དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་བ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག
རྒྱ་གར་སྐད་དུ། ཀ་ལཱ་པ་ཨ་ཝ་ཏ་ར། བོད་སྐད་དུ། ཀ་ལ་པར་འཇུག་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། འགྲོ་བའི་མགོན་པོ་ཐབས་དང་ལྡན། དེ་བཞིན་གཤེགས་ལ་རབ་བཏུད་ནས། །གང་གི་དགའ་བའི་གནས་འཐོབ་འགྱུར། །ཐབས་ཏེ་འདིར་ནི་བཤད་པར་བྱ། །གཞོན་ནུ་ཟུར་ཕུད་ལྔ་པ་ནི། །ཐུགས་རྗེ་ལྡན་པ་འཇམ་པའི་དབྱངས། །རྒྱལ་སྲས་སྟོང་ཕྲག་བརྒྱད་དག་དང༌། །ལྷན་གཅིག་འདིར་ནི་རབ་གཤེགས་ནས། །དབང་ཆེན་ཞེས་བྱ་རི་བོ་ཆེན་པོ་ནི། །ཤར་དང་ནུབ་ཏུ་ཆུ་གཏེར་ཟབ་མོ་གནས། །གང་གི་ཕྱོགས་གཉིས་མེ་ཏོག་འབྲས་བུས་བརྒྱན། །རིག་འཛིན་རྣམས་ཀྱི་རོལ་པའི་གནས་དེར་བཞུགས། །ཤེས་བྱ་ཀུན་ལ་མ་ཐོགས་པའི། །སྤྱན་དང་ལྡན་པ་འཇིག་རྟེན་དབང༌། །རྒྱལ་སྲས་བྱེ་བའི་ཚོགས་བཅས་ལ། །གནས་སྐབས་དེ་ནི་དེ་གཤེགས་ནས། །ལྷ་དང་ལྷ་མིན་འབྱུང་པོའི་དབང༌། །ལྟོ་འཕྱེའི་བདག་དང་ཀླུ་ཡི་གཙོ།། སྐལ་བཟང་མཐུ་དང་ལྡན་པ་ཡི། །མི་དང་མི་རྣམས་དེར་འདུས་ལ། །
གང་གི་བླ་ན་མེད་པ་མཆོག །གཟི་བརྗིད་ཆེན་པོའི་ཐེག་མཆོག་སྟེ། །བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་གཏམས། །ཡང་དག་བསྒྲོག་ནས་རབ་ཏུ་བསྟན། །བྷ་ཏའི་དུམ་བུ་འཛམ་གླིང་སྐྱེས། །ཀོ་ས་ལ་དང་ཡངས་པ་ཅན། །ལུས་འཕགས་མཻ་ཐི་ལ་དག་ན། །སྐལ་བཟང་གཅིག་ཅིག་དེ་དག་ཡོང༌།། བློ་གྲོས་ཆེ་ལྡན་ལྔ་བརྒྱའི་ནི། །དེ་འདྲེའི་གཏམ་ནི་ཡང་ཡང་ཐོས། །གཞན་ལ་ཕན་བྱེད་རིག་པའི་བློ། །རྨད་བྱུང་མང་པོ་སྐྱེས་པར་གྱུར། །དཀའ་བ་བརྒྱ་ཕྲག་འབད་པ་ཡིས། །དབང་ཆེན་གྱི་ནི་རི་ལ་སོང༌། །གཞོན་ནུར་གྱུར་པ་མི་སྣང་ནས། །ཕྱག་ན་པདྨའི་ཞབས་ལ་བཏུད། །ཡང་དག་མཆོད་ནས་རབ་དྲིས་པ། །ཚངས་ལ་སོགས་པ་ལྷས་བརྒྱད་ཅིང༌། །འགྲོ་བ་དྲུག་ལ་མཉམ་པར་བརྩེ། །ཐོས་ནས་བདག་ཅག་འདིར་འོང་ལགས། །གང་གི་ཞབས་བཀྲུའི་ཆུ་འཐུངས་པས། །བདེ་མེད་བདེ་བ་ལྡན་གྱུར་ཅིང༌། །འདོད་པ་དང་ནི་ཐར་བ་འགྲུབ། །ལྷ་