བོད་ལྗོངས་དགོན་པ་སོ་སོ་ནས་སྨོན་ལམ་ཆེན་མོའི་ཚོགས་ཚོགས་པ།
བསང་མཆོད་བྱས་ནས་སྐོར་བ་རྒྱག་པ།
ཉེ་ལམ། བོད་ལྗོངས་དགོན་པ་ཁག་སོ་སོ་སྨོན་ལམ་ཆེན་མོའི་ལས་ལ་བྲེལ་ཞིང་། མང་ཚོགས་རྣམས་ཀྱིས་མཆོད་བཀུར་དང་ཚོགས་བསགས་སྒྲིབ་སྦྱོང་སོགས་རྒྱ་ཆེར་བྱེད་པ་ཡིན།
དེ་ཡང་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲགས་པ་ནི་རྒྱལ་བ་ཙོང་ཁ་བ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་བྱི་ཏེ་སྤྱི་ལོ1408ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ཁྱམས་ར། ལྡེབས་བྲིས་སོགས་ཕྱི་ནང་གི་རྟེན་བརྟེན་པ་ཉམས་གསོ་རྒྱས་པར་གནང་བའི་ཕྱི་ལོ་རབ་བྱུང་བདུན་པའི་ས་གླང་ཏེ་སྤྱི་ལོ1409ལོའི་བོད་ཟླ་དང་པོར་ཇོ་བོ་ཤཱཀྱ་མུ་ནེར་གསེར་སྦྱངས་བརྡུངས་ཀྱིས་དབུ་རྒྱན་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང༌། ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་པ་སྟོང་ཕྲག་འགའ་ཞིག་བཞུགས་པའི་སེར་ཚོགས་ཆེན་མོ་ཞིག་སྐོར་ཚོགས་ཀྱིས་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་གསར་འཛུགས་མཛད་པ་ལས་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་པའི་དུས་མཆོད་ཚུགས་སྲོལ་བྱུང༌།
ཉེ་རབས་ཀྱི་སྨོན་ལམ་ཆེན་མོའི་མཆོད་སྤྲིན་གྱི་བྱེད་སྒོ་ཁག་ནི་བོད་ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་སེ་འབྲས་དགའ་གསུམ་སོགས་ཀྱི་དགེ་འདུན་པ་རྣམས་གཙུག་ལག་ཁང་དུ་གྲལ་འཛིན་མཛད། ཚེས་ལྔ་ནས་ཚེས་ཉེར་བཞི་ཉིན་བར་ཉིན་ལྟར་སྐམ་ཚོགས་གསུམ་དང་། རློན་ཚོགས་གསུམ། ཞོགས་པ་ཐོ་རེངས་ནས་དགོང་མོ་མཚན་ཕྱེད་བར་ཚོགས་ཚོགས་དགོས་ཀྱི་ཡོད།