logo

བྱམས་སྙིང་རྗེ་སྒོམ་བཞིན་ས་ཆེན་དབང་དུ་བསྒྱུར་བའི་དགེ་སློང༌།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-12 ཀློག་གྲངས།:

བྱམས་སྙིང་རྗེ་སྒོམ་བཞིན་ས་ཆེན་དབང་དུ་བསྒྱུར་བའི་དགེ་སློང༌།
—རྒྱལ་དབང་ལྔ་བའི་ཕ་གཞིས།

        ཡར་ལུང་འཕྱོངས་རྒྱས་སུ་སླེབས་དུས་རྒྱལ་དབང་ལྔ་བའི་ཕ་ཁྱིམ་དུ་འགྲོ་བ་ནི་བདག་ལ་མཚོན་ན་ཆེས་དོན་སྙིང་དང་ལྡན་པ་ཞིག་ཡིན། རྒྱལ་དབང་ལྔ་བ་ནི་ཙོང་ཁ་བའི་སློབ་མ་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་ཕྲེང་ལྔ་བ་སྟེ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལས་ལོ་རྒྱུས་པ་དང་ཆོས་ལུགས་པ། ཆབ་སྲིད་པ་ཕུལ་ཏུ་བྱུང་བ་ཞིག་ཡིན་པ་མ་ཟད། བོད་ཀྱི་དུས་རབས་རིམ་བྱོན་ལས་ཀྱང་ཆེས་ཕུལ་དུ་བྱུང་བ་ཞིག་རེད།
        ཁོང་ནི་ཕྱིང་བ་སྟག་རྩེའི་ཞོལ་གྱི་སྡེ་བ་དེར་ཟ་ཧོར་གྱི་རིགས་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང༌། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་མེ་སྦྲུལ་སྤྱི་ལོ1617ལོའི་བོད་ཟླ9བའི་ཚེས23ཉིན་སྐུ་བལྟམས། བདག་གིས་སྐད་ཆ་དྲིས་ནས་ཁོང་འཁྲུངས་སའི་ཁྱིམ་ལ་སླེབས་དུས་དེ་ནི་རང་ག་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་ལ། ད་ལྟ་དེ་རུ་སྡོད་པའི་ཁྱིམ་མི་ཡང་མི་འདུག
        1622ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་དང་འབྲས་སྤུངས་དགའ་ལྡན་ཕོ་བྲང་གིས་གཙང་བ་རྒྱལ་བོའི་བཀའ་འཁྲོལ་བ་བཞིན་འབྲས་སྤུངས་དགོན་ཕོ་བྲང་དུ་ཁྲིར་བཀོད། དགུང་ལོ་དགུ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་དྲུང་དུ་རབ་ཏུ་བྱུང༌། གླིང་སྨད་པ་དཀོན་མཆོག་ཆོས་འཕེལ་སོགས་གྲུབ་མཐའ་སོ་སོའི་མཁས་པ་མང་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་དང་གསང་སྔགས་གསར་རྙིང་གི་ཆོས་སྐོར། དབང་ལུང་མན་ངག སྒྲ་སྙན་ངག གསོ་བ་རིག་པ། རྩིས་དཀར་ནག་དབྱངས་འཆར་དང་བཅས་པར་མཐར་ཕྱིན་པར་སྦྱངས་ཏེ་པཎྜིཏ་ཆེན་པོར་གྱུར།
         1642ལོར་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་ནས་སྲིད་དབང་དགུང་ལོ་ཉེར་དྲུག་ལ་སོན་པའི་ཁོང་ལ་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཏེ་དམར་བོ་རི་ལ་རྩེ་ཕོ་བྲང་དཀར་བོ་བཞེངས། ཁོང་གིས་ལོ་རེ་གཉིས་ལ་ཆབ་སྲིད་བཟུང་བ་མ་གཏོགས་ཆབ་སྲིད་སྐྱོང་མཁན་སྡེ་བ་ལོགས་སུ་བསྐོས་ཤིང༌། བསྟན་འཛིན་ཆོས་རྒྱལ་ཡང་དམག་དཔོན་གྱི་གོ་གནས་བྱིན་ཏེ་བོད་ཁམས་བདེ་འཇགས་ཀྱི་འགན་ཁུར་དུ་བཅུག་ཡོད། བོད་ཀྱི་ས་ཆ་སོ་སོར་ས་མི་ཞིབ་དཔྱོད་དང༌། སྒོ་ཁྲ་ཐེམ་བཤེར་གྱིས་ལོ་རེའི་ཁྲལ་སོགས་གཏན་འབེབས་བྱས་དེབ་ལྟེབས་འགོ་བཅུ་ཕྲག་རེ་ཡོད་པའི་སྦུག་ཐམ་སྦྱར་མའི་དེབ་ཁག་ལྔ་བཅུ་ང་དྲུག་གསར་བཟོ་གནང༌། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་གྲངས་དང་དུད་ཁྱིམ་ཞིབ་བཤེར་ཕྲ་ཞིང་ཞིབ་པར་བྱས་པ་ཞིག་རེད།
        1652ལོར་མན་ཇུ་གོང་མས་ཡང་ཡང་གདན་འདྲེན་ཞུ་བ་བཞིན་པེ་ཅིན་དུ་ཕེབས། གོང་མས་བསུ་བ་ཞབས་ཏོག་གཟབ་རྒྱས་ཞུས་པ་དང་འབྲེལ་གསེར་གྱི་བྱང་བུ་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་བའི་ངོས་སུ། ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང༌། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོ་བླ་མ། ཞེས་བོད་རྒྱ་ཧོར་གསུམ་གྱི་ཡི་གེ་ཤན་སྦྱར་འཁོད་པ་ཞིག་ཕུལ།རྒྱལ་དབང་མཆོག་ནས་མན་ཧོར་བོད་གསུམ་གྱི་ཡི་གེའི་ཐོག་ནས། གནམ་གྱི་ལྷ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ། ཞེས་པའི་མཚན་བསྟོད་འབུལ་གནང་མཛད།
        1659ལོར་དོན་གཅོད་བསོད་ནམས་དབང་རྒྱལ་མཚོ་སྔོན་པོར་མངགས་ནས་སོག་པོའི་དཔོན་ཁག་ཕན་ཚུན་ནང་འགལ་མི་བྱེད་པར་རྒྱལ་བའི་བཀའ་ལ་བརྩི་བའི་དམ་བཞག་མནའ་གན་མཐུ་མོ་ཆེ་བཞེས་པ་དེས་སོག་པོའི་ནང་ཁུལ་གྱི་འཁྲུག་པ་ཞི་འཇགས་སུ་གྱུར་པ་དང༌། དགའ་ལྡན་ཕོ་བྲང་ཆབ་སྲིད་བརྟན་ཞིང་རྒྱ་སོག་མཚམས་ཀྱི་ཞི་བདེ་ལ་ཡང་ཕན་ནུས་ཆེན་པོ་ཐོན།
        1667ལོར་མཚོ་སྔོན་ཤར་མཚམས་སུ་རྒྱ་སོག་འཁྲུག་གཞི་བྱུང་བར་གོང་མས་ལྔ་བ་ཆེན་པོར་སོག་པོའི་དཔོན་ཁག་ལ་གོ་གསེད་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར་སྐུ་ཚབ་ཆེད་གཏོང་གིས་སོག་པོའི་དཔོན་རིགས་རྣམས་ལ་སློབ་སྟོན་གནང་བས་རྒྱ་སོག་བར་དུས་བདེ་ཞོད་འཇགས་བྱུང༌། དགུང་ལོ་ང་བཞི་ལ་བསམ་ཡས་གཙུག་ལག་ཁང་དང་ལྷ་ས་གཙུག་ལག་ཁང་ཉམས་གསོ་གནང༌། ལྷོ་ཁ་ཐང་བོ་ཆེ་སོགས་ལ་གསེར་ཆོས་ཀྱི་བཀའ་འགྱུར་གསར་བཞེངས་གནང༌། དགུང་ལོ་ང་དྲུག་ནས་ལོ་གསུམ་རིང་རྩེའི་བསྟན་མ་ལྕོག་དང༌། གྲྭ་ཤག ཆོས་འཁོར་རྒྱལ་སོགས་ཉམས་གསོ་གནང༌།
        1679ལོར་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས། ཁོང་གིས་བོད་ཀྱི་ཆེད་དུ་སྡེ་སྲིད་འདི་ཆུང་དུས་ནས་བུ་བཞིན་བསྐྱངས། ཆོས་དང་རིག་གནས། ཆབ་སྲིད་སོགས་ཆེད་དུ་སྦྱོང་དུ་བཅུག་ནས་བོད་ཀྱི་རྒྱལ་བོ་ལ་འདི་ལས་མཁྱེན་པ་ཡངས་པ་མེད་པའི་ཚོད་དུ་སྣང༌། བོད་ཀྱི་ཆབ་སྲིད་ཀྱི་ཆེད་དུ་སྡེ་སྲིད་ཀྱིས་གང་མཛད་ཐམས་ཅད་ཁོང་གིས་གནང་བ་དང་ཁྱད་པར་མེད་པའི་བཀའ་ཡིག་བསྒྲགས། དེ་ནས་བཟུང་ནས་སྲིད་ཕྱོགས་ཀྱི་མཛད་པ་ཆེར་མ་བསྐྱངས་པར་གཙོ་བོ་ཆོས་ཕྱོགས་ཀྱི་ཐུགས་དམ་ཉམས་བཞེས་ཁོ་ནར་གཞོལ་བར་མཛད།
