དགེ་ལུགས་པའི་མཛད་འཕྲིན་ཕྱོགས་མཐར་སྤེལ་བའི་རི་ཁྲོད།
དགེ་ལུགས་པའི་མཛད་འཕྲིན་ཕྱོགས་མཐར་སྤེལ་བའི་རི་ཁྲོད།
__སེ་ར་ཆོས་སྡིངས།
སེ་ར་ཆོས་སྡིངས་ནི་དགེ་ལུགས་པའི་དགོན་པ་སེ་འབྲས་དགེ་གསུམ་བཞིན་དུ་མིང་གྲགས་ཆེ་བ་ཞིག་ཡིན་ལ་སེ་ར་དགོན་པའི་ཤར་ངོས་སུ་ཡོད། གནས་འདི་ནས་དགེ་ལུགས་པའི་རྨང་འདིང་བའི་ཐུགས་སྨོན་ལྷུན་གྱིས་གྲུབ་པ་མ་ཟད། རྗེ་ཙོང་ཁ་བ་སྐུ་གཤེགས་པའི་གནས་ཀྱང་རེད།
གནས་འདིར་ཁམ་བུ་སོགས་འབྲས་ལྡན་ཤིང་གིས་མཛེས་ཤིང་མེ་ཏོག་བཀྲ་ཞིང་ཁུ་བྱུག་སོགས་འདབ་ཆགས་ཀྱི་དབྱངས་སྙན་སྒྲོག་པས་ཉམས་དགའ། དབྱར་བསིལ་ཞིང་དགུན་དྲོ་བ་ལ་ཆུ་ལུས་བདེ་ཞིང༌། དགེ་སྦྱོར་བསྒྲུབ་པ་བོགས་འབྱིན་པའི་དབེན་གནས་ཁྱད་དུ་འཕགས་པ་ཞིག་ཡིན། ཡིན་ན་ཡང༌། རྗེ་བླ་མ་འདིར་བཞུགས་ནས་མཛད་འཕྲིན་རྒྱ་ཆེན་པོ་དེ་བསྐྱངས་པ་མིན་ན་ད་ལྟ་ལྟ་བུའི་གནས་ཁྱད་པར་ཅན་ཞིག་ཏུ་ཅིའི་ཕྱིར་གྱུར་རམ་སྙམ་དུ་བསམ་བྱུང༌། དེ་བས་སེ་རའི་དཔེ་ཆ་བ་རྣམས་ཆོས་སྡིངས་ཀྱི་བྲག་ཕུག་སོགས་སུ་བློ་འཛིན་དང་གཞུང་ཆེན་དཔྱད་པ་བྱེད་པ་སོགས་ལ་བཟའ་བཏུང་འཚོ་གོས་ཀྱིས་དབུལ་ཀྱང་ཅི་མི་སྙམ་པར་དཔེ་མཚམས་པ་རྒྱུན་མི་ཆད་སྐད།
རྗེ་བདག་ཉིད་ཆེན་པོ་སེ་ར་ཆོས་སྡིངས་སྒྲུབ་ཁང་སེར་བོར་སྐུ་མཚམས་བཅད་རྒྱར་བཞུགས་ཏེ་དབུ་མ་རྩ་ཤེའི་རྣམ་བཤད་རིག་པའི་རྒྱ་མཚོ་བརྩམས་ཤིང་དྲང་ངེས་ལེགས་བཤད་སྙིང་བོའང་གནས་འདིར་རྩོམ་པའི་དབུ་བཙུགས་ཏེ་ར་ག་བྲག་གི་དབེན་གནས་སུ་གྲུབ། ཁོང་གི་བསྟན་བཅོས་རྩོམ་པའི་བར་དུ་གསང་བ་འདུས་པ་རིམ་ལྔ་གསལ་སྒྲོན་དང༌། མ་རྒྱུད་རྫོགས་རིམ་འགའ་ཞིག་གསུངས།
ཉེ་འཁོར་གྱི་དགའ་སྐྱོར་ཟུལ་གསུམ་སོགས་སྡེ་སྣོད་འཛིན་པ་དྲུག་བརྒྱ་ཙམ་ལ་རྩ་ཤེའི་རྣམ་བཤད་ཆེན་པོའི་བཤད་ལུང་རྒྱས་པ། དབུ་མ་རྩ་བ་ཤེས་རབ་དང༌། དྲང་ངེས་རྣམ་འབྱེད། བཞི་བརྒྱ་པ། གསང་སྔགས་ལམ་རིམ། རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་བ་སོགས་ཞིབ་པར་གསུངས་ཤིང༌། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པ་གནང༌། ཡང་བྱམས་ཆེན་ཆོས་རྗེ་སོགས་ཆོས་སྡིངས་སུ་བཞུགས་པའི་འཁོར་ཚོགས་མང་བོ་ལ་དཔལ་གསང་བ་འདུས་པའི་འགྲེལ་བ་སྒྲོན་གསལ་མཆན་བུ་དང་བཅས་པ་དང་བཤད་རྒྱུད་འགའ་ཤས་ཀྱི་ལུང༌། རིམ་ལྔའི་བཀའ་ཁྲིད། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྒྱས་པ། དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་ཟེར་གྱི་བཤད་ཆོས་ཞིབ་པ། ནཱ་རོ་ཆོས་དྲུག