logo

བལ་བོའི་སྲས་མོའི་ལག་ནས་ཤོར་བའི་ལྷ་ཁང་།

རྩོམ་པ་པོ།:《ལྷ་འདྲེའི་སྲེད་པས་བདག་གིར་བྱས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-29 ཀློག་གྲངས།:

བལ་བོའི་སྲས་མོའི་ལག་ནས་ཤོར་བའི་ལྷ་ཁང་།
—གཙུག་ལག་ཁང་།

        ལྷ་སའི་ཇོ་བོ་ནང་བསྟན་གྱི་ལོ་རྒྱུས་སྟེང་རིན་ཐང་ཆེས་ཆེ་བ་ཞིག་དང་། སྟོན་པ་ཤཱཀྱ་ཐུབ་པ་དངོས་ཀྱིས་རབ་གནས་བྱས་པའི་སྐུ་ཁྱད་པར་ཅན་ཞིག་ཡིན། ལྷག་པར་སྲོང་བཙན་གྱིས་རིག་གནས་ཀྱི་ཆེད་དུ་རྒྱ་བཟའ་བསུ་ཞིང་། རྒྱ་བཟས་ཞི་བདེའི་ཆེད་དུ་བོད་ལ་གདན་དྲངས་པ་ཞིག་ཀྱང་ཡིན། སྐུའི་འདི་མདུན་དང་རྒྱབ་ཏུ་ཐང་བོད་རྒྱལ་བོ་གཉིས་ཀྱི་རེ་བ་ཆེན་པོ་ཞིག་ཡོད། ད་དུང་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་དང་བལ་བཟས་རྟེན་དུ་བསྣམས་ཕེབས་པའི་བྱམས་པ་ཆོས་འཁོར་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཏིལ་གྱིས་གང་བུ་ལྟར་བཞུགས།
        བོད་ཀྱི་ཆོས་འབྱུང་ཁག་ཏུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལྷའི་བཟོ་བོ་བི་ཤ་ཀརྨས་བཞེངས་ཤིང་། རྒྱ་གར་ལ་ལོ་མང་བཞུགས་རྗེས་ཀླུ་ཡུལ་དུ་གདན་དྲངས་ནས་ལོ་མང་བོར་བཞུགས། རྗེས་སུ་སླར་ཡང་རྒྱ་གར་དུ་གདན་དྲངས་ནས་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་ལོ་མང་བཞུགས། ཕྱིས་རྒྱ་གར་རྒྱལ་བོས་རྒྱ་ནག་གོང་མར་རྟེན་སྐལ་ཏུ་གནང་། རྒྱ་བཟའ་བོད་དུ་ཕེབས་སྐབས་ཐང་གོང་མས་སྲས་མོ་བོད་དུ་ཕེབས་པའི་རྟེན་སྐལ་དུ་གནང་། ལམ་ནས་དཀའ་བ་དུ་མ་སྤྱད་ནས་ཤིང་རྟས་བོད་དུ་གདན་དྲངས། དེ་ནི་ད་ལྟ་འཛམ་གླིང་དུ་རིན་ཐང་གཞལ་དུ་མེད་པའི་སྟོན་པའི་སྐུ་ཞིག་རེད།
        ད་ལྟ་ཆོལ་ཁ་གསུམ་པོས་ལྷ་ས་ཞེས་རེ་བ་བཅང་ས་ཞིག་ཡོད་པའང་འདི་དང་པོ་ཏ་ལ་གཉིས་ཡིན། སྐུ་འདི་སྔོན་ཆད་རྒྱ་བཟས་བཞེངས་པའི་ར་མོ་ཆེར་བཞུགས་ན་ཡང་། ད་ལྟ་བལ་བཟས་བཞེངས་པའི་གཙུག་ལག་ཁང་གི་ནང་དུ་ཡོད་པས་རེ་ཞིག་མགོ་བོ་འཐོམ་པར་བྱེད་དོ། །
