logo

བོད་དུ་གསུང་རྟེན་ཐོག་མར་བྱུང་ཚུལ།

རྩོམ་པ་པོ།:ཡེ་ཤེས་དབང་ཕྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-10 ཀློག་གྲངས།:
     སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་གསུངས་པ་ལྟར། སེམས་ཅན་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་ཡིན་ཞིང་། དེ་ཡང་།  བླང་དོར་ཕྱིན་ཅི་མ་ལོག་པར་བསྟན་ནས།  གདུལ་བྱ་རྣམས་ཀྱིས་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་ན་གྲོལ་བར་འགྱུར་བའི་ཕྱིར། དེས་ན།  བསྟན་པ་གཉིས་ཀྱི་ནང་ནས་ཀྱང་ཐོག་མར་ལུང་གི་བསྟན་པ་བྱུང་ཞིང་། དེ་ལས་རྟོགས་པའི་བསྟན་པ་བྱུང་བ་ཡིན་པ་དེ་བཞིན་དུ། བོད་ཁ་བ་ཅན་དུ་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་ལ་གསུང་ཐོག་མར་བྱུང་བ་ཡིན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལས་ཀྱང་། སངས་རྒྱས་ཀྱི་སྐུ་ལས།   སངས་རྒྱས་ཀྱི་གསུང་གལ་ཆེ་བར་གསུངས་པ་དང་།   ཤེར་ཕྱིན་ཚིག་བཅད་གཅིག་བྲིས་ན།  སངས་རྒྱས་འབུམ་ཕྲག་ལ་མཆོད་བསྟོད་བྱས་པའི་ཕན་ཡོན་ལས་ལྷག་པར་གསུངས་སོ། ཁ་བ་ཅན་དུ་གསུང་ཇི་ལྟར་བྱུང་ཚུལ་ནི།  རྒྱལ་རབས་ཐམས་ཅད་ལས་གསུངས་པ་ལྟར། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ།  ཕོ་བྲང་ཡུམ་བུ་བླ་མཁར་ཡང་རྩེ་ལ།   གསེར་ཤོག་ངོས་ལ་བེེཌཱུརྱ་བྲིས་པའི་སྤང་སྐོང་ཕྱག་བརྒྱ་པ་དང་།   མདོ་སྡེ་ཟ་མ་ཏོགགསེར་གྱི་མཆོད་རྟེན་ཁྲུ་གང་བ་མུ་དྲའི་ཕྱག་རྒྱ།   ཙིནྡྲ་མ་ཎིའི་རྐོས་ཕོར་བཅས་བྱུང་། 
     རྒྱལ་པོས་ནང་དོན་མ་མཁྱེན་ཡང་ངོ་མཚར་ཅན་དུ་བརྩིས་ནས་གསེར་སྐྱེམས་གཡུ་སྔོན་གྱིས་མཆོད་པས་བཀྲ་ཤིས་པ་མང་པོ་བྱུང་། མི་རབས་ལྔ་ནས་དེའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན། རྒྱལ་བོ་གཞོན་ཤ་ཅན་དུ་གྱུར་དགུང་ལོ་བརྒྱ་དང་དྲུག་ཅུ་ཐུབ། རྟེན་དེ་རྣམས་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ཏེ་ད་ལྟའི་བར་དུའང་གྲགས་སོ། དེའི་ནང་ཙིནྡྲ་མ་ཎིའི་རྐོས་ཕོར་ཞེས་པ།   སྤྱན་རས་གཟིགས་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུགས་ཀྱི་རྐོས་ཕོར་དང་། མུ་དྲའི་ཕྱག་རྒྱ་ནི། ནོར་བུའི་རིགས་ཀྱི་རྡོ་ཁྲུ་གང་ཚད་ཅིག་ལ་ཡིག་དྲུག་རང་བྱུང་ཡོད་པ་ཞིག་ཡིན། གཡུའི་མཆོད་རྟེན་བང་རིམ་བཞི་པ་ཞིག་ཀྱང་བྱུང་བར་བཤད། མདོ་ལ་སྔ་བ་ཟ་མ་ཏོག་དང་། གཟུངས་ལ་སྔ་བ་སྙིང་པོ་ཡི་གེ་དྲུག་པ་ཞེས་གྲགས། ད་ལྟར་ཞོལ་པར་ཁང་གི་བཀའ་འགྱུར་ཀར་ཆག་ལྟར། མདོ་མང་།  ཇ་པ་ནང་མདོ་སྡེ་ཟ་མ་ཏོག་དང་། མདོ་མང་། ཟ་པ་ནང་སྤང་སྐོང་ཕྱག་བརྒྱ་པ་བཞུགས། ལོ་ཙཱ་བ་ཐོན་མི་སམྦྷོཊས་རྒྱ་གར་ནས་བོད་དུ་ཕེབས་རྗེས་ཡི་གེ་བསྒྱུར་བའི་ཐོག་མ་དེ་གཉིས་ཡིན། མདོ་སྡེ་ཟ་མ་ཏོག་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས།   