ཡིའང་ལྷ་ཁྱོད་ཕྱག་འཚལ་ལོ། །གང་ཟག་དང་ནི་ཆོས་ལ་སོགས།། འགལ་ཡང་མ་གཟིགས་དམིགས་སུ་མེད། །འོན་ཀྱང་མི་ཟད་ཐུགས་རྗེ་ཡིས། །ཀུན་ལ་སྐྱོབ་མཛད་འདི་རེ་མཚར། །འདིར་འོང་འདི་དག་ལ་བརྩེ་བས། །དོན་ཆེན་འགའ་ཞིག་ཞུ་འཚལ་ནི། །ཕྱི་མའི་དུས་འགར་ཕན་པའི་སླད། །ཡང་དག་གསུངས་བས་བཤད་དུ་གསོལ། །མ་འོངས་པ་ཡི་དུས་ན་ནི། །རིག་སྔགས་སྨྲ་བ་ཁས་འཆེ་ཞིང༌། །རྒྱལ་བའི་དགོངས་པ་མི་ཤེས་པ། །དེ་དག་ཕྱིན་ཅི་ལོག་ཏུ་བལྟ། །གང་ཕྱིར་འདི་དག་ཡོངས་དག་པའི༑ ༑ལམ་དུ་ངེས་པར་འཇུག་འགྱུར་པ། །ཇི་ལྟར་ཕྱུགས་ལ་དབྱུག་པ་ལྟའི། །ཐབས་དེ་གང་ལ་རྙེད་པར་འགྱུར། །དེ་ནས་བཅོམ་ལྡན་སྙིང་རྗེ་ཆེ། །སྤྱན་རས་གཟིགས་ཀྱི་འདི་སྐད་གསུངས། །འགྲོ་རྣམས་མང་ལ་ཕན་འདོད་པས། །འདྲི་བ་འདི་ནི་ལེགས་སོ་ལེགས།། དབང་ཆེན་རི་ལ་མཆོད་འོས་པའི། །གཞོན་ནུར་གྱུར་པ་སྔོན་བཤད་དེ། །དོན་འདི་ཡང་ནི་ལེགས་པར་བསྟན། །མཉམ་མེད་སེམས་ཅན་དོན་བྱེད་པའོ། །སྐྱེ་བོ་འདི་ལ་ཕན་བྱེད་ཕྱིར། །སྔགས་འཛིན་རལ་བ་གཅིག་མ་ལོངས། །སྙིང་རྗེ་ལྡན་པ་དོན་ཡོད་པའི། །ལྕགས་ཀྱུ་ཁྱོད་ནི་མཐུ་ཆེན་ལྡན། །ཁྱོད་བདག་ཕན་ཚུན་བསྒྲོས་པ་ཡི། །དོན་ཆེན་འདི་ནི་སྨྲ་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་ལ། །ཕྱི་མའི་དུས་ན་དོན་ཆེན་འགྱུར།། འཇམ་དཔལ་རྗེས་སུ་འཇུག་པས་ནི། །ཁྱོད་ཀྱང་སྨྲ་བའི་མཐུ་དང་ལྡན། །དེ་སྐད་གསུངས་ནས་འཇིགས་རྟེན་མགོན། །སྟོང་པ་ཉིད་ཀྱི་གནས་ལ་བཞུགས། །དེ་ནས་ཡང་དེའི་ཚེ་འཕགས་པའི་གཙོ་བོ་དོན་ཡོད་ལྕགས་ཀྱུས་གསུངས་པ། ཕྱི་མའི་དུས་ན་སྣ་ཚོགས་པའི། །བློ་གྲོས་ངན་པ་བསྐྱེད་པས་ན། །ལྷ་མོ་སྒྱུ་འཕྲུལ་སྲས་ཀྱིས་བསྟན། །ཤིན་ཏུ་ནག་པོའི་དྲི་མར་བྱས། །བརྗོད་པ་སྣ་ཚོགས་ཐ་དད་དེ། །སྐྱེ་བོ་ཐ་དད་སྤྱོད་ལ་བསྔགས། །དེ་ཕྱིར་དེ་ལྟར་སྤྱོད་རྣམས་ལ། །དབང་པོ་མེད་པར་རྣམས་པར་འཁྲུགས། །འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །ནམ་ཡང་ཐོས་པ་མེད་དེ་ནི། །གཞན་ཡང་དཀའ་བས་འགྲུབ་པ་དང༌། །ངལ་བ་འབའ་ཞིག་བསྐྱེད་པར་བྱེད། །ཤིན་ཏུ་སྒྲིབ་བྱེད་ཀྱིས་བསྒྲིབས་པས། །ཡི་དྭག་སོགས་ཀྱང་ལྐོག་གྱུར་ན། །ལྷ་རྣམས་སྨོས་ཀྱང་ཅི་དགོས་ཏེ། །རྟོག་གེ་ཕྲན་ཚེག་འཇུག་ཤེས་ཉིད། །དེ་ཙམ་གྱིས་ཀྱང་གྲུབ་པར་བལྟ། །འཕགས་པའི་སྐྱེ་བོ་ཡིད་ཀྱི་ལུས། །མཐོང་བའི་སྤྱོད་ཡུལ་ནམ་ཡང་ཅི། །དོན་མཆོག་འདོད་པའང་སྙེད་མི་འགྱུར །འདི་ནས་བྱང་གི་ཕྱོགས་ཆ་ན། །ཀེ་ལ་ཤ་ཡི་རི་བོའི་ངོགས། །གྲོང་ཁྱེར་ཀ་ལ་པ་ཞེས་ཡོད། །རྟག་ཏུ་བདེ་ཞིང་འབྱོར་བ་ཡིན། །དེ་ན་རྒྱལ་བའི་སྲས་པོ་མང༌། །མི་བདག་གཙོ་བོ་མཆོག་འཕགས་ཏེ། །དེ་ན་རྟག་ཏུ་ཆོས་དང་ལྡན། །གཡོ་རྒྱུ་མེད་ཅིང་ཕྲ་མ་མེད། །རིགས་དང་རིགས་མིན་དབྱེར་མེད་དེ། །གཟུགས་ལྡན་སྟོབས་དང་ལྡན་པ་ཡིན། །སྐྱེས་བུའི་བགྲོད་པ་དཔག་ཚད་བཅུ། །རྟ་ཡི་ཉི་ཤུ་པོ་ལྡན་གྱི། །ལྔ་བཅུའི་ལམ་དེ་ཉིན་གཅིག་ལའོ། །ཡམས་དང་ཉེར་འཚེ་ཡོངས་མེད་དེ། །འཕྲོག་བྱེད་ལག་ན་རྡོ་རྗེ་སོགས། །ཉིན་རེ་རྟག་ཏུ་བསྲུང་བར་བྱེད། །རྣམ་པར་འདྲེན་པའི་བསྟན་བཅོས་ནི། །ཕྱོགས་དེ་དག་ཏུ་རྣམ་པར་རྒྱལ། །ཤེས་རབ་ཕ་རོལ་ཕྱིན་མདོ་དང༌། །མདོ་སྡེའི་ལང་ཀའི་གྲོང་དུ་འཇུག །དགོངས་པ་ངེས་པར་སྟོན་པ་དང༌། །འདུས་པ་ཆེན་པོའི་ཚོགས་ཀྱི་སྡེ། །སྒྲིབ་པ་རྣམ་པར་སེལ་བ་ཡིས། །མངོན་དུ་བྱེད་པའི་དཀོན་མཆོག་སྤྲིན། །བདེན་པའི་ལེའུ་མཆོག་གི་རྒྱུད། །དྲག་ཤུལ་སྟོབས་དང་ལྡན་པ་ནི། །སོར་མོའི་འཕྲེངབའི་ཆེད་གསུངས་དང༌། །སྡོང་པོ་བརྒྱན་པ་ལ་སོགསཔ། །ཐམས་ཅད་ཡུལ་དེ་ལས་རབ་འབྱུང༌། །འོད་དཔག་མེད་པའི་འཇིག་རྟེན་དང༌། །མངོན་དགའི་བཀོད་པ་གསལ་བ་དང༌། །རྣམ་སྣང་མཛད་པའི་ཞིང་ཁམས་ནི། །བརྒྱན་གྱི་བཀོད་པར་བཅས་པ་དང༌། །སྟུག་པོ་བཀོད་པའི་མདོ་སྡེ་དང༌། །དབང་ཕྱུག་ཆེན་པོའི་བཤད་པ་ནི། །གནས་གཙང་ཆེན་པོ་ལ་སོགས་པར། །རྡོ་རྗེ་སྙིང་པོའི་བཤད་དེ་ནི། །ཕལ་པོ་ཆེ་ཡི་མདོ་སྡེ་རྣམས། །ཐམས་ཅད་དེ་ན་རྣམ་པར་དཔྱོད། །གང་ལ་དཔེ་ནི་འབུམ་ཕྲག་གིས། །གསལ་བར་བྱས་པ་ཕྱི་མའིརྒྱུད། །དེ་བཞིན་གཤེགས་རྣམས་སྙིང་པོའི་དོན། །ཕྱིར་མི་ལྡོག་པའི་གཏམ་ཡང་ཡིན། །ཕ་རོལ་ཕྱིན་པ་དྲུག་