དབུ་མ་འཇུག་པ། ཚད་མ་རྣམ་འགྲེལ། བདེ་མཆོག་རྩ་བའི་རྒྱུད་སོགས་གནང་བ། རྩ་ཤེའི་འགྲེལ་ཆེན་རིག་པའི་རྒྱ་མཚོ་གསུང་དུས་རྗེ་ཤེས་རབ་སེང་གེས་ང་ཡང་མཐར་གཏུགས་ན་མི་འདུག་དགོངས་ཏེ་ཅུང་དངངས་པའི་ཚུལ་གྱིས་སྟོད་འགག་གི་སྣེ་མོ་ནས་འཆང་བར་མཛད་པ་ལ། རྗེ་ཙོང་ཁ་བས་གཙང་སྣར་ཐང་བ་འདིས་ལྟ་བ་མཐར་ཐུག་པ་བརྙེས་སོང་ཞེས་ཚོགས་ཀྱི་དབུས་སུ་གསུངས།
རྗེ་རིན་པོ་ཆེས་ཆོས་སྡིངས་སུ་མ་རྒྱུད་རྫོགས་རིམ་དཔྱིད་ཐིག་གསུངས་པའི་ཚེ་གང་གསུངས་ཐམས་ཅད་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཐུགས་སུ་ཆུད། དེ་མ་ཐག་ཟིན་བྲིས་སུ་བཏབ་པ་རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་མཛད་ཡོད། གནས་དེར་རྗེ་དངོས་སློབ་དང་བརྒྱུད་པའི་སློབ་མ་མང་བོ་ཉམས་བཞེས་མཛད།
མཁས་གྲུབ་རིན་པོ་ཆེར་རྗེ་བཙུན་རེད་མདའ་བ་ཆེན་པོས་ཁྱོད་ཙོང་ཁ་བ་དང་མཇལ་ན་གཞན་དང་མི་འདྲ་བ་ཞིག་འོངས་ཞེས་བསྐུལ་བ་བཞིན་མེ་ཕག་ལོར་འདིར་ཕེབས། རྗེའི་སློབ་མ་རྣམས་ཀྱང་འདུལ་བ་ནས་གསུངས་པ་ལྟར་གྱི་ཀུན་སྤྱོད་ཞི་དུལ་གྱིས་ལུས་ཀྱི་བ་སྤུ་གཟེངས་ཤིང་འཇིགས་ཞུམ་པར་གྱུར། རྗེ་ཙོང་ཁ་བས་སྔགས་ཀྱི་གདམས་པ་མང་བོ་དང་གསང་བའི་རྣམ་ཐར་རྣམས་ལྐོག་ཆོས་སུ་གནང་ནས་ད་ཁྱོད་ལ་མན་ངག་རྣམས་རྫོགས་པར་བཤད་ཡོད་པས་ང་ཡི་སྔགས་ཀྱི་ཡིག་ཆ་འདི་རྣམས་ཀྱིས་དཀའ་གནད་རྣམས་ལ་ཟིན་བྲིས་ཐོབས་ལ་རང་ཡང་ཉམས་སུ་ལོངས། སྣོད་ལྡན་གྱི་གདུལ་བྱ་རེ་གཉིས་ཙམ་བྱུང་ན་དེ་རྣམས་ལ་ཤོད། ངའི་མདོ་སྔགས་ཀྱི་བསྟན་བཅོས་འདི་རྣམས་ལ་དགོངས་འགྲེལ་རྣམ་དག་རྩོམས། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་དང་ངའི་སྔགས་ཀྱི་བསྟན་པ་འདི་རྣམས་རྒྱས་པར་གྱིས་ཤིག་གསུངས་ནས་བསྟན་པ་ཡོངས་སུ་རྫོགས་པ་གཏད་དོ། །
རྗེ་ཤེས་རབ་སེང་གེས་ཀྱང་གནས་འདིར་རྗེ་བླ་མའི་དྲུང་དུ་བྱང་ཆུབ་ལམ་རིམ་གྱི་དོན་རྣམས་ཉམས་ལེན་དུ་དྲིལ་བ་གསུང་བཤད་དང་བཅས་པ་གསན་པས་ཐུགས་རང་དབང་མེད་པར་འཕྲོགས་ཏེ། བཤེས་གཉེན་བསྟེན་ཚུལ་ནས་ལྷག་མཐོང་ལ་སློབ་པའི་བར་གྱི་ལམ་རྣམས་དམིགས་པའི་རིམ་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་པས་ལམ་ཐུན་མོང་བ་ལ་ཐུགས་ངེས་ཆེན་པོ་འཁྲུངས་ཤིང༌། ལམ་རིམ་འཇམ་དཔལ་ཞལ་ལུང་ཡང་རྗེ་བླ་མས་ཐད་ཀར་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ལ་བརྒྱུད་པ་ཡིན།
མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ནི་བཀའ་བབས་ཀྱི་བུ་ཆེན་དྲུག་གི་གྲས་ནས་དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས་དང༌། གསང་བདེའི་བསྐྱེད་རྫོགས་སོགས་ཀྱི་བཀའ་བབས་ཡིན་ལ། དེ་དུས་རྗེ་བདག་ཉིད་ཆེན་པོས་འགྲེལ་བ་བཞི་སྦྲགས་ཕྱག་ཏུ་བསྣམས་ནས་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་བཀའ་ལན་འགའ་ཞིག་བསྩལ་བ་ན། མཁས་པ་གཞན་སུས་ཀྱང་ཞལ་གྱིས་བཞེས་མ་ནུས་པའི་ཚེ་རྗེ་ཤེས་རབ་སེང་གེ་འདི་ཉིད་ཀྱིས་དེ་ལྟ་བུ་བདག་གིས་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་མཛད་པས་རྒྱལ་བ་ཙོང་ཁ་བ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས་གསང་བ་འདུས་པའི་གསེར་སྐུ་ཁྱད་འཕགས་དང༌། འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ། གཏེར་ནས་བཞེས་པའི་དམ་ཅན་ཆོས་རྒྱལ་གྱི་ཞལ་འབག་འཆམ་གོས་དབྱུག་ཏོ་སོགས་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ། གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་འཆད་ཉན་མཛོད་དང༌། གནོད་སྦྱིན་མ་ཆེན་མོ་ཞིག་གིས་སྦྱིན་བདག་གཙོ་བོ་བྱེད་པར་འདུག་ཅེས་ལུང་བསྟན་ཡང་གནང༌།
དེ་ལྟར་རྗེ་རིན་པོ་ཆེས་རྗེ་བཙུན་ཤེས་རབ་སེང་གེ་ལ་ཕ་རྒྱུད་གསང་བ་འདུས་པ་དང༌། མ་རྒྱུད་འཁོར་ལོ་སྡོམ་པ་གཉིས་ཀྱི་རྒྱུད་འགྲེལ་དང༌། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རྒྱུན་མི་ཉམས་པར་བྱ་བའི་ཕྱིར་རྒྱུད་གྲྭ་འཛུགས་དགོས་པའི་བཀའ་ཕེབས་པ་ལྟར་མཁས་གྲུབ་ཆེན་པོ་ཤེར་སེང་པས་བསྐྱེད་རྫོགས་ཀྱི་ཁྲིད་ཆེན་བརྒྱད་དང་དེའི་སྟེང་ལམ་རིམ་གྱི་ཁྲིད་དང༌། དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་བཅས་ཁྲིད་ཆེན་བཅུ་འདེབས་པར་མཛད་ཅིང༌། རྒྱུད་ཀྱི་འཆད་ཉན་ཆེ་ཆེར་སྤེལ་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་བཙུགས་ཤིང༌། དེ་རྗེས་ཤེར་སེང་གི་སློབ་མ་རྒྱུད་ཆེན་སྦྱིན་པ་དཔལ་བ་ལ་རྒྱུད་ཀྱི་འཆད་ཉན་གཏད། འདུལ་ནག་པ་དཔལ་ལྡན་བཟང་བོས་གཙང་སྲད་དུ་རྒྱུད་གྲྭ་བཙུགས་ནས་འདུས་པའི་བཤད་སྲོལ་སྤེལ། པཎ་ཆེན་བཟང་བོ་བཀྲ་ཤིས་ཀྱིས་གཙང་གངས་ཅན་དུ་མདོ་སྔགས་ཀྱི་བཤད་གྲྭ་བཙུགས། རྗེ་ཀུན་དགའ་དོན་གྲུབ་ཀྱིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་བཙུགས། དེ་དག་ལས་བརྒྱུད་པའི་ཕྱོགས་མཐའ་ཀུན་ཏུ་དགེ་ལུགས་པའི་དགོན་པ་ཇི་སྙེད་ཅིག་རིམ་པར་ཕྱག་བཏབ་ནས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཆེ་ཆེར་དར་བ་ཡིན་ནོ། །
དེ་ཡང་རྗེ་ཙོང་ཁ་བ་ཆེན་པོ་སེ་ར་ཆོས་སྡངས་སུ་སྐུ་མཚམས་ཤིན་ཏུ་དམ་པར་མཛད་པའི་སྐབས་སུ་གོང་མ་ཡུང་ལོས་གདན་འདྲེན་ཞུ་མི་མངགས་པར་ཕེབས་མ་ཐུབ་རྐྱེན། སྐུ་ཚབ་ཏུ་བྱམས་ཆེན་ཤཱཀྱ་ཡེ་ཤེས་མངགས་གཏོང་མཛད་ཅིང༌། གོང་མས་བྱམས་ཆེན་ཆོས་རྗེ་ལ་རྒྱལ་བ་ཙོང་ཁ་བའི་བསྟན་པའི་སྙིང་བོ་རྣམས་དར་བ་ཞིག་བྱ་འདོད་པས་མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་རྣམས་སྒྲུབ་ཅིང་མཆོད་པ་བྱེད་དགོས་གསུངས་ཤིང༌། བྱམས་ཆེན་ཆོས་རྗེ་ནས་གོང་མར་ཆོས་འབྲེལ་ཟླ་བ་གསུམ་གྱི་རིང་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་སྒྲུབ་མཆོད་མཛད་པར་སྤྲིན་མེད་ཀྱི་ནམ་མཁའ་ལས་ལྷའི་མེ་ཏོག་གི་ཆར་འབེབས་པ་དང༌། ལྷའི་རོལ་མོ་གྲགས་པ།འཇའ་རིས་སུ་དབྱིབས་རྒྱལ་མཚན་དང་རྡོ་རྗེ། འཁོར་ལོ། པད་མ། སྣ་ཚོགས་རྡོ་རྗེ་ཤར་བ་རྣམས་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང༌། གོང་མའི་རྨིས་ལྟས་བཟང་བ་དང༌། བྱམས་ཆེན་ཆོས་རྗེ་རང་ཉིད་ཀྱང་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་ཡང་ཡང་གཟིགས་པ་དང༌།བདེ་མཆོག་འཆི་བ་ཐར་བྱེད་ཀྱི་དབང་བསྐུར་ནས་བུམ་པ་གོང་མའི་སྤྱི་བོར་བཞག་པས་བདུད་རྩིས་བུམ་པ་གང་སྟེ་འཕྱུར་བ་དང་ཚེ་རིལ་འོད་འཚེར་བ་སོགས་ཀྱི་གྲུབ་རྟགས་མང་བོ་བསྟན། གོང་མ་ཆེན་པོ་ཐུགས་དད་ཚད་མེད་སྐྱེས་ཏེ་གསེར་གྱི་འཁོར་ལོ་ཡོད་པའི་ཐམ་ཀ་དང་འབུལ་བ་ཚད་མེད་བཅས་གནང་སྟེ་བསྔགས་བརྗོད་གཟེངས་བསྟོད་མཛད།
དེ་ནས་ཕྱིར་ཕེབས་ཏེ་སེ་ར་ཆོས་སྡིངས་སུ་རྗེ་ཙོང་ཁ་བ་འཁོར་དང་བཅས་པ་ལ་བསྙེན་བཀུར་རྒྱ་ཆེར་མཛད་ཅིང་སླར་ཡང་རྗེ་བླ་མ་ལས་གསུང་གི་ཟབ་ཆོས་མང་དུ་གསན། དེ་སྔོན་རྩ་ཤེའི་ཊིཀ་ཆེན་མཛད་སྐབས་ཤེར་ཕྱིན་གྱི་ཡི་གེ་གསེར་ཞུན་གྱིས་བྲིས་པ་བར་སྣང་གང་བ་ཨ་བཅུ་གསུམ་དུ་གྱུར་ནས་ཆོས་སྡིངས་འདབས་ཀྱི་བྲག་ལ་ཐིམ་པའི་ཚེ་དེ་ན་ཐེག་ཆེན་བཤད་སྒྲུབ་མ་ལུས་པ་འདུ་བའི་སྡེ་ཞིག་འབྱུང་བར་ལུང་བསྟན་པ་ལྟར། རྗེ་རིན་པོ་ཆེ་སྟོད་ལུང་གི་ཆབ་ཚ་ནས་ལྷ་སར་བྱོན་པའི་སྐབས་བྱམས་ཆེན་ཆོས་རྗེས་སེ་ར་ཆོས་སྡིངས་སུ་སྤྱན་དྲངས་ཏེ་བསྙེན་བཀུར་ཕུལ། དེའི་ཚེ་རྗེ་བླ་མས་བྱམས་ཆེན་ཆོས་རྗེ་ལ་སེ་རར་དགེ་འདུན་གྱི་སྡེ་བཙུགས་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་འཆད་ཉན་གྱི་བསྟན་པ་རྒྱ་ཆེར་སྤེལ་དགོས་པ་དང༌། རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པ་ཞིག་བྱེད་དགོས་པའི་སློབ་སྟོན་རྒྱས་པ་གནང༌། བྱམས་ཆེན་ཆོས་རྗེ་ནས་རྗེ་རིན་པོ་ཆེའི་བཀའ་བཞིན་གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ་དཔལ་གསང་བ་འདུས་པ་དང༌། བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་ཚུགས་པའི་གྲྭ་ས་རྣམ་པར་དག་པ་འཛུགས་པའི་ཞལ་བཀོད་མཛད་ཅིང༌། ཆོས་དཔོན་བསྐོ་བ་ལ་སོགས་པ་མཛད་ནས་རྟེན་འབྲེལ་དུ་ཆོས་སྡིངས་སུ་གསོ་སྦྱོང་མཛད། རྒྱུད་ཀྱི་རྒྱལ་བོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས་པ་ལ་སོགས་པ་རྟེན་འབྲེལ་བསྒྲིགས་པར་མཛད་པའི་གོ་རིམ་བརྒྱུད་དེ་སེ་ར་ཐེག་ཆེན་གླིང་བཏབ།
དེ་ནས་རིང་བོ་མ་ལོན་པར་མཉམ་མེད་ཙོང་ཁ་བ་ཆེན་པོ་སྐུ་གཤེགས་པར་བརྟེན་སེ་ར་ཆོས་སྡིངས་སུ་བྱམས་ཆེན་ཆོས་རྗེ་རང་ཉིད་ཀྱིས་གཙོས་དགེ་འདུན་མང་བོས་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ནས་ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ། སེ་ར་ཐེག་ཆེན་གླིང་ཕྱག་བཏབ་པའི་རྨང་གཞི་འདིངས་བར་མཛད། ཕྱི་ལོའི་དགོངས་རྫོགས་དུས་ཆེན་ཏེ། དགའ་ལྡན་ལྔ་མཆོད་ཐོག་མ་དེ་ར་ཁ་བྲག་ཏུ་ཚོགས་ནས་རྗེ་བླ་མ་ལ་རྗེས་དྲན་ཞུས་པར་མེ་ཏོག་གི་ཆར་བབས་པ་ལག་ཏུ་ལེན་རྒྱུ་ཡོད་པ་སོགས་བྱུང་ངོ༌།།
