logo

བཀའ་བསྟན་གྱི་རྣམ་བཞག་སྤྱིར་བསྟན་པ།

རྩོམ་པ་པོ།:《ནང་བསྟན་སློབ་དེབ་སྐལ་བཟང་འཇུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-16 ཀློག་གྲངས།:

1.གཞུག་པ་ལྡེམ་དགོངས་ནི་བདེན་པར་མེད་པར་བསྟན་ན་སྐྲག་པའི་གང་ཟག་ཉན་ཐོས་ལ་སོགས་པ་བསྟན་པ་ལ་གཞུག་པའི་དོན་དུ་གཟུགས་སོགས་བདེན་པར་ཡོད་པར་བསྟན་པ་ལྟ་བུའོ།།
2.མཚན་ཉིད་ལྡེམ་དགོངས་ནི་སེམས་ཙམ་པའི་ལུགས་ལ་མཚན་ཉིད་གསུམ་རང་རང་གི་ངོ་བོ་མེད་ཚུལ་ལ་དགོངས་ནས་ངོ་བོ་མེད་ཅེས་བསྟན་པ་ལྟ་བུ།
3.གཉེན་པོ་ལྡེམ་དགོངས་ནི་དཔེར་ན་མདོ་སྡེ་རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་འཛིན་དང༌། །ང་རྒྱལ་འདོད་ཆགས་སྤྱོད་པ་དང༌། །འགྱོད་དང་མ་ངེས་ལྡོག་པ་དང༌། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཅེས་གསུངས་པ་ལྟར་ཉེས་པ་བརྒྱད་གདུལ་བའི་ཕྱིར་དུ་བསྟན་པ་ལྟ་བུ་སྟེ། སངས་རྒྱས་ལ་བརྙས་པའི་གཉེན་པོར་དགོངས་པ་དང་བོ་བཤད་པ་དང༌། རྟོགས་པའི་ཆོས་ལ་བརྙས་པའི་གཉེན་པོར་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་ད་གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ་ལྟ་བུ། ལེ་ལོའི་གཉེན་པོར་དུས་གཞན་ལ་དགོངས་པ་ལྟ་བུ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ལ་ལར་སྦྱིན་སོགས་ལ་སྨད་ནས་གཞན་དུ་བསྔགས་པ་ལྟ་བུ། འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ཞིང་གི་འབྱོར་བར་བསྔགས་པ་ལྟ་བུ། ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ལ་ལའི་ཕུན་ཚོགས་བསྔགས་པ་ལྟ་བུ། འགྱོད་པའི་གཉེན་པོར་གང་དག་སངས་རྒྱས་དང་བྱང་སེམས་ལ་གནོད་པར་བྱེད་པ་དེ་དག་མཐོ་རིས་སུ་འགྲོའོ། །ཞེས་པ་ལྟ་བུ། སེམས་ཙམ་པའི་ལུགས་ལ་མ་ངེས་པ་ལྡོག་པའི་གཉེན་པོར་ཉན་ཐོས་རྣམས་ལུང་བསྟན་པ་དང༌། ཐེག་པ་གཅིག་ཏུ་བཤད་པ་ལྟ་བུའོ། །འདི་དང་ལྡེམ་དགོངས་གཉིས་པ་སེམས་ཙམ་པ་ཁོ་ནའི་འདོད་པའོ།།
4.བསྒྱུར་བ་ལྡེམ་དགོངས་ནི་རབ་ཏུ་གྲགས་པའི་ཡི་གེ་ངན་པ་གྲགས་པའི་དོན་བསླབ་པ་གསུམ་སྟོན་བྱེད་དུ་བསྒྱུར་བ་སྟེ་དཔེར་ན་སྙིང་བོ་མེད་ལ་སྙིང་བོར་ཤེས། ། ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་པ་ལྟ་བུ་སྟེ་དེ་ལ་སྙིང་བོ་ནི་སེམས་ཀྱི་རྣམ་གཡེང་དང༌། དེ་མེད་པ་ནི་སྙིང་བོ་མེད་པའོ། །ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་ལས་ལོག་པའོ། །ཉོན་མོངས་པ་ནི་ཡུན་རིང་བོར་དཀའ་སྤྱོད་ཀྱིས་ངལ་བར་བྱས་པ་སོགས་ཀྱི་མིང་གིས་བསྟན་པའི་ཚུལ་ཁྲིམས་ཉམས་སུ་བླངས་ན་བྱང་ཆུབ་དམ་པ་ཐོབ་པར་ གསུངས་པ་ལྟ་བུའོ།།