གི་མདོ། །སྟོང་ཕྲག་ལྔ་བཅུར་ལྡན་པ་ཡོད། །རིག་པ་འཛིན་པའི་སྡེ་སྣོད་ནི། །འབུམ་ཕྲག་ཉི་ཤུ་དེར་སྤྱོད་དེ། །དེ་དག་རྗེས་སུ་འཇུག་པ་ཡིན། །ངེས་པར་བསྟན་པ་འབུམ་ཕྲག་བརྒྱ། །མཁའ་དང་མཉམ་པ་རྒྱུད་ཀྱི་རྒྱལ། །དངོས་གྲུབ་ངེས་པར་བསྟན་པ་ཡི། །དགྱེས་པའི་རྡོ་རྗེ་ཆེན་པོ་དང༌། །རྗེས་སུ་རིག་པ་རྣལ་འབྱོར་རྒྱུད། །བདེ་གཤེགས་ཀུན་གྱི་འདུས་པ་ནི། །སྟོང་ཕྲག་ཉི་ཤུ་རྩ་ལྔ་བ། །དམ་པ་དང་པོའི་སངས་རྒྱས་རྒྱུད། །སྒྱུ་འཕྲུལ་དྲྭ་བ་ཉེར་གཉིས་པ། །རྒྱལ་བ་རྒྱ་མཚོ་རྣམ་དབྱེ་བ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །རྣམ་པར་ཕྱེ་བ་བརྒྱད་པོ་རྣམས། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་ནི། །གཅིག་སྟོང་དྲུག་བརྒྱའི་ལྷག་པའི་ལམ། །ལྷག་པའི་རྒྱ་ཕྲག་མང་པོར་ནི། །ཕྱོགས་དེར་མངོན་གསུམ་སྤྱོད་པའོ། །ཕྱག་ན་རིན་ཆེན་བློ་ཡི་བདག །སྤོས་ཀྱི་གླང་པོ་མ་ཕམ་པ། །བདེ་ལྡན་དབང་ཕྱུག་ནམ་མཁའ་མཛོད། །རྡོ་རྗེ་གཟི་བརྗིད་རྡོ་རྗེ་སྙིང༌། །གནོད་སྦྱིན་གཙོ་བོ་ལ་སོགས་པས། །དེ་རྣམས་རྗེས་སུ་འཇུག་པ་ཡིས། །ཚིག་རྣམས་དུ་མ་རྣམ་པར་ཕྱེ། །ནན་ཏན་ཆེན་པོའི་གཏད་པས་ན། །མ་ལོག་དོན་ཆེན་འཚོལ་བ་རྣམས། །གངས་རིའི་དབང་པོ་དེར་སོང་ནས། །མི་བདག་གྲུབ་པ་རྣམས་ལ་དྲིས། །གདོན་མི་ཟ་བར་དོན་འགྲུབ་ཉིད། །
དེ་ནས་འཕགས་མ་རྡོ་རྗེ་སྲིན་མོ་རལ་གཅིག་མས་ཞུས་པ། ཀྱཻ་རྒྱལ་བའི་སྲས་པོ་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ། དེ་བཞིན་གཤེགས་པའི་རྗེས་སུ་འཇུག་པ་རྣམས་ཀྱང། མུ་སྟེགས་ཅན་གྱི་གསང་ཚིག་འཚོལ་བ་ལ་མངོན་པར་མོས་པས་མཆོག་ཏུ་གསང་བའི་དོན་ལས་ཕྱིར་ཕྱོགས་པ་དེ་དག་ཡང་དག་པའི་ལམ་ལ་གཟུང་པ་དང༌། མཆོག་གི་སྐལ་བ་གང་དག་རང་དང་གཞན་ལ་ཕན་པའི་དངོས་གྲུབ་ཀྱི་རྒྱུར་གྲོང་ཁྱེར་ཀ་ལཱ་པར་འགྲོ་བའི་ཐབས་དེ་ཡང་དག་པར་བསྟན་ཏུ་གསོལ། དགེ་བསྙེན་རྣམ་པར་མི་རྟོག་པ་ཞེས་བྱ་བ་དང༌། བཟང་པོ་སྦས་པ་ཞེས་བྱ་བ་ལ་སོགས་པ་ལྔ་བརྒྱ་པོ་འདི་རྣམས་ཀྱི་དངོས་གྲུབ་མཆོག་གི་དོན་དང༌། ཕྱི་མའི