མ་ཎི་རྡོ་འབུམ་བཞེངས་པའི་ཕན་ཡོན་ངོ་མཚར་ཉེར་དགུ་མ་བཞུགས་སོ།
སེར་ཤུལ་རྫོང་གསང་གི་མ་ཎི་རྡོ་མཁར།
དཀོན་མཆོག་གསུམ་གྱི་རྩ་བ་ནི། །ཡིག་གེ་དྲུག་མ་ངོ་མཚར་ཆེ། །མི་ལོ་མང་པོ་མི་འཛད་པའི། །རྡོ་ལ་བརྐོ་བ་ངོ་མཚར་ཆེ། །གསེར་གྱི་ས་གཞི་གདན་དུ་བཏིང་། །འབོལ་གདན་མི་དགོས་ངོ་མཚར་ཆེ། །འཇའ་སྤྲིན་ན་བུན་གུར་དུ་ཕུབ། །ཐོག་འགེབ་མི་དགོས་ངོ་མཚར་ཆེ། ། གོར་མོ་རྡོ་ལ་བྲི་ས་བྱས། །ཤོག་བུ་མི་དགོས་ངོ་མཚར་ཆེ། །རྣོན་པོ་ལྕགས་ཀྱི་སྨྱུ་གུ་བྱས། །སྣག་མཚལ་མི་དགོས་ངོ་མཚར་ཆེ། །རང་བྱུང་ལྷུན་གྲུབ་རྡོ་འབུམ་ལ། །ཁང་པ་མི་དགོས་ངོ་མཚར་ཆེ། །ལ་ཁ་ཇག་པ་སྟོང་འོང་ཡང་། །དེད་རྒྱུ་མེད་པ་ངོ་མཚར་ཆེ། །ལུང་ཁུང་རྐུན་མ་བརྒྱ་འོང་ཡང་། །ཁུར་རྒྱུ་མེད་པ་ངོ་མཚར་ཆེ། །མཐོན་པོ་བཙན་པོ་ཁྲི་ཕྲག་གིས། །འཕྲོག་རྒྱུ་མེད་པ་ངོ་མཚར་ཆེ། །དུས་ཀྱིས་འཕོ་འགྱུར་ཅི་འོང་ཡང་། །སེམས་ནད་མེད་པ་ངོ་མཚར་ཆེ། །ས་སྟོང་ལུང་སྟོང་བཞུགས་ན་ཡང་། །བདག་པོ་མི་དགོས་ངོ་མཚར་ཆེ། །ལན་གཅིག་བཞེངས་ན་བློ་བདེ་ནས། །སེར་སྣ་མེད་པ་ངོ་མཚར་ཆེ། །ཡི་གེ་འབྲུ་མ་དྲུག་པོ་ལ། །ཆད་ལྷག་མེད་པ་ངོ་མཚར་ཆེ། །འཇིག་རྟེན་འཁོར་བ་མ་སྟོང་བར། །དཀའ་ཚགས་མི་དགོས་ངོ་མཚར་ཆེ། །ཆུ་དང་ཆར་པ་ཁ་བ་ཡིས། །ཞིག་རྒྱུ་མེད་པ་ངོ་མཚར་ཆེ། །འབྱུང་བ་བཞི་ཡི་རང་སྒྲ་སྒྲོགས། །ཨ་མཆོད་མི་དགོས་ངོ་མཚར་ཆེ། །ཕར་གཏད་ཚུལ་ལེན་མི་དགོས་པས། །ཁོང་ཁྲོ་མེད་པ་ངོ་མཚར་ཆེ། །འབྲུ་རེའི་རྟ་རེ་རིན་ན་ཡང་། །འབུལ་བ་ཆུང་བས་ངོ་མཚར་ཆེ། །བཀའ་ཆེན་གཅིག་གི་ཡོན་ཏན་དེ། །ས་ཡིས་མི་ལྕོགས་ངོ་མཚར་ཆེ། །ཆུ་ཆེན་ཆུ་ཕྲན་མཐའ་ནས་བརྒྱན། །ཡོན་ཆབ་མི་དགོས་ངོ་མཚར་ཆེ། །ཉི་མ་ཟླ་བའི་གསལ་སྒྲོན་བྱས། །མཆོད་མེ་མི་དགོས་ངོ་མཚར་ཆེ། །སྐར་ཚོགས་རྩི་ཏོག་གནམ་ས་ཁྱབ། །མཆོད་པ་མི་དགོས་ངོ་མཚར་ཆེ། །རང་སེམས་སྣང་བ་དག་པ་ན། །མཇལ་ཚད་སངས་རྒྱས་ངོ་མཚར་ཆེ། །དགེ་བ་གཞན་གྱིས་དོ་ཟླ་མེད། །གཅིག་ཆོག་རྒྱལ་པོ་ངོ་མཚར་ཆེ། །མཐར་ནི་རྡུལ་ཕྲན་ནོར་བུ་འགྱུར། །འགྲོ་དོན་ཕྱོགས་མེད་ངོ་མཚར་ཆེ། །མདོན་ན་རྡོ་འབུམ་གཅིག་ཡོད་ན། །དོན་གཉིས་ལྷུན་གྲུབ་ངོ་མཚར་ཆེ། །ཨ་མྱེས་སྤྲུལ་སྐུའི་ཁ་སྨྲས་འདི། །ག་ལེར་ལྟོས་དང་ངོ་མཚར་ཆེ། །ངོ་མཚར་ཆེ་པོ་ཉེར་དགུ་འདི། །ལག་ལེན་གྱིས་དང་ངོ་མཚར་ཆེ། །ཞེས་པའང་ཉག་རོང་རྫོང་ཇ་བཟི་ཨ་མྱེས་སྤྲུལ་སྐུའི་ལྗགས་རྩོམ་ངོ་མཚར་བ་ཡིན་ནོ། ། །།