ཁ་ཤ་མཐིལ་ཨ་མྱེས་ཡུལ་ལྷའི་ལོ་རྒྱུས་མདོར་ཙམ་བརྗོད་པ།
ཁ་ཤ་མཐིལ་ཨ་མྱེས་ཡུལ་ལྷའི་ལྷ་ཁང་།
ཀུན་གཟིགས་ལྔ་བ་ཆེན་པོས། སྤྱན་རས་གཟིགས་དབང་ཐུགས་རྗེའི་རོལ་གར་ལས།། སྣ་ཚོགས་སྤྲུལ་བའི་རྣམ་འགྱུར་དུ་མ་ཡིས།། འགྲོ་ཀུན་འདུལ་མཛད་རྒྱལ་ཆེན་སྐུར་སྤྲུལ་བ།། ཡུལ་ལྷ་ཞེས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གསུངས་པ་དང་། གསེར་ཁྲི་རྒྱ་ནག་པས་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་དང་། མཁས་དབང་ཨ་ཀྱཱ་ཡོངས་འཛིན་མཆོག་གིས་ཡི་དམ་པདྨ་དབང་གི་རྒྱལ་བོ་འཇིག་རྟེན་སྐྱོང་བའི་སྡེ་དཔོན་གྱི་ཚུལ་བསྟན་པར་གསུངས། ཐུན་མོང་གིས་སྐྱེ་བ་བཅུ་བདུན་དུ་རྒྱལ་བློན་མཆོག་གི་རྣམ་པས་གཞན་ཕན་ཁོ་ན་མཛད་པར་གསུངས། དེའི་ཕྱིར་རང་རེའི་མཐོ་དམན་དྲག་ཞན་ཡོངས་ནས་ཨ་མྱེས་ཡུལ་ལྷ་འཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་ཞེས་གདེང་འཇོག་མཐོན་པོར་གནང་ཞིང་། གསོལ་མཆོད་རྒྱ་ཆེར་མཛད། ཁྱད་པར་གསེར་ཁྲི་རྒྱ་ནག་པ་ཆེན་པོར་ལུས་དང་གྲིབ་མ་ལྟར་འགྲོགས་ཏེ་བཀའ་བཞིན་སྒྲུབ་པའི་སྲུང་མར་གྱུར་གཤིས། དམ་པ་དེས་ཀྱང་སྡིག་དང་མ་འདྲིས་པའི་གསོལ་མཆོད་མཛད་ཀྱིན་འདུག
གསེར་ཁྲི་མཆོག་གོང་མའི་དབུ་བླར་བཞུགས་སྐབས་བདུད་བློན་དག་གིས་ཐབས་ཤེས་སྣ་ཚོགས་ཀྱིས་སྙན་ཕྲ་ཡང་ཡང་ཞུས་པས་བླ་མ་ཉིད་བཙོན་དུ་བཅུག དབུ་བླས་ཡུལ་ལྷ་ལ་འཕྲིན་བཅོལ་ཞུས་ཤིང་། མྱུར་དུ་བཙོན་ལས་གྲོལ་ན་ཁྲི་སྡེ་ཞིག་གི་སྲུང་མར་བཀུར་བར་ཞལ་བཞེས་གནང་། དུས་དེར་ཡུལ་ལྷས་གོང་མའི་བཙུན་མོ་འདང་ཅན་ཞིག་གི་མཁལ་རྩ་ནས་བཟུང་བས་ན་ཟུག་དྲག་པོ་བཟོད་ཐབས་བྲལ་བར་བྱས། སྨན་དཔྱད་ཀྱིས་མ་ཕན་པར་ཐབས་ཟད། གོང་མ་མཆོག་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མཐར་དབུ་བླ་ཉིད་བཙོན་ལས་གདན་དྲངས། དབུ་བླ་མཆོག་གིས་བཙུན་མོའི་གཟིམ་ཁང་གི་སྒོ་ཁ་ནས་ཡུལ་ལྷའི་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་གསུངས་ནས་འབྲུ་ཟན་གཏོར་བས་འཕྲལ་དུ་ནད་ཀྱི་ཟུག་རྔུ་ལས་གྲོལ། གོང་མ་དབུ་བླ་མཆོག་ལ་ཆེས་ཆེར་དད་ནས་ཉེས་པ་མེད་པར་བྱས་བ་མ་ཟད། མཆོད་བཀུར་དཔེ་མེད་མཛད། ཕོ་བྲང་དུ་རྒྱུན་བཞུགས་གནང་བར་གསོལ་བ་ཡང་ཡང་བཏབ་ཀྱང་བཞུགས་མ་འདོད་པར་བོད་ཡུལ་མདོ་སྨད་ཁྲི་ཀར་ཕེབས། རྨ་ཆུར་བསྐྱོད་སྐབས་ཀོ་གྲུ་ཆུའི་དཀྱིལ་དུ་བགྲོད་མ་ཐུབ་པར་སྲོག་ཉེན་ཆེ་སྐབས་བསང་མཆོད་ཚིགས་བཅད་མ་གསུངས་པས་བདེ་བླག་ཏུ་ཕ་མཐར་ཕྱིན། དེ་ནས་གསེར་ཁྲི་མཆོག་གི་འཕྲིན་ལས་གློག་ལྟར་མྱུར་ཞིང་འདོད་དོན་དུས་ལྟར་བསྒྲུབས་པའི་ཡུལ་ལྷ་གཉན་པོ་འདི་ཉིད་ཁྲི་ཀའི་ཤ་འབེན་གདོང་སྣའི་ཕ་བོང་དཀར་པོར་བསྟིམས་པར་མཛད་དེ་ཡུལ་འདིའི་གནས་བདག་ཏུ་བཀའ་བསྒོས་གཉེར་གཏད་མཛད། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཤིང་མཱ་ཐེན་ཙི་ཞེས་གྲགས་ཁྱོད།། མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།། བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།ཞེས་བསང་མཆོད་འདི་གསུངས་ནས་འཕྲིན་བཅོལ་ཞུས་ན་འདོད་དོན་ཡིད་བཞིན་དུ་བསྒྲུབས་པའི་ཚུལ་གསུངས་ཏེ་ཡུལ་འདིའི་སྲུང་མར་བསྟེན། ཧོར་གོ་དན་རྒྱལ་པོས་ས་པཎ་ཁུ་དཔོན་ཡུལ་འདི་བརྒྱུད་ནས་སྤྱན་འདྲེན་སྐབས་སྡོངས་གྲོགས་འཕྲིན་ལས་བསྒྲུབས་པས་ལྷ་ཁང་ཁྱད་པར་ཅན་ཞིག་བཞེངས་ཤིང་གསོལ་མཆོད་མཛད།
ཁ་ཤ་མཐིལ་ཨ་མྱེས་ཡུལ་ལྷའི་ལྷ་ཁང་གི་ར་སྐོར་དུ་བཞེངས་པའི་མཆོད་རྟེན།
དེའི་ཕྱིར་སྨད་རྒྱ་ནག་ཆེན་པོ་ནས་བོད་ཡུལ་དབུས་གཙང་ལ་ཐུག་གི་བར་གྱི་བླ་དཔོན་དང་སེར་སྐྱ་དྲག་ཞན་ཡོངས་ཀྱིས་གསོལ་མཆོད་མཛད་པ་འདི་ལྟ་ལགས་ཕྱིར། འཇམ་མགོན་བླ་མ་གཉིས་པ་ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་འོལ་དགའ་ཆོས་ལུས་གཉིས་པ་ལྟར་བསྔགས་པར་འོས་པའི་གནས་གཤོང་ཤན་དུ་ཕེབས། རྟེན་འགངས་ཅན་ལྷ་ཆེན་ཇོ་བོ་དཔལ་འབར་བཞུགས་པའི་གཤོང་ཤན་རི་ཁྲོད། དཔལ་འཁོར་ལོ་བདེ་མཆོག་གི་གནས་གསེར་ཁང་རི་ཁྲོད། རྒྱལ་བ་ཡང་དགོན་པའི་བཞུགས་གནས་ཁ་ཤ་མཐིལ། གནས་མཆོག་འདིར་དུས་འཁོར་མཆོད་རྟེན་ཁོང་རང་ཉིད་ནས་ཞལ་བཀོད་གནང་ཞིང་། ས་ཁུར་རྡོ་སློག་གི་སྣེ་ཁྲིད་དེ་བཞེངས་པ་སོགས་འཁོར་ལོ་གསུམ་གྱི་སྒོ་ནས་སྒྲུབ་པ་ཉམས་བཞེས་དང་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས། དུས་ཕྱིས་མི་བསྲུན་སྐྱེ་བོ་དག་གིས་དུས་འཁྲུགས་བསླངས་ཤིང