གསུམ་པ། རྟོན་བཞི།

        འདིའི་རྟོན་མི་རྟོན་ནི་ཁས་ལེན་མི་ལེན་དང༌། རྗེས་སུ་འབྲང་རིགས་མི་རིགས། བསླུ་མི་བསླུ་དང༌། བདེན་མི་བདེན་ལ་བྱེད། དེ་ལ་བཞི་ཡོད་དེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ། ཚིག་ལ་མི་རྟོན་དོན་ལ་རྟོན་པ། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་བཞིའོ།།
1 གང་ཟག་དེ་བཟང་བ་ཙམ་རྒྱུ་མཚན་དུ་མི་བྱེད་པར་ཚིག་དང་དོན་ལ་བརྟགས་ནས་ཁས་ལེན་པ་དེ་སྐྱེས་བུ་ཁྱད་པར་ཅན་ལ་ལྟོས་པའི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་དང༌། ཡང་ན་གདུལ་བྱ་རྣམས་ཀྱི་བསམ་པ་ལྟར་ཐར་བ་འཐོབ་པའི་ཐབས་སུ་མི་བདེན་པའམ། ཁས་མི་ལེན་པའམ། མི་བསླུ་བ་མ་ཡིན་པ་དང༌། རྒྱལ་བས་སྡེ་སྣོད་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ཐར་བ་ཐོབ་པའི་ཐབས་སུ་བདེན་པའམ། ཁས་ལེན་པའམ། མི་བསླུ་བ་ནི་སྐྱེ་བོ་ཕལ་བ་ལ་ལྟོས་ཏེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན།
2 རྒྱལ་བའི་བཀའ་བསྟན་དག་ཚིག་ཟིན་ལྟར་གནས་ལུགས་སོགས་ལ་མི་བསླུ་བའི་ངེས་པ་མེད་པར་བསམ་དོན་གྱི་བརྗོད་བྱ་དེ་དང་དེ་ལ་སྒྲུབ་བྱེད་རྣམ་དག་ཡོད་པ་ལྟར་ཁས་ལེན་པ་དེ་ཚིག་ལ་མི་རྟོན་པར་དོན་ལ་རྟོན་པའི་དོན་ཡིན།
3 འདི་ལ་གཉིས་ཏེ་དྲང་དོན་ཀུན་རྫོབ་བདེན་པ་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་མི་བདེན་པར་ངེས་དོན་སྟོང་ཉིད་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་ཁས་ལེན་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པའི་དོན་དང༌། ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་གནས་ལུགས་སུ་མི་བདེན། སྣང་བ་དེ་ལྟར་བདེན་པས་སྟོང་བ་དེ་གནས་ལུགས་སུ་ཁས་ལེན་པ་ནི་བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པའི་དོན་ཡིན།