་དུས་ཀྱི་རིག་པ་འཛིན་པའི་སྡེ་སྣོད་ལ་ཞུགས་པ་མང་པོ་དག་གི་བདེ་བར་འགྱུར་བ་དང༌། ཕན་པར་འགྱུར་བ་དང༌། གྲུབ་པ་མཆོག་ཏུ་གྲུབ་པ་བླ་ན་མ་མཆིས་པའི་སླད་དུ་བཤད་པར་གསོལ། རབ་ཏུ་བཤད་པར་གསོལ། ལེགས་པར་བཤད་དུ་གསོལ། དོན་ཡོད་ལྕགས་ཀྱུས་གསུངས་པ། སྔགས་རིག་རྣམས་ལ་ཕན་པའི་ཕྱིར། །ཁྱེད་རྣམས་ལེགས་པར་མཉན་པ་དང༌། །ལྔ་བརྒྱའི་ཚོགས་རྣམས་ང་ལ་ཉོན། །ཕྱི་དུས་དོན་ཆེན་འདིར་འབྱུང་ངོ༌།།
འདིར་སྒྲུབ་པ་པོ་གང་ཟག་གི་ལེགས་པའི་ལམ་ལ་གནས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། དཀྱིལ་འཁོར་དུ་དབང་བསྐུར་བ། རིག་པའི་ཆོ་ག་ཤེས་ཤིང༌། དམ་ཚིག་ལ་ཡང་དག་པར་གནས་པ། དེ་བཞིན་གཤེགས་པས་བསྟན་པའི་རྒྱུད་ལ་མངོན་དུ་ཕྱོགས་པ་གསལ་བ། ཡིད་གཞུངས་པ། ཤེས་པ་དང་ལྡན་པ་དེས། དང་པོར་འདོད་པའི་ལྷ་མཉེས་པར་བྱའོ།། དེའི་འོག་ཏུ་གྱུར་བ་འམ། རྨི་ལམ་དུ་མཐོང་བ་ཡིན་ཀྱང་རུང་སྟེ། འདོད་པའི་ལྷ་ལས་ནམ་དུ་གནང་བ་ཐོབ་པར་གྱུར་ན། ཀེ་ལ་ཤར་འཇུག་པའི་ཐབས་ལ་བརྩོན་པར་བྱ་ཡི་གཞན་དུ་ན་ཀུན་ནས་ཉོན་མོངས་པར་འགྱུར་རོ།། རབ་ཏུ་མི་གསལ་བསམ་གཏན་དང༌། །བཟླས་བརྗོད་སྟོབས་ཀྱིས་དམན་པ་དང༌། །མཚན་མའི་དགེ་བས་བོར་བ་གང༌། །འདོད་པའི་གོ་འཕང་གྲུབ་པ་མེད། །ངན་པའི་ལམ་གྱི་ཁེངས་པ་དག །ཆོ་ག་ཙམ་གྱི་འགྲུབ་པར་ལྟ། །བྱིས་རྨོང་འཇིམ་པའི་གོང་བུ་ལ། །འཛེགས་ན་ཟླ་བ་འཛིན་པར་འདོད། །ཅི་སྟེ་གནང་བར་གྱུར་ན་འཕགས་པ་འཇམ་དཔལ་གྱི་སྙིང་པོ་འབུམ་ཕྲག་བརྒྱད་བཟླས་ཤིང༌། ཨུ་དུམ་ཝ་རའི་སྦྱིན་བསྲེག་ཀྱང་ཁྲི་ཕྲག་བརྒྱད་བྱའོ།། བགེགས་རྣམས་འཇོམ་པའི་དོན་དུ་བདུད་རྩི་འཁྱིལ་པའི་རིག་པ་འབུམ་ཕྲག་བཟླ་ཞིང༌། སྦྱིན་བསྲེག་ཀྱང་ཁྲི་ཕྲག་གཅིག་གོ། སྡང་བ་ཐམས་ཅད་རབ་ཏུ་འཇིགས་པའི་དོན་དུ་ཁྲོ་བོ་ཆེན་པོ་རབ་ཏུ་མི་བཟད་པ་གཤིན་རྗེ་མཐར་བྱེད་ཀྱི་རིག་པ་འབུམ་དུ་བཟླ་ཞིང༌། དེ་ནས་ཐོག་མ་ཉིད་དུ་ཀེང་ཤུ་ཀའི་སྦྱིན་སྲེག་སྟོང་ཕྲག་གཅིག་འབུལ་ལོ།། དེའི་འོག་ཏུ་བཱ་ཊའི་ཤིང་གི་སྟོང་ཕྲག་བཅུ་པའོ།། དེའི་འོག་ཏུ་ནི་ཙནྡན་དམར་པོ་དང༌། ཨ་