག་བཅུ་གཉིས།
གསུང་རབ་ཡན་ལག་བཅུ་གཉིས་ནི་སྟོན་པའི་གསུང་རབ་ལ་རྗོད་བྱེད་ཚིག་གི་ སྒོ་ནས་དབྱེ་སྟངས་ཏེ་དེ་ནི་ཕྱོགས་གླང་གི་བརྒྱད་སྟོང་འགྲེལ་ཆེན་སྙིང་བོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་ལྒིང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས།
1.མདོ་སྡེ་ནི་ཕན་ཡོན་བཅུ་དང་ལྡན་པར་གཟིགས་ནས་མདོར་བསྡུས་པའམ་རྐྱང་བ་ལྷུག་པར་བརྗོད་པ་ཞིག་ཡིན་ཏེ་ཕན་ཡོན་བཅུ་ནི། (1)རྣམ་པར་གཞག་སླ་བ། (2)བཤད་སླ་བ། (3)གཟུང་སླ་བ། (4)ཆོས་ལ་གུས་པ་སྐྱེ་སླ་བ། (5)ཆོས་ཉིད་ མྱུར་དུ་རྟོགས་པ། (6)སངས་རྒྱས་ལ་ཤེས་ནས་དད་པ། (7)ཆོས་ལ་ཤེས་ནས་དད་པ། (8)དགེ་འདུན་ལ་ཤེས་ནས་དད་པ། (9)མཐོང་བའི་ཆོས་ཏེ་ཚེ་དེ་ལ་བདེ་བ་ མཆོག་ཐོབ་པ། (10)འབེལ་གཏམ་གྱིས་གཏན་ལ་ཕབ་པས་མཁས་པ་རྣམས་མགུ་བ་བཅས་སོ། །
2.དབྱངས་ཀྱིས་བསྙད་པ་ནི་མདོ་སྡེ་དེ་ཉིད་དུ་དབུས་དང་ཐ་མར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པའམ། ཡང་ན་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པ་ཞིག་གོ །
3.ལུང་དུ་བསྟན་པའི་སྡེ་ནི་ཉན་ཐོས་དང་དགེ་བསྙེན་སོགས་གང་དུ་སྐྱེ་བ་དང་ཡང་ན་དྲང་དོན་མ་ཡིན་པར་རྣམ་པར་ཕྱེ་ནས་དགོངས་པ་ལུང་དུ་སྟོན་པ་ཞིག་ལ་ཟེར།
4.ཚིགས་སུ་བཅད་པའི་སྡེ་ནི་དཔེར་ན་དགེ་སློང་འདི་ནི་སྟོན་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པ་ལྟ་བུ་ཚིག་རྐང་གཉིས་ཀྱིས་སྐབས་དོན་རྫོགས་པ་ནས་དྲུག་གི་སྐབས་དོན་རྫོགས་པ་སྟེ་ཚིགས་སུ་བཅད་ནས་གསུངས་བ་ཞིག་ལ་བྱ།
5.ཆེད་དུ་བརྗོད་པའི་སྡེ་ནི་གང་ཟག་གི་མིང་དང་རིགས་དངོས་སུ་མ་བརྗོད་པར་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གང་ཟག་ཁ་ཅིག་གིས་ཆོས་འདི་ལྟ་བུར་སྟོན་པར་འགྱུར་རོ་ཞེས་ཆོས་དེ་ལ་ལྷག་པར་བསྔགས་པ་བརྗོད་པ་ཞིག་གོ ། 6.ལྒིང་གཞིའི་སྡེ་ནི་རྫ་མཁན་གྱི་བུ་ནོར་ཅན་ཞེས་པས་སྡོང་བོ་བརྐུས་པ་ལ་བརྟེན་ནས་མ་བྱིན་ལེན་གྱི་བཅས་པ་མཛད་པ་ལྟ་བུ་ཡིན།
7.རྟོགས་པ་བརྗོད་པའི་སྡེ་ནི། རྒྱལ་བོ་ཚངས་བྱིན་གྱིས་སྔོན་བྱུང་བ་སྟོན་པ་ལྟ་བུ་མ་རྟོགས་པའི་དོན་དཔེ་དང་བཅས་གསལ་བར་སྟོན་པ་ཞིག་གོ །
8.དེ་ལྟ་བུ་བྱུང་གི་སྡེ་ནི་མདོ་སྡེ་ལས་བརྒྱ་ལྟ་བུ་སྟེ་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་རྒྱུ་བ་ལྟ་བུ་སྟོན་པ་ཞིག་གོ །
9.སྐྱེས་རབས་ཀྱི་སྡེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྤྱོད་པ་ངོ་མཚར་བ་དུ་མ་མཛད་ཚུལ་སྟོན་པ་ཞིག་གོ །
10.ཤིན་ཏུ་རྒྱས་པའི་སྡེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་སྟེ་སེམས་ཅན་ལ་ཕན་བདེ་འབྱུང་བའི་གནས་ཡིན་ཞིང་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་སྟོན་པ་རྒྱས་པ་དང་། མཐུ་རྒྱ་ཆེ་བ་སྟོན་པ་རྒྱ་ཆེ་བ། བདག་མེད་སྟོན་པས་ཟབ་པ་སྟོན་པའི་སྡེ་སྣོད་ཡིན་ནོ། །