4 འདིའི་རྣམ་ཤེས་ལ་སྟོང་ཉིད་རྟོགས་མ་རྟོགས་གཉིས་ཡོད་ཀྱང་ཡེ་ཤེས་ནི་གཙོ་བོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ཡང་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་རྣམས་ཀྱང་དེར་འཇོག་ཅིང༌། རྣམ་ཤེས་དེ་སྔ་མ་དག་གི་སྣང་ཚུལ་ལྟར། གནས་ལུགས་སུ་ཁས་མི་ལེན་པ་རྣམ་ཤེས་ལ་མི་རྟོན་པའི་དོན་དང་ཡེ་ཤེས་དེ་དག་གཙོ་བོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་གཟིགས་པ་ལྟར་གནས་ལུགས་སུ་ཁས་ལེན་པ་དེ་ཡེ་ཤེས་ལ་རྟོན་པའི་དོན་ཡིན། ཡང་ན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་བཤད་ཚུལ་ཆ་གཅིག་ལ་ངེས་དོན་ལ་རྣམ་ཤེས་ཡེ་ཤེས་གཉིས་ཡོད་ཅིང་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་འཇིག་རྟེན་པའི་ཤེས་པའི་སྣང་ཚུལ་ལྟར་དུ་ཁས་མི་ལེན་པར་འཕགས་པའི་མི་རྟོག་ཡེ་ཤེས་ཀྱི་གཟིགས་ཚུལ་ལྟར་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་དོན་དུ་བཤད།
བཞི་བ། རིགས་པ་བཞི།

        ཆོས་ཉིད་སོགས་ལ་དཔྱོད་པ་ལ་རིགས་པ་བཞི་ཡོད་དེ། ལྟོས་པའི་རིགས་པ། འཐད་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཞི་ཡོད།
1 བྱས་པ་རྒྱུ་རྐྱེན་ལ་ལྟོས་པའམ་ཆོས་ཐམས་ཅད་རང་གི་ཆ་ཤས་སོགས་ལ་ལྟོས་པའི་རིགས་པ།
2 ཁ་དོག་དཀར་དམར་དང་ཤེས་བྱ་རྟག་པ་ཡིན་པ་སོགས་ནི་འཐད་པ་ཡིན་པའི་རིགས་པ།
3 མེས་བུད་ཤིང་བསྲེགས་པ་ནི་བྱ་བ་བྱེད་པའི་རིགས་པ།
4 ཆོས་ཉིད་ཀྱི་རིགས་པ་ལ། འཇིག་རྟེན་ལ་སྣང་བའི་རིགས་པ། བསམ་གྱིས་མི་ཁྱབ་པའི་རིགས་པ། གནས་པའི་རིགས་པ་དང་གསུམ། དང་བོ་ནི་མེ་གྱེན་དུ་འབར་བ་དང་ཆུ་ཐུར་དུ་བཞུར་བ། མེ་ཚ་བ། ཆུ་བརླན་པ། རླུང་གཡོ་བ་སོགས་ཡིན། གཉིས་པ་ལ་ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ། རིག་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ། མཁྱུད་དཔྱད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་བཞི་ཡོད། གསུམ་པ་གནས་པའི་རིགས་པ་ནི་བུམ་པ་བདེན་མེད་བུམ་པའི་ཆོས་ཉིད་དུ་གནས་པ་ལས་སྒྲུབ་བྱེད་གཞན་མེད་དེ། ཆོས་ཉིད་ཀྱི་རྟེན་འབྲེལ་ཡིན་གསུངས།
མཆན་འགྲེལ།