བྷ་རའི་ཁུ་བ་ལ་སོགས་པ་རྨད་དུ་བྱུང་བའི་གཏོར་མ་དང་སྦྱིན་སྲེག་སྟོང་ཕྲག་བཅུས་མཉེས་པར་བྱ། དེ་ཐམས་ཅད་དུ༌། འདོད་པའི་དོན་ལ་གསོལ་བ་གདབས་པར་བྱའོ། སྒྲུབ་པོ་གང་ཟག་གི་ཆོ་ག་རྣམས་བརྩམས་ཤིང༌། རང་ཉིད་དངོས་གྲུབ་མཆོག་གི་དོན་དང༌། ལྷོ་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། གྲོང་ཁྱེར་ཀ་ལཱ་པར་འཇུག་པར་འདོད་པས། སྡིག་མེད་ཅིང་གཡོ་རྒྱུ་མེད་པའི་དེ་དག་ནི་འཆད་པར་འགྱུར་བའི་རིམ་པ་འདིས། ངེས་པར་དེར་ཕྱིན་པར་འགྱུར་གྱི། བར་མ་དོར་ཉེས་པར་མི་འགྱུར་རོ།། གལ་ཏེ་བདག་གི་ཚིག་འདི་རྫུན་པར་གྱུར་ན་བདག་གི་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ།། ཅི་སྟེ་མཆོག་འཁྲུལ་བའམ། སྡིག་པའི་སེམས་དང་ལྡན་པ་གཅིག་ཡིན་ན་ནི། ཀླུ་ཕྲན་ནམ། ལྟོ་ཕྱེ་འམ། གནོད་སྦྱིན་ནམ། འབྱུང་པོ་འམ། ལྷ་གང་དག་གཏུམ་པོ་རྣམས་ཀྱི་ཆད་པ་ཐོབ་པར་འགྱུར་གྱི་སྒྲུབ་པ་ནི་ནམ་ཡང་མ་ཡིན་ནོ།། འདི་གྲུབ་པ་ནི་དཀའ་བ་མིན། འབྱོར་བའི་ཁྱད་པར་གཞན་དང་གཞན། །སྔགས་དང་རླུང་གི་ལས་རྣམས་ཏེ། །རྒྱུད་ཀྱི་བགྲོད་པ་གཞན་ཡིན་ནོ། ཤིན་ཏུ་ཉམས་ཆུང་འདི་མི་འགྲུབ། །སྒྲུབ་པོ་ནུས་ལྡན་འགྲུབ་འདོད་པས། །མ་གྲུབ་དེ་ལྟར་ལེགས་ཐོབ་འགྱུར། །རིག་པའི་ཆོ་ག་འདི་ཡིས་སོ།། དེ་ནས་སྒྲུབ་པ་པོ་དེས། གང་དུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཤིང་ཨ་ཤྭྭད་ཐ་ལ་མཆོད་པ་སྟོང་གིས་ཡང་དག་པར་མཆོད་ནས། ལམ་དུ་འཇུག་པར་བྱ་སྟེ།
གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་རཏ་ན་སཱ་ག་ར་ཞེས་བྱ་ལ། དེད་དཔོན་མཆོག་དང་ལྷན་ཅིག་གྲུ་ལ་ཞོན་པས་བྱང་ཕྱོགས་སུ་བགྲོད་དེ། གླིང་སི་ཀོ་དྷ་ར་ཞེས་བྱ་བ་དང༌། དྷ་ན་ཀོ་ཥ་ཞེས་བྱ་བའི་གླིང་དུ་བགྲོད་པར་བྱའོ།། གླིང་དེའི་ནུབ་ཕྱོགས་ན་ཀླ་ཀློའི་གྲོང་ཡོད་དེ། སྒྲུབ་པ་པོ་དེར་འགྲོ་བར་མི་བྱ་ཞིང༌། ཤར་གྱི་ཕྱོགས་ལ་ཉེ་བར་བརྟེན་པའི་གྲོང་ཁྱེར་དུ་ཟླ་བ་དྲུག་སྡོད་པར་བྱའོ།། དེ་ན་བདེ་བར་གཤེགས་པ་གསེར་ཐུབ་ཀྱི་མཆོད་རྟེན་ཡོད་དེ། དེ་ལ་