        གསུང་རྩོམ་ཕྱི་ནང་པོད་ཆེན་སུམ་ཅུ་སོ་བཞི་བཞུགས་ཆུ་བོ་གངྒའི་ཤར་ཕྱོགས་ཀྱི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང༌། གསར་ཕྱོགས་ལ་འཇམ་དབྱངས་མཁྱེན་བརྩེ་དང༌། རྙིང་ལུགས་ལ་བྱང་བ་བཀྲས་སྟོབས་ཀྱི་ལུགས་ཁོ་ན་ཐུགས་རྩིས་སུ་མཛད། དེ་བཞིན་བྲག་ཡེར་པར་དགའ་ལྡན་གསང་སྔགས་ཡང་རྩེའི་དགོན་པ། ཆུ་ཤུར་དགའ་ལྡན་ཆོས་འཁོར་ཡང་རྩེ། དོལ་གསུམ་རབ་གླིང༌། ལྷ་རྩེ་འོག་མིན་གླིང༌། ལྷོ་བྲག་དོན་གཉིས་གླིང་ཡར་སྟོད་ཐོས་བསམ་དར་རྒྱས་གླིང༌། ས་དགའ་འཕེལ་རྒྱས་གླིང༌། གསང་སྔགས་བྱང་ཆུབ་གླིང༌། གོང་དཀར་བཤད་སྒྲུབ་གླིང༌། ཉུག་དགའ་ལྡན་ཆོས་གླིང༌། གཙང་ཕུང་པོ་རི་བོ་ཆེ་སོགས་དབུས་གཙང་ཁམས་སོགས་ཀྱི་ཡུལ་དུ་ཆོས་སྡེ་གསར་བཞེངས་བགྲང་གིས་མི་ལང༌།
        བླ་ན་མེད་པའི་སྐྱེས་ཆེན་འདི་དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི1682ལོའི་བོད་ཟླ་གཉིས་པར་སྐུ་གཤེགས་ནས་རིང་བོ་ཞིག་འགོར་སོང༌། ང་ཚོས་ལོ་རྒྱུས་ཡིག་ཚང་ལས་ཁོང་ངོ་ཤེས་ཤིང་ཁོང་གི་མཛད་པ་ལ་དོ་སྣང་བྱ་དགོས་བྱུང༌། ཁོང་གི་མཛད་རྗེས་གཙོ་བོ་ནི་དགའ་ལྡན་ཕོ་བྲང་བཙུགས་ཏེ་བོད་སོག་མཐའ་དག་བཀས་དབང་བསྒྱུར། ཕོ་བྲང་དཀར་བོ་བརྩིགས་ཏེ་ལུགས་ཟུང་གི་མཛད་པ་དང་འཕྲིན་ལས་རྒྱས་པར་སྤེལ། བལ་ཡུལ་སོགས་ལའང་ཆོས་དང་ཤེས་རིག་ཚོང་བཅས་ཀྱི་འབྲེལ་བའི་མཐུན་ལམ་སྐྱོང་མཁས་གནང་བ་དང༌། བོད་ཀྱི་དཔལ་འབྱོར་གྱི་ཆེད་དུ་ལྷ་སར་ཡོད་པའི་ཁ་ཆེ་དང་བལ་བོ་སོགས་ནས་ཀྱང་ཆོས་ལུགས་ཅི་བདེར་བྱས་པ་སོགས་བྱས། གྲུབ་མཐའ་རིས་མེད་བསྐྱངས་ནས་ཆོས་ལུགས་ཕྱོགས་ཞེན་གྱི་འཐབ་རྩོད་ཞི་བར་བྱས། གསར་དུ་ཚུགས་པའི་དགའ་ལྡན་ཕོ་བྲང་བརྟན་པར་བྱས་ཤིང་བོད་ཀྱི་མ་འོངས་པའི་ཆབ་སྲིད་བརྟན་པའི་ཆེད་དུ་སྡེ་སྲིད་ཆེད་དུ་གསོ་སྐྱོང་བྱས་པ་སོགས་མཛད་པ་རྒྱ་ཆེར་མཛད།
        ཕངས་པ་ཞིག་ལ་ཆེད་དུ་ཁོང་གི་མཛད་པ་སྐྱོང་བར་ཐག་བཅད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཁོང་གིས་ཐུགས་དགོངས་ཀྱི་ཟུར་ཙམ་ལས་བསྒྲུབས་མ་ཐུབ་ལ། ཁོང་གིས་ཆེད་དུ་གསོ་སྐྱོང་གནང་བའི་ཆབ་སྲིད་པ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་ཁོང་གི་དགོངས་པ་ཇི་བཞིན་སྒྲུབ་མ་ཐུབ། འདི་ནི་ལོ་རྒྱུས་ཀྱི་སྐྱོ་བ་ཞིག་མ་ཡིན་ནམ།


འབྲེལ་ཡོད་འོས་སྦྱོར།