①ལུང་གི་ཆོས་དང་རྟོགས་པའི་ཆོས་ཞེས་ཀྱང་བྱ་སྟེ། སྤྱིར་དྷརྨའི་དོན་ཆོས་ཞེས་པའི་སྒྲ་རྣམ་བཤད་རིགས་པ་ལས།  ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར་དོན་བཅུ་ལ་འཇུག་པ་ལས་ཤེས་བྱ་ལ་འཇུག་པ་འདུས་བྱས་སུ་གྱུར་པའི་ཆོས་ཞེས་པ་ལྟ་བུ། ལམ་ལ་འཇུག་པ་ཡང་དག་པའི་ལྟ་བ་ཆོས་ཞེས་པ་ལྟ་བུ། མྱང་འདས་ལ་འཇུག་པ་ཆོས་ལ་སྐྱབས་སུ་མཆི་ཞེས་པ་ལྟ་བུ། ཡིད་ཀྱི་ཡུལ་ལ་འཇུག་པ་ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ། བསོད་ནམས་ལ་འཇུག་པ་བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ། ཚེ་ལ་འཇུག་པ་བྱིས་པས་མཐོང་བའི་ཆོས་གཅེས་པར་འཛིན་ཅིང་པ་ལྟ་བུ། གསུང་རབ་ལ་འཇུག་པ་ཆོས་ཞེས་པ་མདོ་སྡེ་ཞེས་པ་ལྟ་བུ། འབྱུང་འགྱུར་ལ་འཇུག་པ་ལུས་འདི་རྒ་བའི་ཆོས་ཅན་ཞེས་པ་ལྟ་བུ། ངེས་པ་ལ་འཇུག་པ་དགེ་སྦྱོང་གི་ཆོས་ཞེས་པ་ལྟ་བུ། ཆོས་ལུགས་ལ་འཇུག་པ་རིགས་ཀྱི་ཆོས་ཞེས་པ་ལྟ་བུ་སྟེ། དེའི་ཚིག་ཟུར་གྱི་ཆོས་བཅུ་རིམ་པ་ལྟར་ཤེས་བྱ་དང༌། ལམ་དང༌། མྱང་འདས་དང༌། ཡིད་ཀྱི་ཡུལ་དང༌། བསོད་ནམས་དང༌། ཚེ་དང༌། གསུང་རབ་དང༌། འབྱུང་འགྱུར་དང༌། ངེས་པ་དང༌། ཆོས་ལུགས་བཅུ་ལ་གོ་དགོས་སོ། །འདི་དག་ཆེ་ལོང་དུ་བསྡུས་པ་སྟེ། བློ་ཡི་ཆོས་དང༌། ཡང་དག་པའི་ཆོས་ཞེས་པ་ལྟ་བུ་གཞན་ཡང་མང་ངོ༌། །
②འདི་ནི་ཀུན་མཁྱེན་བླ་མའི་བཞེད་པ་ལྟར་བྲིས་པ་སྟེ་པཎ་ཆེན་བསོད་ནམས་གྲགས་པས་བཀའ་དང་བསྟན་བཅོས་གཉིས་འགལ་བ་དང་ཕྱི་རོལ་པའི་བསྟན་བཅོས་ཡིན་ཀྱང་བསྟན་བཅོས་ཀྱི་སྒྲ་བཤད་མི་ཚང་ལ། བཀའ་ལ་སངས་རྒྱས་ཀྱི་གསུང་གིས་ཁྱབ་པས་ཤཱ་རིའི་བུའི་ངག་ཏུ་གྱུར་པའི་བརྒྱད་སྟོང་པ་སངས་རྒྱས་ཀྱི་གསུང་ཡིན་ཀྱང་དེའི་ངག་མིན་པར་གསུངས་པས་གང་བདེར་གཟུང་བར་བྱའོ། །
        བཀའ་འགྱུར་ནི་སྟོན་པ་སངས་རྒྱས་རིང་ལ་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་ཡི་གེར་བྲིས་ཏེ་དད་ལྡན་རྣམས་ཀྱིས་མཚན་མོའི་སྒྲོན་འོད་ལ་བརྟེན་ནས་ཀློག་པ་ཡོད་ཀྱང་ཕྱོགས་གཅིག་ཏུ་ཕྱོགས་  བསྒྲིགས་བྱས་པའི་གླེགས་བམ་མེད། རིམ་བཞིན་བཀའ་སྡུད་པ་གསུམ་ལ་སོགས་པས་ཕྱོགས་བསྒྲིགས་བྱས་པ་དག མུ་སྟེགས་པ་དང་ཁ་ཆེའི་ཆོས་ལུགས་དག་གིས་རྩ་མེད་རང་བཞིན་ལྡན་པའི་གཏོར་བཤིག་ཐེངས་གསུམ་བྱུང་སྐབས་མེར་བསྲེགས་ཏེ་མེད་པར་གྱུར། བཙན་པོ་སྲོང་བཙན་སྒམ་པོ་ནས་རིམ་བཞིན་རྒྱ་གར་ནག་ཏུ་བསྒྱུར་བ་རྣམས་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ། མཆིམས་ཕུ་མ་རྣམས་སུ་བཀོད། 