བསྐོར་བ་སྟོང་ཕྲག་ལྔ་བྱས་ཏེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་བ་འདོན་པར་བྱའོ།། དེ་ནི་འདི་ཡིན་ཏེ། ན་མ་སྟྲཻ་ཡཱ་དྷྭི་ཀ་ནཱཾ། ཏ་ཐཱ་ག་ཏཱ་ནཾ། སརྦ་དྲ་ཨ་པྲ་ཏི་ཧི་ཏ། བི་སྟ་དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོཉ། ཨ་ནནྟ་བཱསྟི་ཤ་ས་ན། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། མིག་ཏ་རཱ་ག བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། དྲ་ཡ་དྲ་ཡ་ག་ག་ན། མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་སཱ་ག་རེ་སྭཱ་ཧཱ། དད་པ་སྟོབས་ཞན་དེ་དང་དེས། །ནམ་ཡང་འགྲུབ་པ་ཡོད་མ་ཡིན། །ཆོ་ག་མི་སྨོད་གཞན་ལ་མིན། །ལྷ་དང་ཆོས་ལ་འཕྱས་མི་གདགས། །ངེས་པར་འགྲུབ་སྙམ་ཡིག་བརྟན་དང༌། །ཤིན་ཏུ་དད་པའི་ཤུགས་སྟོབས་ཀྱིས། །འབྱོར་བ་དང་ནི་གྲོལ་བ་སྟེ། །དགེ་ཆོས་འཇོམ་ལ་ནམ་ཡང་མིན། །དེ་ནས་སྒྲུབ་པ་པོ་དེ་གྲུའི་བགྲོད་པས། བྷ་ར་ཏིའི་དུམ་བུ་འདི་ཉིད་དུ་འོང་བར་བྱ་སྟེ། གཞན་དུ་ན་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དེ་ཉིད་ལས་བྱང་གི་ཕྱོགས་ལ་ཉེ་བར་བརྟེན་པའི། གླིང་གཞན་དང་ཡུལ་མཐའ་གཞན་མང་པོ་དག་ནི་ལེག་པར་སྤྱོད་པ་མ་ཡིན་པའི་ཕྱིར་རོ།། སྒྲུབ་པ་པོ་ཀུན་ཏུ་འཁྱམས་པར་འགྱུར་རོ།། དེ་ལ་གླིང་འདི་ནི་ཆུ་ཀློང་སྔོན་པོ་ཞེས་བྱ་བའི་མཚོ་དང་འབབ་ཆུ་དག་དང་ཤར་ནུབ་ཏུ་ཐད་མཉམ་པ་ཡིན་ཏེ། དེའི་ཕྱིར་དབང་པོའི་ཕྱོགས་བོར་ནས་སྒྲུབ་པ་པོ་དབང་ལྡན་གྱི་ཕྱོགས་སུ་འགྲོ་འོ།། གྲོང་ཁྱེར་རུག་མ་དང༌། རཱ་པ་རི་དང༌། ཀ་ཊི་ཀཱི་ལ། མ་དྷུ་ཝཱན་དྷ་ལ་སོགས་པ། བྱང་ཕྱོགས་ནས་བྱང་ཕྱོགས་སུ་ཟླ་བ་དྲུག་དུ་བགྲོད་པར་བྱ་སྟེ། དེ་དག་གི་ཕ་རོལ་ན་ཆུ་བོ་ཆེན་པོ་ས་ཏྲུ་ཞེས་བྱ་བ་དང༌། ཀ་རི། ཀ་ཀཱ་རི་ཞེས་བྱ་བ་གངས་ཀྱི་རི་ཡོད་དེ་དག་ལས་ཀྱང་བརྒལ་བར་བྱའོ།། ཡུལ་འཁོར་དེ་རྣམས་ན་གནས་པའི་མི་རྣམས་ནི། དྲང་པོའི་རང་བཞིན་ཅན་གྱི་ཕྱིར། བགྲོད་པར་དཀའ་བ་མ་ཡིན་ཞིང་འཇིགས་པ་ཡང་མེད་དོ།། རི་དེ་ལ་རུ་ཛ་ན་ཡ་ཞེས་བྱ་བའི་སྨན་རོ་མཆོག་ཏུ་མངར་བ་དང༌། ཏཱི་ལ་ཀ་ཞེས་བྱ་བ་ཤིན་ཏུ་ཁ་བ་སྟེ། དེ་དག་ཀྱང་འོ་མ་ལྟར་འཛག་པ་དག་ཡོད་དོ།།