ཡང་དེས་སྒྲིབ་པ་མཐའ་དག་འཇོམས་པའི་ཐབས་རྒྱས་པར་སྟོན་པའི་རྣམ་པར་འཐག་པ་དང་། བརྗོད་བྱའི་ངོས་ནས་ཁྱོད་དང་འདྲ་བའམ་ལྷག་པ་མེད་པས་མཚུངས་བྲལ་ཅེས་ཀྱང་བྱའོ། །
11.རྨད་དུ་བྱུང་བའི་སྡེ་ནི་ཉན་ཐོས་དང་བྱང་སེམས། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་ཚུལ་བཤད་པ་ཞིག་གོ །
12.གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་རྒྱས་པར་སྟོན་པ་ཞིག་གོ ། གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་འདུ་སྟེ་འདུ་ཚུལ་ལ་ཀུན་བཏུས་ལྟར་ན་དང་བོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་དེ་ནས་ལྒིང་གཞི་ལ་སོགས་བཞི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བའི་སྡེ་གཉིས་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད། གཏན་ལ་ཕབ་པའི་སྡེ་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་ཡིན་གསུངས། ཉན་ས་ལྟར་ན་མདོ་སྡེ་ནས་ཆེད་དུ་བརྗོད་པ་བར་ལྔ་དང་རྟོགས་བརྗོད་ནས་རྨད་བྱུང་བར་བཅུ་མདོ་སྡེའི་སྡེ་སྣོད། གླེང་གཞི་འདུལ་བའི་སྡེ་སྣོད། གཏན་ལ་དབབ་པ་མངོན་པའི་སྡེ་སྣོད་དུ་བཤད་དོ། །བཞི་བ། བཀའ་ལ་བདག་རྐྱེན་གྱི་དབྱེ་ཚུལ།
བདག་རྐྱེན་ཏེ་རྒྱུ་བྱེད་ཚུལ་གྱིས་དབྱེ་ན། བཀའ་ལ་ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་སྟེ་གསུམ་ཡོད་དོ། །
1.ཞལ་ནས་གསུངས་པའི་བཀའ་ནི་གསུང་རབ་དེ་མགོ་མཇུག་བར་གསུམ་དུ་སྟོན་པའི་ཞལ་ནས་དངོས་སུ་གསུངས་པ་ཞིག་སྟེ་དཔེར་ན་མདོ་སྡུད་པ་ལྟ་བུ།
2.བྱིན་གྱིས་བརླབས་པའི་བཀའ་ནི་སྟོན་པས་དངོས་སུ་གསུངས་པ་མིན་པར་གཞན་གྱིས་གསུངས་པ་ལ་སྟོན་པས་གཟི་བྱིན་གྱིས་བཀར་བསྒྱུར་པ་ལ་ཟེར། དེ་ལ་གསུམ། སྐུས་བྱིན་གྱིས་བརླབས་པ་ནི་ས་བཅུ་བའི་མདོ་ལྟ་བུ། གསུང་གིས་བྱིན་གྱིས་བརླབས་པ་ནི་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། གསུམ་པ་ལ་གསུམ་ལས། ཐུགས་རྗེས་བྱིན་གྱིས་བརླབས་པ་ནི་ཤེས་རབ་སྙིང་བོ་ལྟ་བུ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ནི་ལྷ་ཀླུ་དང་གནོན་སྦྱིན་སོགས་ཀྱིས་རང་རང་གི་སྔགས་སྨྲས་པ་སངས་རྒྱས་ཀྱིས་བྱིན་བརླབས་ལྟ་བུ། ཐུགས་བདེན་པས་བྱིན་གྱིས་བརླབས་པ་ནི་སངས་རྒྱས་ཀྱི་མཐུས། རི་དང་། ཤིང་དང་། ནམ་མཁའ། འོད་ཟེར། རོལ་མོ་ལས་ཆོས་ཀྱི་སྒྲ་བྱུང་བ་ལྟ་བུའོ། །
3.རྗེས་སུ་གནང་བའི་བཀའ་ནི་ལྒིང་གཞི་དང་། མཚམས་སྦྱོར། རྗེས་སུ་ཡི་རངས་རྣམས་ཏེ་ཆོས་ཡང་དག་པར་སྡུད་པ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ། །ཞེས་འབྲེལ་དང་གོ་རིམ་དག་ཀྱང་བསྟན་པར་བྱའོ། །ཞེས་རྗེས་སུ་གནང་བའི་ཕྱིར་རོ། །ལྔ་བ། གདུལ་བྱའི་སྒོ་ནས་དབྱེ་བ།