        བལ་བོའི་སྲས་མོ་འདི་སྲོང་བཙན་གྱིས་རྒྱལ་ཁབ་གཞན་ནས་བསུས་པའི་བཙུན་མོ་གཉིས་ཀྱི་གཅིག་སྟེ་བཙུན་མོ་འདི་བོད་ལ་བསུ་བ་ལ་བརྟེན་ནས་བོད་ཀྱི་བཟོ་རིག་པ་ལ་བྱས་རྗེས་ཆེན་པོ་བཞག་ཅིང་། རྒྱ་གར་བས་རིག་གནས་བོད་དུ་གདན་འདྲེན་པ་ལ་བྱས་རྗེས་ཤིན་ཏུ་ཆེ། མོ་བོད་དུ་ཕེབས་རྗེས་བོད་ཀྱི་སྐད་དང་ཡི་གེ་ལ་སྦྱངས་ནས་ལོ་ཙཱ་བ་བྱས་ཤིང་རྒྱ་གར་ནས་རིག་གནས་བོད་དུ་འདྲེན་པའི་སྦྱིན་བདག་དང་དབུ་ཁྲིད་བྱས་པ་རེད།
        ཁོང་ལ་རྒྱ་བཟའ་ལྟ་བུའི་དགའ་ཞིང་སྐྱོ་བའི་གཏམ་རྒྱུད་དེ་འདྲ་མེད་ཅིང་། ཞི་དུལ་བག་ཡོད་ཀྱི་སྤྱོད་པས་བོད་མིས་དང་བ་འདྲེན་པར་བྱས་ཡོད། བུད་མེད་ཅིག་གི་ངོས་ནས་བལྟས་ན་བུད་མེད་རྒོད་པོ་ཞིག་མ་ཡིན་པར་མཛངས་མ་ཞིག་རེད། མོ་ནི་པོ་ཏ་ལའི་རྨང་འདིང་མཁན་ཡིན་ལ་བོད་ཀྱི་ཨར་ལས་ལོ་རྒྱུས་སུ་ངེས་པར་ལྒིང་དགོས་པའི་བུད་མེད་བཀའ་དྲིན་ཅན་ཞིག་ཀྱང་རེད། མོས་ལྷ་ལྡན་གཙུག་ལག་ཁང་བཞེངས་པ་འདིས་བོད་ཀྱི་ཆོས་སྲིད་རིག་གནས་ལ་དགེ་མཚན་མི་དམན་པ་ཞིག་བྱུང་།
        དེ་བས་ང་ཚོས་གཙུག་ལག་ཁང་འདི་གང་འདྲ་ཞིག་ཡིན་པར་བལྟ་བར་བྱ། སྔོན་ཆད་འདི་རུ་འོ་ཐང་ཞེས་པའི་མཚོ་ཞིག་ཡོད། དེའི་སྟེང་དུ་འུན་ཤིང་ཀོང་ཇོས་སྤོར་ཐང་རྩིས་བྱས་པ་བཞིན་བལ་བཟས་བཞེངས། ངས་བསམ་ན་རྒྱ་བཟས་དེ་ལྟར་རྩིས་བྱས་པ་ཡང་བལ་བོའི་ལག་རྩལ་པར་ཚོད་བགམ་བྱས་པ་ཞིག་དང་བལ་བཟས་ཀྱང་དེ་ལྟར་བཞེངས་པ་ཡང་བལ་བོའི་ལ་རྒྱ་བསམ་པ་ཞིག་ཡིན་སྲིད།
        གཙུག་ལག་ཁང་འདི་བཞེངས་དུས་ཀོང་ཇོས་རྩིས་བྱས་ནས་བོད་སྲིན་མོ་ཀན་རྐྱལ་དུ་ཉལ་བའི་སྲིན་མོའི་དཔུང་པ་གཡས་པར་དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་དང་། སྲིན་མོའི་དཔུང་པ་གཡོན་མ་གནོན་ཆེད་གཡོན་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡས་པ་གནོན་ཆེད་གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་བཞེངས། སྲིན་མོའི་དཔྱི་མགོ་གཡོན་མ་གནོན་ཆེད་རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་བཞེངས། ལྷ་ས་གཙུག་ལག་ཁང་དེ་སྲིན་མོའི་སྙིང་དབུས་སུ་གནས། ལྷ་སའི་ཕྱོགས་བཞིར་མཐའ་འདུལ་དུ་རིགས་གསུམ་མགོན་པོའི་ལྷ་ཁང་བཞེངས་ཏེ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་བོ་བཞེངས་པ་དེ་ལས་བལྟས་ན་གཙུག་ལག་ཁང་འདི་ནི་སངས་རྒྱས་ཀྱི་བསྟན་པ་བོད་དུ་ཚུགས་པའི་གཞི་མར་ངེས་ལ་འདི་བཞེངས་དུས་བར་ཆད་དང་དཀའ་བ་དུ་མར་འཕྲད་ཡོད་པའང་ཤུགས་ཀྱིས་ཤེས།