་། ལྷ་རྟེན་ཆོས་གསུམ་དང་དད་ལྡན་མང་ཚོགས་ལ་རྐུ་འཕྲོག་བཅོམ་གསུམ་གྱིས་གནོད་འཚེ་ཐེངས་མང་ཐེབས་པ་མ་བཟོད་པར་གྲུབ་པའི་དབང་ཕྱུག༧ཡབ་རྗེ་གསེར་ཁང་བ་མཆོག་ལ། ཡུལ་འདིའི་མི་ཕྱུགས་ནོར་གསུམ་སོགས་སྲུང་སྐྱོབ་བྱེད་པ་ལ་ལྷ་མཐུ་བོ་ཆེ་ཡུལ་ལྷ་གཉན་པོ་ཝུན་ཁྲང་ལོ་ཡེ་བསྟེན་དགོས་པའི་རེ་འདོད་ཡང་ཡང་ཞུས། དེ་བཞིན་ཁོང་རིན་པོ་ཆེ་ནས་བརྩེ་བས་གཟིགས་ཏེ་ཡུལ་འདིར་བསྟན་པ་དར་བ་དང་། འགྲོ་རྣམས་སྐྱིད་པ། རྟེན་འགངས་ཆེན་དང་དགོན་གནས་ཡུལ་ཚོ་འདི་རྣམས་སྲུང་སྐྱོབ་བྱེད་པར་དམིགས་ནས་ཡུལ་ལྷ་འདི་ཉིད་བསྟེན་ན་ལེགས་པར་དགོངས་ཏེ་ཁྲི་ཀའི་ཡུལ་གྱི་ལྷ་མཐུ་བོ་ཆེ་ཨ་མྱེས་ཡུལ་ལྷ་ཡུལ་འདིར་འདྲེན་པའི་སྟ་གོན་ཡོངས་སུ་བསྒྲུབས། ཉེ་གནས་དམ་པ་ཨ་ཁུ་རིན་ཆེན་ཟེར་བ་ཞིག་ལ་མེ་ལོང་དྲི་མ་མེད་པ་གཅིག་དང་ཁ་དར་བསྟབས་ནས་ཆེད་དུ་ཁྲི་ཀའི་ཡུལ་ལྷའི་ཕོ་བྲང་དུ་མངགས། ཡུལ་ལྷའི་གཙོ་འཁོར་བཅས་ཀྱི་སྐུ་བརྙན་མེ་ལོང་ནང་ཤར་དུ་བཅུག་ལ་ཁ་དར་གྱིས་བཏུམ་སྟེ་ཁ་ཕྱིར་མ་བལྟས་པར་མྱུར་མགྱོགས་ཀྱིས་ཕེབས་དགོས་པའི་ཞལ་བཀོད་ལྟར་ཡ་མཚན་པའི་རྟགས་དང་བཅས་མྱུར་ཐོན་བྱུང་།
ཡུལ་འདིར་བཞེངས་པའི་སྐུ་གཟུགས་ལ་འོད་ཞ་སྟིམས་ཞུགས་ཀྱི་རབ་གནས་དང་། འདོད་གསོལ་གཉེར་གཏད་དང་འཕྲིན་བཅོལ་ཕུན་སུམ་ཚོགས་པ་མཛད་པས་ཁ་ཤ་མཐིལ་ཡུལ་ལྷ་ཁྲི་ཀའི་ཡུལ་ལྷ་ལས་ཀྱང་གཉན་ཅིང་འཕྲིན་ལས་མྱུར་བར་གྲགས། འདི་ཉིད་ཀྱི་བྱུང་བ་ལོ་རྒྱུས་ཡིག་ཚངས་ལས། ཟི་ཁྲོན་ཡུལ་དུ་འཁྲུངས་པའི་ཀྲང་ཡ་ཙི།། དཔའ་མཛངས་རྟུལ་ཕོད་སྙིང་རྗེ་ཆེ།། གསོ་ལ་མཁས་ཤིང་དམངས་ལ་བྱམས།། འགྲོ་དོན་མཛད་དེ་སྙན་གྲགས་རྒྱས།། གཤེགས་རྗེས་གནས་དེའི་ཡུལ་ལྷར་གྱུར།། རྗེས་སོར་ཏའོ་ཅའོ་ལྷ་ཡི་གྲལ་དུ་ཚུད།། ད་ལྟ་རྒྱ་ནག་ཡུལ་དུ་བསྟན་པ་དར།། བོད་ཡུལ་དུ་ནི་འཇམ་དབྱངས་ནག་པོའི་སྤྲུལ་བ་དང་། ཤིང་མཱ་ཐེན་ཙིའམ་བིན་ཁྲང་ཏིས་ཇུན་དུ་བསྔགས་པ། འཕྲིན་ལས་ཤིན་ཏུ་མྱུར་བ། རྒྱ་བོད་ས་མཚམས་ཁྲི་ཀའི་ཡུལ་གྱི་རྨ་ཆབ་སྔོན་མོའི་འགྲམ་དུ་ཤ་འབེན་གདོང་སྣར་གནས་པའི་ཤ་འབེན་ཙི་ཐུང་། ཤ་འབེན་གདོང་སྣར་གནས་པའི་ཤ་འབེན་རྭ་མགོ། ཞེས་ཡུལ་ལྷ་གཙོ་འཁོར་གསུམ་དང་ཡང་འཁོར་ཧ་ཅང་མང་བར་གྲགས་སོ།།