ཆུ་བྱ་ལོ་སྟེ1813ལོར་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་འདིར་སྒྲུབ་པ་མཛད་དུས་གཟིམ་ཁང་སེར་པོའམ་སྒྲུབ་ཁང་སེར་པོར་གྲགས་པའི་བྱིན་རླབས་ཁྱད་པར་ཅན་གྱི་གནས་དེར་གྱང་དུམ་ཞིག་ལས་མི་འདུག་པ་གཟིགས་ནས་གཟིམ་ཁང་ཀ་གཉིས་མའི་སྦུག་གི་རྩིག་ཁོངས་སུ་སྔར་གྱི་གྱང་རོ་རྙིང་བ་བྱིན་ཅན་རྣམས་ནང་རྟེན་སྙིང་བོའི་ཚུལ་དུ་བཞུགས་པ་ལ་ལོགས་རིས་ཚོན་གྱིས་མཛེས་པར་བྱས། དེའི་ཤར་དུ་བདེ་ཡང་སླར་གསོ་མཛད་དེ་ཐོས་བསམ་སློབ་གཉེར་འབད་པའི་དཔེ་ཆ་བ་དཔེ་མཚམས་དང་སྤོང་བ་བསམ་གཏན་པ་རྣམས་རྒྱུད་སྡེ་ཅི་རིགས་པ་ལ་བརྟེན་པའི་མཚམས་བསྙེན་སྒྲུབ་མཛད་པའི་བཞུགས་ཡུལ་ཆེས་འཚམས་ཤིང་ཡིད་དུ་འོང་བ་ཞིག་ཏུ་གྱུར།
དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལོ་ལྟར་དབྱར་ཟླ་དྲུག་པའི་ཚེས་ཤར་ལ་ཚལ་དུ་རྒྱུད་པའི་ཆོས་ཐོག་ཉིན་བཅོ་ལྔ། དེ་ནས་འབྲས་སྤུངས་སུ་ཉིན་བདུན་ཚོགས་རྗེས། བོད་ཟླ་དྲུག་པའི་གནམ་གང་ནས་བདུན་པའི་ཚེས་དྲུག་བར་སེ་ར་ཆོས་སྡིངས་རྒྱུད་ཁང་དུ་ཆོས་ཐོག་འཚོག་དགོས།
ལྷག་པར་རིག་གསར་སྐབས་སྒྲུབ་ཁང་སེར་བོ་རྩ་མེད་དུ་བཏང་སྟེ། ཆོས་ཐོག་ཁང་ལུག་རྫི་ར་རྫི་སྡོད་གནས་སུ་གྱུར། 1981ལོར་སེ་རས་སྒྲུབ་ཁང་སེར་བོ་སྔར་གྱི་དབྱིབས་ལྟར་ཉམས་གསོ་མཛད་ཅིང་ཆོས་ཐོག་ཁང་དུ་ཡབ་སྲས་གསུམ་གྱི་སྐུ་བརྙན་གསར་བཞེངས་དང༌། རྗེའི་གསུང་ཆོས་ར་བར་གུར་ཕིབས་ཏེ་བཞུགས་ཁྲི་བཅས་ཉམས་གསོས་བྱ་བར་སེ་ར་དགོན་ནས་ཀྱང་སྐུ་གཉེར་མངགས་གཏོང་སོགས་དོ་དམ་གནང་མུས་ཡིན།
དེ་བས་རི་ཁྲོད་འདི་ནི་དགེ་ལུགས་པར་མཚོན་ན་སེ་ར་ལས་ཀྱང་བྱིན་ཆེ་བའི་གནས་ཤིག་ཡིན་ལ། དགའ་ལྡན་ལས་ཀྱང་མཛད་འཕྲིན་རྒྱས་པའི་གནས་ཤིག་ཀྱང་རེད། ཡིན་ན་ཡང༌། གནས་ཁྱད་པར་ཅན་འདིའི་སྒོ་ལ་ཟྭ་ཆེན་པོ་ཞིག་བརྒྱབས་ཏེ་ནང་དུ་མཇལ་བར་འགྲོ་བའི་སྐལ་བ་འཕྲོག་པས། བདག་ཡུན་རིང་ཞིག་ལ་བསྡད་ཅིང་རྗེ་ཙོང་ཁ་བ་ཆེན་པོ་དང་ལས་འབྲེལ་ཟབ་མོ་ཞིག་ཆགས་པར་སྨོན་ལམ་བཏབ་པ་ཡིན།