        ར་མ་དཀར་མོར་ས་བཀལ་ནས་མཚོ་བསྙམས་ཏེ་གཙུག་ལག་ཁང་བཞེངས་ཏེ་ནུབ་ཕྱོགས་བལ་བོའི་ཕྱོགས་སུ་གཏད། ད་ལྟ་ཇོ་བོ་བཞུགས་པའི་གཙང་ཁང་ལྟེ་བ་དང་། ཕྱོགས་བཞིར་ལྷ་ཁང་བརྒྱད་བཞེངས། སྲོང་བཙན་སྒྲུབ་ཕུག་ཏུ་བལ་བཟའ་ཁྲི་བཙུན་བསུ་བའི་ལོ་རྒྱུས་བྲིས་ཤིང་སྒོ་མོར་བལ་བོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ།
        མི་ལོ་ཆིག་སྟོང་སུམ་བརྒྱའི་རིང་ཉམས་གསོ་ཐེངས་མང་བྱས་པས། ད་ལྟའི་གཙུག་ལག་ཁང་ནི་བཞི་ཐོག་རྩེ་མོར་གསེར་གྱི་རྒྱ་ཕིབས་སོགས་ཀྱིས་མཛེས་པར་སྤུད་པའི་ཡིད་དུ་འོང་བར་གྲུབ། ད་དུང་དགེ་འདུན་ཁྲི་ཕྲག་བཞུགས་སའི་ཁྱམས་ར་ཆེ་མོ། གཙུག་ལག་ཁང་གི་འཁོར་དུ་མ་ཎི་ལག་འཁོར་དང་། གཞུང་སྒོ་ནུབ་ཏུ་བསྟན་ཅིང་ཤར་དང་ལྷོ་སོ་སོར་སྒོ་ཆེན་རེ་རེ་ཤར་ལྷོ་བྱང་བཅས་པར་གསང་སྒོའི་སྒོ་ཆུང་རེ་ཡང་ཡོད། གཙུག་ལག་ཁང་གི་འདབ་སྦྱར་དུ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཆུང་དང་། ཤར་ལྷོར་སྔར་གྱི་ལས་ཁུངས་བཞི་ཡོད་པ་སྟེ། ཤར་དུ་ཞི་བ་མཐུན་སྒྱུར་གྱི་ལས་ཐབས་སུ་རྩིས་ཁང་ཕུན་ཚོགས་བཀོད་པའི་ལས་ཁུངས་དང་། ལྷོར་རྒྱལ་ཐབས་ཆབ་སྲིད་ཀྱི་ལས་ཁུངས་བཀའ་ཤག ནུབ་ཏུ་འདོད་རྒུ་དཔལ་འབྱོར་གྱི་ལས་ཁུངས་བླ་བྲང་འཕྲལ་བདེ། བྱང་དུ་དྲག་པོ་ཁྲིམས་ཀྱི་ལས་ཁུངས་བཤེར་ཁང་སོགས་ཡོད།
        དུས་རབས་བརྒྱད་པའི་མཇུག་ལ་བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་བསྟན་པ་ལ་བཀུར་བཟོ་ཆེན་པོ་མཛད། སྔར་ཡབ་མེས་ལྷ་ཁང་རྣམས་ཉམས་གསོ་དང་བཅས་མཛད། བསྟན་ལ་མི་དགའ་བའི་བློན་པོ་དག་གིས་བཙུན་མོ་དཔལ་གྱི་ངང་ཚུལ་མ་དང་བློན་པོ་ཆེན་པོ་བྲན་ཀ་དཔལ་ཡོན་གཉིས་ལྐོག་འབྲེལ་བྱུང་བའི་ལྒིང་གཞི་བཟོས་ནས་བཙུན་མོ་ངང་ཚུལ་མ་གཙུག་ལག་ཁང་གི་ཡང་ཐོག་ནས་མཆོངས་ཏེ་ལྕེབས། བློན་བྲན་ཀ་དཔལ་ཡོན་བྲོས་ཀྱང་མ་ཐར་བར་བསད་ཅིང་རྒྱལ་བོ་ཞལ་ལྟག་པར་གཅུས་ཏེ་བཀྲོངས། སྲིད་དབང་གླང་དར་གྱིས་བཟུང་དུས་སད་དང་ནད་ཡམས་བྱུང་བས་ཆོས་བྱས་པ་བཀྲ་མ་ཤིས་ཟེར་བསྙད་བཏགས་ནས་ཆོས་བསྣུབས། གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་གཉིས་ལ་བཤས་ར་བྱས་པ་སོགས་ཀྱིས་རྒྱལ་བོ་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་འཕངས་ནས་གཙུག་ལག་ཁང་གི་མདུན་དུ་བཀྲོངས། དེར་བལྟས་ན་སྐབས་དེར་གཙུག་ལག་ཁང་འདི་ནི་རྒྱལ་བོའི་རྒྱལ་ས་ལྟ་བུར་བྱས་ཡོད་པ་འདྲ།
        1076ལོའི་ཡས་མས་སུ་མངའ་རིས་ཟངས་དཀར་གྱི་སྒྲ་སྒྱུར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་གཙུག་ལག་ཁང་དེར་ཉམས་གསོ་བྱས། མངའ་རིས་གུ་གེའི་རྒྱལ་བོ་རིའུ་སྨལ་གྱིས་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་ལྷ་ཁང་གི་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བསྐྲུན། རྗེ་སྒམ་པོ་ཚུལ་ཁྲིམས་སྙིང་བོས1169ལོར་ཁྱམས་ར་བར་བསྐོར་པ་སོགས་ཀྱི་ཐོག་རྩིག་པ་རི་མོ་སོགས་ཞིག་གསོ་གནང་བར་འཁོད། 1175ལོར་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་བདག་གཉེར་དང་གཙུག་ལག་ཁང་གཉིས་སུ་དཀོན་གཉེར་མངགས་གཏོང་མཛད། ཚལ་བ་ཁྲི་དཔོན་རིམ་ཅན་གྱིས་གཙུག་ལག་ཁང་ཉམས་གསོ་དང་ལྷག་པར་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་བོད་ཀྱི་སྡེ་སྲིད་ཕག་མོ་གྲུ་བར་ཞུ་སྐུལ་གྱིས་གཙུག་ལག་ཁང་དེར་ཉམས་གསོ་རྒྱ་ཆེན་པོ་གནང་ཞིང་། 1409ལོར་ཤཱཀྱ་མུ་ནེར་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་གྱི་པྲོག་ཞུ་ཕུལ་ནས་ལོངས་སྐུའི་ཆ་བྱད་དུ་བསྒྱུར། ལོ་དེ་རང་གི་བོད་ཟླ་དང་བོར་ལྷ་སའི་སྨོན་ལམ་ཆེན་པོ་འཚོགས་པའི་སྲོལ་བཏོད་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེན་པོར་སྤེལ།
        རྒྱལ་དབང་ལྔ་བས་ཀྱང་སྤྱི་ལོ1642ནས1649ལོའི་བར་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ་དང་། གཞུང་སྒོ་ཕྱི་མའི་སྒོ་འཕྱོར་སོགས་རྒྱས་པར་བསྐྲུན། རྗེས་སུ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་དང་། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།  རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གསུམ་པ་བཅས་ཀྱིས་གང་ས་ཅི་ཐད་ནས་ཉམས་གསོ་གནང་།