སྟོན་པའི་གསུང་རབ་ཇི་སྙེད་ཅིག་བཞུགས་པ་མཐའ་དག་གདུལ་བྱའི་སླད་དུ་མ་གསུངས་པ་ཤིག་མི་སྲིད། དེ་བས་འདུལ་བྱ་ལ་བློ་ཁ་ཆེ་ཆུང་གི་ཐེག་དམན་དང་ཐེག་ཆེན་གྱི་སྡེ་སྣོད་གཉིས་འབྱུང་། ཐེག་པ་ཞེས་པ་ནི་ལམ་གྱི་རྟོགས་པའི་མིང་། རང་དོན་དུ་ཐར་བ་གཙོ་བོར་དོན་དུ་གཉེར་བའི་ཉན་རང་ནི་བློ་རྒྱ་ཆུང་བས་ཐེག་དམན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་ནི་བློ་རྒྱ་ཆེ་བས་ཐེག་ཆེན་ཞེས་བརྗོད་པས། སྔ་མའི་ཆེད་དུ་གསུངས་པའི་འཁོར་ལོ་དང་བོ་ལྟ་བུ་ལ་ཉན་ཐོས་སམ་ཐེག་དམན་གྱི་སྡེ་སྣོད་དང་། ཕྱི་མའི་ཆེད་དུ་བཀའ་བསྩལ་བའི་སྡེ་སྣོད་འཁོར་ལོ་བར་མཐའ་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་འམ་ཐེག་ཆེན་གྱི་སྡེ་སྣོད་ཟེར།
ཐེག་ཆེན་གྱི་སྡེ་སྣོད་ལ་དབྱེ་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བརྗོད་བྱར་བྱེད་པའི་མདོ་དང་འབྲས་བུ་རྡོ་རྗེའི་ཐེག་པ་བརྗོད་བྱར་བྱེད་པའི་སྔགས་ཞེས་པ་གཉིས་ཡོད་ལ་རྒྱུ་ཕར་ཕྱིན་ཐེག་པ་ནི་སེམས་བསྐྱེད་དང་སྙིང་རྗེ། ཡང་དག་པའི་ལྟ་བ། ཕར་ཕྱིན་དྲུག་སོགས་བྱང་ཆུབ་སེམས་དཔའི་ལམ་སོགས་བཤད་པའི་སྡེ་སྣོད་ཡིན་ལ་དེ་དག་འབྲས་བུ་རྡོ་རྗེའི་ཐེག་པའི་རྒྱུ་ལྟ་བུ་ཡིན། འབྲས་བུ་རྡོ་རྗེའི་ཐེག་པ་ནི་འབྲས་བུའི་གནས་སྐབས་ཀྱི་གནས་ལུས་ལོངས་སྤྱོད། མཛད་པ་སྟེ་ཡོངས་དག་བཞི་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ཉིད་ནས་སྒོམ་ཞིང་བགྲོད་པའི་ཕྱིར་སྔགས་ཀྱི་ཐེག་པ་ཟེར། སྣོད་མིན་ལ་གསང་ཞིང་སྦས་དགོས་པས་ན་གསང་སྔགས་དང་། ཐབས་ཤེས་དབྱེར་ མེད་པར་སྦྱོར་བ་རྡོ་རྗེའི་སེམས་དཔའི་རྣལ་འབྱོར་ཡིན་པས་རྡོ་རྗེའི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པ་ལས་ཐབས་མཁས་པའི་ཁྱད་པར་དུ་འཕགས་པས་ན་ཐབས་ཀྱི་ཐེག་པ་ཟེར། དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་རྒྱུད་སྡེ་དང་རིག་འཛིན་གྱི་སྡེ་སྣོད་ ཅེས་བྱ་སྟེ་བརྗོད་བྱ་མུ་རུ་འབྲེལ་བས་ན་རྒྱུད་དང་། རིག་སྔགས་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་པའི་མཐའ་སྟོན་པའི་ཕྱིར་རིག་པ་འཛིན་པའི་སྡེ་སྣོད་དོ། །དྲུག་པ། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་།
སྟོན་པས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་བཞེད་ཅིང་། དེ་ནི་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་དུ་སྤྱོད་པ་ཉི་ཁྲི་ཆིག་སྟོང་བཅས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལས་དེ་རེ་རེ་སྟེ་སྤྱོད་པ་སྣ་རེའི་གཉེན་པོ་རྫོགས་པར་སྟོན་པའི་གཞུང་གི་ཚོགས་ལ་ཆོས་ཀྱི་ཕུང་བོ་ཞེས་བྱ་སྟེ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་བོ་མཐུན་པར་གསུངས། །ཞེས་གསུངས། འོ་ན་ཆོས་ཀྱི་ཕུང་བོ་དེ་མང་བོ་ཞིག་ཡོད་ན་ཅིའི་ཕྱིར་འཛམ་གླིང་དུ་མི་སྣང་ཞེ་ན་ལྷ་དང་ཀླུ་ཡི་འཇིག་རྟེན་སོགས་འཇིག་རྟེན་ཁམས་གཞན་དང་གཞན་ན་ཡོད་པར་བཞེད་དོ། །
འབྲེལ་ཡོད་འོས་སྦྱོར།