1312ལོ་ནས་སྣར་ཐང་གི་དགེ་བཤེས་མཁས་པ་འཇམ་གག་པ་པཀྵི་བླ་མར་གདན་དྲངས་ནས་རང་གི་བླ་མ་བཅོམ་ལྡན་རིག་རལ་ལ་ཤོག་བུ་སྣག་ཚ་ཕུལ་ནས་བསྐུལ་བས་བཅོམ་ལྡན་རིག་རལ་དང་དབུས་པ་བྱང་ཆུབ་བློ་གསལ་སོགས་ཀྱིས་དབུས་གཙང་དང་མངའ་རིས་སོགས་སུ་བཀའ་བསྟན་གྱི་མ་དཔེ་འཚོལ་བསྡུ་གནང་ཐོག་ཞུ་དག་དང་ལེགས་སྒྲིག་བྱས་ཏེ་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་མཛད་ནས་བཀའ་འགྱུར་དཀར་ཆག་དང༌། དཔར་ཤིང་མང་བོ་བྱུང༌། དེ་ལས་སྡེ་དགེ་བསྟན་འགྱུར་ལ་པོ་ཏི་བརྒྱ་དང་གསུམ་ཡོད་ཅིང་མདོའི་སྡེ་ཚན་དང༌། སྔགས་ཀྱི་སྡེ་ཚན་གཉིས་སུ་ཕྱེས་ཡོད། མདོའི་སྡེ་ཚན་ལ་འཁོར་ལོ་དང་བོ་འདུལ་བ་ལུང་གི་སྐོར་དང་འཁོར་ལོ་བར་བ་ཤེར་ཕྱིན་གྱི་སྐོར་མདོ་མང་དུ་གྲགས་པ་ཐེག་པ་ཆེ་ཆུང་གི་མདོ་ཅི་རིགས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་གསུམ་དུ་ ཕྱེས་ཡོད་ལ་གསང་སྔགས་རྒྱུད་འབུམ་དུ་གྲགས་པའི་སྐོར་ལ་རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་རྒྱུད༌། སྤྱོད་རྒྱུད། བྱ་བའི་རྒྱུད་བཅས་སྡེ་ཚན་བཞིར་ཕྱེས་ཡོད།
③བསྟན་འགྱུར་ནི་རྒྱ་གར་ནག་གི་བསྟན་བཅོས་བོད་དུ་འགྱུར་བ་ཡིན་ཀྱང༌། དེའི་མཇུག་ཏུ་བོད་མིས་བརྩམས་པའི་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་ཡོད། ཡིན་ནའང༌། ཕྱིས་སུ་དེའི་ནང་དུ་བོད་ཀྱི་ བསྟན་བཅོས་གཞུག་མི་ཆོག་པའི་བཀས་བཅད་མཛད། བསྟན་འགྱུར་གྱི་དཀར་ཆག་མཛད་ཚུལ་སོགས་བཀའ་འགྱུར་དང་འདྲ་ལ། བསྟན་འགྱུར་དཀར་ཆག་ཐོག་མ་སྣར་ཐང་བཀའ་འགྱུར་དང་འདྲ་ལ་སྡེ་དགེའི་བསྟན་འགྱུར་ལྟར་ན། བསྟོད་ཚོགས། རྒྱུད། ཤེར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས། འཁྲི་ཤིང༌། སྤྲིངས་ཡིག སྒྲ་མདོ། གསོ་རིག སྣ་ཚོགས་བཅས་སྡེ་ཚན་བཅོ་བརྒྱད་ལ་པོ་ཏི213བཞུགས།
④ཆོས་འཁོར་ནི་འཁོར་ལོ་རིན་པོ་ཆེ་དང་བྱེད་ལས་ཆོས་མཚུངས་པའི་ཆོས་འཁོར་ཏེ། བྱེ་སྨྲས་མཐོངལམ་ཁོ་ན་ཆོས་འཁོར་ཏེ་མཐོང་ལམ་ལ་བདེན་པ་མྱུར་དུ་རྟོགས་པས་མྱུར་དུ་འགྲོ་བ། བདེན་པ་སྔ་མའི་དམིགས་རྣམ་འདོར་བ་དང་ཕྱི་མ་འཇུག་པ། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྣམ་གྲོལ་ལམ་གྱིས་སྤང་བྱ་དང་བྲལ་བའི་ཐོབ་པ་འདྲེན་པས་རྒྱལ་བ་རྣལ་དུ་འགོད་པ། ཁམས་གོང་མའི་བདེན་པ་ལ་དམིགས་པས་འཕར་བ། འོག་མའི་བདེན་པ་ལ་དམིགས་པས་འབབ་པ་སྟེ་དྲུག་གིས་ཆོས་མཐུན་པར་བཞེད། བཙུན་པ་དབྱངས་སྒྲོག་ནི་འཕགས་ལམ་བརྒྱད་ཆོས་འཁོར་ཡིན། འཁོར་ལོ་ལ་ཡོད་པའི་ལྟེ་བ། གཅོད་པའི་རྩིབས། སྡུད་པའི་མུ་ཁྱུད་དང་ཆོས་མཐུན་པ་ཡིན་ཕྱིར་ཏེ་ངག་ལས་མཐའ་འཚོ་བ་གསུམ་ལྟེ་བ་དང་མཐུན་ཏེ་དེ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་ཅིང༌། ལྟ་བ། རྟོག་པ། རྩོལ་བ་གསུམ་རྩིབས་དང་མཐུན་ཏེ་ཤེས་རབ་ཀྱི་བསླབ་པ་ཡིན་པས་མི་མཐུན་ཕྱོགས་གཅོད་པའི་ཕྱིར། ཏིང་ངེ་འཛིན་མུ་ཁྱུད་དང་མཐུན་ཏེ་ལྟ་བ་སོགས་རྩེ་གཅིག་པའི་ཚུལ་གྱིས་དམིགས་པ་ལ་འཛིན་པའི་ཕྱིར་རོ་ཞེས་བཞེད་དོ།།
⑤མངོན་རྟོགས་རྒྱན་སོགས་བྱམས་ཆོས་དང་འབྲེལ་བའི་ཆོས་ཉི་ཤུ་ཡོད་དེ། བྱམས་ཆོས་སྡེ་ལྔ་དང་ཐོགས་མེད་ཀྱི་ས་སྡེ་ལྔ། སྡོམ་རྣམ་གཉིས། དབྱིག་གཉེན་གྱི་པྲ་ཀ་ར་ཎ་སྡེ་བརྒྱད་དེ་ས་སྡེ་ལྔ་ལས་གང་ཟག་གཅིག་ལམ་སྒྲུབ་པའི་མཐུན་ཕྱོགས་ཀྱི་རིམ་པ་སྟོན་པ་སའི་དངོས་གཞི་དང༌། དེའི་དོན་གཙོ་བོར་གཏན་ལ་འབེབ་པ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་གཉིས་བརྗོད་བྱ་དོན་གྱི་ཆ་གཙོ་བོར་གཏན་ལ་འབེབ་པ་ཡིན་ལ། ཚིག་གི་ཆ་སྡེ་སྣོད་གསུམ་དུ་བསྡུས་པའི་གཞི་བསྡུ་བ། ཀུན་བྱང་གི་རྣམ་གྲངས་སྟོན་པའི་རྣམ་གྲངས་བསྡུ་བ་གཉིས་ནི་རྗོད་བྱེད་ཚིག་གི་ཆ་བརྟག་པའི་དབང་དུ་བྱས་པ་ཡིན། རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་ཚིག་དོན་གཉིས་ཀ་སྦྱར་ནས་འཆད་ཉན་གྱིས་གཏན་ལ་འབེབ་ཚུལ་ཡིན། པྲ་ཀ་ར་ཎ་སྡེ་བརྒྱད་ནི་མདོ་སྡེ་རྒྱན་གྱི་འགྲེལ་བ་དང༌། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་བྱེད། ཕུང་བོ་ལྔའི་རབ་བྱེད། ཉི་ཤུ་ བའི་རབ་བྱེད། སུམ་ཅུ་བའི་རབ་བྱེད་དེ་བརྒྱད་དོ།།ཁ་ཅིག་གིས་ཆོས་ཉིད་རྣམ་འགྲེལ་མི་འདྲེན་པར་རྟེན་འབྲེལ་མདོ་འགྲེལ་འདྲེན་ནོ།།
        སེམས་ཙམ་པའི་ལུགས་ཀྱི་ལྟ་བའི་གནད་ཤེས་པ་ལ་ཐོག་མར་བག་ཆགས་ལ་གོ་བ་ཆགས་དགོས་ཏེ། སྤྱིར་བག་ཆགས་ལ་མངོན་པར་བརྗོད་པའམ་སྤྲོས་པའི་བག་ཆགས། བདག་ལྟའམ་འཇིག་ལྟའི་བག་ཆགས། སྲིད་པའི་ཡན་ལག་གི་བག་ཆགས། རིགས་མཐུན་ཀྱི་བག་ཆགས་དང་བཞི་ཡོད་པའི་ཕྱིར། དང་བོ་མངོན་པར་བརྗོད་པའམ་སྤྲོས་པའི་བག་ཆགས་ནི། སྔོན་འཛིན་མིག་ཤེས་ལ་སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུ་སྟེ། མདོར་ན་འདི་ནི་ཤེས་པ་ལ་ཡུལ་གྱི་སྤྲོས་པ་སྣ་ཚོགས་འཆར་བར་བྱེད་པའི་ལས་ཅན་ཞིག་གོ། དེ་ཡང་འཁོར་བ་ཐོག་མ་མེད་པ་ནས་ཡིད་ཤེས་གཙོ་འཁོར་དང་བཅས་པས་ཡུལ་སྣ་ཚོགས་ཡུལ་ལ་བྱེད་ཅིང་བསམ་པ་རྒྱུ་ཞིང