        ད་ལྟ་གཙུག་ལག་ཁང་འདི་ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བརྗིད་ཆགས་ཤིང་གསེར་འོད་ཆེམ་མེར་གནས་ཡོད་ཅིང་། རྒྱུན་ཏུ་ཕྱག་འབུལ་མཁན་དང་མཆོད་མེ་སྒྲོན་པ། ལྷ་བསང་གཏོང་བ། མཇལ་བ་ལྟ་སྐོར་བ། ཞིབ་འཇུག་པ་སོགས་ཀྱིས་གང་ཡོད། ལྷག་པར་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱིས་སེམས་ཀྱི་གཏད་ས་དང་བློ་ཡི་རེ་ས་ཡང་འདི་ཉིད་དུ་གྲུབ་ཅིང་སེམས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་བར་བྱེད་པའི་གསེར་གྱི་ཐག་པ་ཡང་འདི་དང་པོ་ཏ་ལ་གཉིས་ཡིན་པ་འདྲ།
         བོད་མི་སུ་ཡིན་ཡང་གཙུག་ལག་ཁང་དང་ཇོ་བོའི་མདུན་དུ་འགྲོ་བ་སེམས་ཅན་གྱི་དོན་དུ་སྨོན་ལམ་འདེབས་པར་བྱེད། གོ་ཐོས་ལ་ཇོ་བོའི་སྐུའི་གཡས་གཡོན་དུ་ནོར་བུ་ཏན་ན་བདེ་བ་དང་སྟག་ཤ་བདེ་བ་ཞེས་བྱ་བ་གཉིས་ཡོད་ཅིང་། དེ་གཉིས་ཉིན་ཞག་རེ་ལ་ཇོ་བོའི་སྐུ་ལ་ལན་རེ་འཁོར་ཞིང་ཞབས་པུས་སུ་ནོར་བུ་དེ་གཉིས་འཁོར་བ་དང་སྨོན་ལམ་འདེབས་པ་གསུམ་དུས་མཉམ་དུ་བྱུང་ན་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ངེས་པར་འགྲུབ་ཅེས་བརྗོད་སྲོལ་ཡོད།
        ངས་ཀྱང་ཇོ་བོའི་མདུན་དུ་རང་གིས་ཚོད་ཀྱིས་སྨོན་ལམ་ཞིག་བཏབ་ནས་མཇལ་བ་དང་ལྟ་སྐོར་བ་དག་གིས་རྣམ་འགྱུར་ལ་དོ་སྣང་བྱས་པ་ཡིན། ཇོ་བོའི་མདུན་དུ་ལྟ་སྐོར་དག་གིས་ཀྱང་སྨོན་ལམ་འདེབས་ཀྱིན་ཡོད་ལ། བོད་མི་དག་གིས་གསོལ་བ་འདེབས་པའི་ཚིག་ལ་གསན་བཞིན་ང་རང་དབང་མེད་དུ་སེམས་འགུལ་ཐེབས་ནས་ངུ་འདོད་པ་ཞིག་ཀྱང་བྱུང་སོང་། གང་ས་ནས་སླེབས་པའི་བོད་མི་དག་གིས་འདི་ལྟར་བློ་ཁ་གཅིག་ཏུ་སོང་ནས་འདུན་མ་གཅིག་ཏུ་བཅོལ་བ་འདི་གཙུག་ལག་ཁང་ལས་ཀྱང་རླབས་ཆེ་བ་ཞིག་རེད་ཨང་།
        རྒན་གཞོན་ངེས་པ་མེད་ཅིང་ཕོ་མོ་དབྱེ་བ་མེད་པར་སེམས་ཅན་ཐམས་ཅད་རང་གི་ཕུ་ནུ་བཞིན་སྡུག་བསྔལ་ལས་བྲལ་ནས་བདེ་བ་དང་ལྡན་པར་སྨོན་ལམ་འདེབས་པ་འདི་འདྲ་འཛམ་གླིང་ཟླུམ་པོ་འདིའི་གནས་གཞན་དུ་ཡོད་མི་སྲིད་པ་ཞིག་རེད། དེ་བས་མི་རིགས་འདིའི་སེམས་རྒྱ་ལ་ཧ་མི་ལས་སམ།