རིགས་དྲུག་སྡུག་བསྔལ་ལས་བསྒྲལ་བར་མཛད་ཚུལ། བོད་ཁ་བ་ཅན་བདག་གིར་མཛད་ཚུལ། དམར་པོའི་རི་ལ་བཞུགས་ནས། འོ་ཐང་གི་མཚོར་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་ཚུལ། རྟའི་རྒྱལ་པོར་སྤྲུལ་ནས་ཚོངས་པ་ལྔ་བརྒྱ་སྲིན་པོའི་འཇིགས་པ་ལས་ཐར་བར་མཛད་ཚུལ། སྤྲེའུ་སྤྲུལ་ནས་བོད་མི་སྤེལ་ཚུལ་སོགས་སྤྱན་རས་གཟིགས་ཀྱི་རྟོགས་བརྗོད་ཡོད། མུ་དྲའི་ཕྱག་རྒྱ་ཞེས་པ་སྙིང་པོ་ཡིག་དྲུག་ནི་བོད་མི་རྣམས་ཀྱི་ཆོས་སྐལ་ཡིན་སྟབས། བྱིས་པ་ཆུང་ངུ་ནས་སློབ་མི་དགོས་པར་འདོན་ཤེས་ཞེས་གྲགས་པ་མ་ཟད། རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང་། ཕར་ཕྱིན་དྲུག་ཐོབ་པ་སོགས་ཀྱི་ཕན་ཡོན་དང་ལྡན་ཏེ། ཟ་མ་ཏོག་བཀོད་པ་ལས། མཐའ་འཁོབ་ཁ་བ་ཅན་གྱིས་ཡུལ་ཁམས་དེར། ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ།   ཡི་དམ་ཁྱོད་ལ་བརྟེན་ནས་མ་འོངས་དུས། ཡུལ་དེར་སངས་རྒྱས་བྱང་སེམས་དཔག་མེད་འབྱུང་། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། ཆོས་སྐལ་སྙིང་པོ་ཡིག་དྲུག་འདི་ཡིན་ཏེ། སྙིང་པོ་འདི་ལ་བརྟེན་ནས་མ་འོངས་དུས། ཤཱཀྱའི་རྒྱལ་པོའི་གསུང་རབ་དམ་ཆོས་ཀུན། ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར། ༀ་མ་ཎི་པདྨེ༌ཧཱུཾ། གཟུགས་སྔགས་རྒྱལ་པོ་ཡིག་དྲུག་འདི། སངས་རྒྱས་ཀུན་གྱི་དགོངས་པའི་མཆོག་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན། ཆོས་ཕུང་རྒྱལ་ཁྲི་བཞི་སྟོང་པོ། གཅིག་ཏུ་བསྡུས་པའི་སྙིང་པོ་ཡིན།ཞེས་སོགས་ཕན་ཡོན་མཐའ་ལས་འདས་པ་གསུངས་སོ། སྤང་སྐོང་ཕྱག་བརྒྱ་པ་ལས། སངས་རྒྱས་བྱང་སེམས་མང་པོའི་མཚན་བརྗོད་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་སོགས་ཀྱི་བརྗོད་བྱ་ལྡན།   ཡིག་རྙིང་ལས་དཔང་ཀོང་ཕྱག་རྒྱ་ཞེས་པའང་གསལ། དེ་ལྟར།  བོད་དུ་བསྟན་པ་དབུ་བརྙེས་ཞེས་པའང་ཆོས་དཔེ་དེ་དག་བྱུང་བ་ལ་བཤད། རྒྱ་དཔེ་བསྒྱུར་བའི་ཐོག་མར་ཡང་། དེ་དག་བསྒྱུར་བ་ཡིན་པས། བོད་ཀྱི་ཆོས་སྐལ་སྔ་ཤོས་དེ་དག་ཡིན་པ་ནི་ཀུན་གྱིས་ཤེས་པར་ནུས། མ་ཡིག་གཉན་པོ་གསང་བ་ནི།   ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མཆོད་རྟེན་ཆེན་པོའི་གཟུངས་སུ་བཞུགས་སུ་གསོལ་བར་བསམ་ཡས་དཀར་ཆག་ཏུ་གསལ། མདོ་སྡེ་རྒྱན་ལས། དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། ཚུལ་བཞིན་ཡིད་ལ་བྱས་པར་བརྟེན་ནས་ཡང་དག་དོན་རྟོགས་ཡེ་ཤེས་འབྱུང་། ཞེས་དང་།  མཛོད་ལས་ཚུལ་གནས་ཐོས་དང་བསམ་ལྡན་པས།  བསྒོམ་པ་ལ་ནི་རབ་ཏུ་སྦྱོར།   ཞེས་གསུངས་པ་ལྟར།   རྒྱལ་བའི་གསུང་རབ་ལ་ཐོས་པས་མི་ངོམ་པར་བྱས་ནས། ཇི་ལྟར་ཐོས་པའི་དོན་རྣམས་བསམ་བྱུང་གིས་ཞིབ་ཏུ་དཔྱད་དེ། སྒོམ་པས་ཉམས་སུ་བླང་བར་བྱའི། ཐོས་བསམ་དང་། ཉམས་ལེན་གྱི་གཞུང་ཁ་བྲལ་བ་ནི་རྒྱལ་བའི་གསུང་རབ་ལ་མ་གུས་པར་འགྱུར་པས། དེ་ལྟར་མི་བྱ་བར་རྒྱལ་བའི་གསུང་རབ་ལས་ལྷག་པའི་ཉམས་ལེན་གྱི་གཞུང་མེད་པར་ཡིད་ཆེས་ནས་གསུང་རབ་ལ་གུས་པར་བྱ་བ་ལ་འབད་པར་འཚལ་ལོ།།


འབྲེལ་ཡོད་འོས་སྦྱོར།