་འཇུག་པ་ལ་ཡིད་ཀྱིས་མངོན་པར་བརྗོད་པ་ཞེས་བྱ་སྟེ་བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པ་བརྗོད་པ་བཞིན་ནོ། །གཉིས་པ་བདག་ལྟའམ་འཇིག་ལྟའི་བག་ཆགས་ནི་བདག་གཞན་རིས་སུ་བཅད་ནས་འཛིན་པའི་བདག་ཏུ་འཛིན་པའི་ལྟ་བ་བསྐྱེད་པ་ལ་དབང་བྱེད་པའི་བག་ཆགས་དང༌། གསུམ་པ་སྲིད་པའི་ཡན་ལག་གི་བག་ཆགས་ནི། དགེ་བ་དང་མི་དགེ་བའི་བག་ཆགས་ཏེ་སྲིད་པའམ་འཁོར་བར་སྐྱེ་འཆི་སྣ་ཚོགས་སྒྲུབ་པར་བྱེད་པའི་ནུས་པའོ། །དེས་ན་སོ་སྐྱེས་རྒྱུད་ཀྱི་མངོན་སུམ་རྣམས་ནི་དེ་ལྟ་བུའི་རིགས་མཐུན་ཀྱི་བག་ཆགས་དང་མངོན་པར་བརྗོད་པའི་བག་ཆགས་འཁོར་བ་ཐོག་མ་མེད་པ་ནས་བསགས་ཤིང་བརྟན་པར་བྱས་པ་ལས་བྱུང་བའི་མི་བསླུ་བ་ཞེས་བརྗོད་པའི་ཕྱིར་རོ། །བཞི་བ་རིགས་མཐུན་གྱི་བག་ཆགས་ནི་སྔོན་འཛིན་མིག་ཤེས་སྔོན་པོ་སྔོན་པོ་སྣང་བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུའོ། །དེ་ཡང་བདག་འཛིན་གང་ཟག་གི་བདག་འདྲའི་རྣམ་པ་འཆར་བ་དེ་བདག་ལྟའི་བག་ཆགས་ཀྱི་དབང་གིས་དང༌། སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པར་སྣང་བ་རིགས་མཐུན་གྱི་བག་ཆགས་ཀྱི་དབང་གིས་དང༌། ཡུལ་གཅིག་ལ་བརྟེན་ནས་སྤྲོས་པ་སྣ་ཚོགས་སུ་འཆར་བ་ནི་མངོན་པར་བརྗོད་པའི་ བག་ཆགས་ཀྱི་དབང་གིས་དང༌། མངོན་ཤེས་ལ་ཡུལ་ཤར་བ་ནི་རང་གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་དབང་གིས་དང༌། རྣམ་མཁྱེན་ལ་ཡུལ་རྣམས་འཆར་བ་ཚོགས་གཉིས་ཀྱི་ནུས་པའི་དབང་གིས་འཆར་བའི་ཕྱིར། ཤེས་པ་ཡིན་ན་ཁྱོད་ཀྱི་དམིགས་རྐྱེན་བདག་རྐྱེན་དེ་མ་ཐག་རྐྱེན་གསུམ་ག་ཡོད་པས་ཁྱབ་པས་ན་རྟོག་པ་ཐམས་ཅད་ཀྱི་དམིགས་རྐྱེན་ལ་བག་ཆགས་རེ་འཇོག་དགོས་ཏེ་རྟོག་པ་ཡུལ་གྱི་རྣམ་པ་ཡང་བག་ཆགས་ཀྱི་དབང་གིས་འཆར་དགོས་པས་ཁྱབ་པའི་ཕྱིར་རོ།།
⑥བསྟན་བཅོས་ལ་ཁྱད་པར་བཞི་དང་ལྡན་ཏེ། མཐོ་རིས་དང་ཐར་བ་འཐོབ་པའི་ཐབས་སོགས་བརྗོད་པས་བརྗོད་བྱ་དོན་དང་ལྡན་པ། ཚིག་སྔ་ཕྱིའི་འབྲེལ་ཆགས་པས་རྗོད་བྱེད་ཚིག་གི་སྐྱོན་དང་བྲལ་བ། ཁམས་གསུམ་གྱི་ཉོན་མོངས་ཅི་རིགས་སྤང་ཕྱིར་དུ་གསུངས་པས་དེ་སྤང་བར་འགྱུར་བའི་བྱེད་ལས་ཅན། དགོས་པ་ཉོན་མོངས་པ་དང་སྡུག་བསྔལ་ཞི་བའི་ཕན་ཡོན་སྟེ་བཞི་ཡིན་ལ་འདི་ལྡན་པར་ཁྱད་པར་བཞི་ལྡན་གྱི་གསུང་རབ་ཟེར་རོ།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།