        ལྷག་པར་སེམས་ལ་རིང་དུ་སྦས་པའི་རེ་བ་དང་སྙིང་ལ་ནོན་པར་དཀའ་བའི་དུང་བ་ཇོ་ཡིད་བཞིན་ནོར་བུ་ལ་ཞུ་བའི་སྐབས་དེར་བདག་གི་སེམས་པ་གཏིང་ནས་དགའ་སྐྱོའི་མིག་ཆུ་དབང་མེད་དུ་འཛུམ་ཡོང་། སེམས་པ་སྲ་བའི་བདག་གིས་མིག་ཆུ་ཕུ་ནུའི་སེམས་པའི་དུང་བ་ལས་གཞན་གང་གིས་ཀྱང་འདོན་པར་བྱེད་མི་སྲིད།
        དེ་རིང་བོད་པ་མཇལ་བ་འདི་དག་གིས་རང་གིས་ཡིད་ལ་རིང་དུ་སྦས་པའི་རེ་བ་དེ་དག་ཇོ་བོ་ཡིད་བཞིན་ནོར་བུ་ལ་གསོང་བོར་བརྗོད་དུས། ཀུན་གྱིས་ཉེ་རིང་ཆགས་སྡང་བརྗེད་འདུག་ལ། སྡུག་བསྔལ་ཡོད་ཚད་ཀྱང་བརྗེད་འདུག་པ་འདྲ། ཐ་ན་ཡུན་རིང་གྱེས་པའི་ཕུ་ནུའི་ལྷན་འཛོམས་དང་སེམས་ཅན་གྱི་བདེ་སྐྱིད་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པ་འདྲ།
        ངས་དེ་ལྟར་བསམ་བཞིན་རིག་གསར་སྐབས་སུ་ལྟ་བ་གསར་བ་དང་ལངས་ཕྱོགས་གསར་བ། སྙིང་སྟོབས་གསར་བའི་ན་གཞོན་སྐོར་ཞིག་གིས་གསར་བརྗེའི་ཁ་གཡང་སྒྲོག་བཞིན་གཙུག་ལག་ཁང་འདིར་རྒྱུགས་པ་དྲན་ནས་སྔངས་འདར་ཞིག་བརྒྱབས་བྱུང་།
        སྐབས་དེར་ན་གཞོན་ལྟ་བ་གསར་བ་འཛིན་པ་དེ་དག་གིས་གསར་བརྗེའི་གླུ་དབྱངས་ལེན་བཞིན་གཙང་ཁང་དབུས་མ་ཇོ་ཁང་དང་ལྷ་ཁང་མཐའ་མ་མཐུ་སྨོན་ལྷ་ཁང་གཉིས་ལས་གཞན་དག་སྐུ་གསུང་ཐུགས་རྟེན་རྩ་མེད་དུ་བཏང་། ད་ལྟ་མང་བོ་ཞིག་བསྐྱར་བཞེངས་བྱས་ཡོད་མོད། ད་དུང་མང་བོ་ཞིག་ད་དུང་བསྐྱར་བཞེངས་བྱས་མི་འདུག་ཟེར། འོན་ཀྱང་སྤྲོ་བ་ཞིག་ལ་མཐུ་སྨོན་ལྷ་ཁང་གཡས་སུ་བྲིས་པའི་སྲོང་བཙན་སྐབས་ཀྱི་དགའ་སྟོན་དུ་ལུས་རྩལ་སྣ་ཚོགས་སྟོན་པ་དང་གནའ་བོའི་པོ་ཏ་ལའི་ལྡེབས་རིས་རྙིང་བ་རིན་ཐང་དང་བྲལ་བ་དང་གཡོན་དུ་ཇོ་ཁང་བཞེངས་པའི་ལོ་རྒྱུས་ལྡེབས་རིས་དེ་ད་དུང་བཞུགས་འདུག
        བདག་མཇལ་བ་མང་བོ་དང་འགྲོགས་ནས་ཇོ་བོ་ཡིད་བཞིན་ནོར་བུར་མཇལ་ནས་སྒོར་བུད། ཡིན་ན་ཡང་། བདག་ནི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་རྟེན་ལ་མཇལ་བ་མ་ཡིན་པར་དགའ་སྐྱོས་ཁྱབ་པའི་ལོ་རྒྱུས་ཤིག་གི་ཁྲོད་དུ་དངོས་སུ་འགྲིམ་པ་དང་འདྲ་བྱུང་།


འབྲེལ་ཡོད་འོས་སྦྱོར།