གང་གི་མེ་ཏོག་ཉི་མ་འཆར་ཀའི་མདངས་ལྟར་རབ་ཏུ་དམར་བ། དེའི་འདབ་མ་ཡང་དགྲ་སྟའི་སོ་ལྟ་བུ། ཚེར་མ་རྣོན་པོ་ཅན། ལྟོ་ངོས་སུ་མངོན་དུ་ཕྱོགས་པའི་བྲག་ལས་འབྱུང་བ་དེ་ནི་རུ་ཛ་ན་མ་ཡིན་ནོ།། ངམ་གྲོག་དག་གི་ངོས་ལ། འཕྱངས་ཞིང་འཕྱང་ན་མ་ཧེ་མོའི་ནུ་མ་ལྟ་བུའི་མེ་ཏོག་དཀར་པོ་དང་ལྡན་པ་ནི། ཏཱི་ལ་ཀའོ།། དེ་དག་གི་ཕྱོགས་བཞིར། རྡོ་རྗེ་སྲིན་པོ་སྟོབས་པོ་ཆེའི་རིག་སྔགས་ལན་བདུན་བཟླ་བཞིན་དུ། ཤིང་བ་ཏ་ལའི་ཕུར་བུས་བཏབ་ནས། དེ་དག་གི་བ་ཐག་དབྱུང་བར་བྱའོ།། ཞག་བདུན་དུ་དེ་དག་ཡོངས་སུ་སྐམ་པར་བྱས་ནས། བྲག་གི་ཕུག་པར་བདུད་རྩི་ཐལ་སྦྱོར་བཟླས་པའི་བསྲུང་ཞིང་སྦ་བར་བྱའོ།། ཕྱོགས་ཏེ་ན་བཙག་ཁ་དོག་ལྔ་པོ་དག་ཡོད་དེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་ཁུ་དག་སྟེ། དེ་དག་བླངས་ནས་གངས་ཀྱི་ཆུ་བོས་ཁྲུས་བྱས་ནས་རྡོ་ལེབ་དཀར་པོ་ཞིག་ལ་ལྷ་མོ་འོད་ཟེར་ཅན་མའི་སྐུ་གཟུགས་བྲི་བར་བྱ་སྟེ། མདོག་གསེར་བཙོ་མ་ལྟ་བུ་ཀ་ར་བཱི་རའི་མེ་ཏོག་ལྟར་དམར་བའི་སྤྱན་གསུམ་པ། གཡས་ཀྱི་ཞལ་དམར་པོ། གཡོན་གྱི་ཞལ་ནི་ཕག་གི་གདོང་ནག་པོ་རབ་ཏུ་འཁྲོས་པ། དར་སྔོན་པོའི་ག་ཤ་འཕྱང་བ། ནམ་མཁའི་ཕྱག་རྒྱ་ཅུང་ཟད་གསལ་བར་བྱེད་པའི་ལྷ་དང་ལྷ་མ་ཡིན་དང་དབང་ཕྱུག་རྣམས་དབང་དུ་བྱེད་པ། ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་གི་མདའ་དང་གཞུ་འགེངས་པ། བར་མ་གཉིས་ཀྱི་ཁབ་དང་སྐུད་པ་དང་མྱ་ངན་མེད་པ་བསྣམས་པ། ཐ་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊཱཾ་ག་ལྟེ་བའི་གཡས་གཡོན་དུ་འཛིན་པ། ཕག་གི་སྟེང་ན་སྡང་བ་དང་གདུག་པ་ཅན་ཐམས་ཅད་ཡོངས་སུ་གནོན་པ། འདི་ལྟ་བུ་བྲིས་ནས་ཆོ་ག་ཇི་ལྟ་བས་མཆོད་པ་དང་བཟླས་པ་བྱའོ།། དེ་ལ་སྔགས་འདི་ཡིན་ཏེ། ན་མོ་རཏ་ན་ཏྲ་ཡཱ་ཡ། ཏད་ཐཱ། ཨོཾ་བ་ཏཱ་ཡི་བ་དཱ་ཡི། བ་ར་ལི་བ་ར་ཧ་མུ་ཁི་སརྦ་དུཥ་ཊན་པྲ་དུཥ་ཊན་བནདྷ་བནདྷ་མུ་ཁཾ་སྭཱ་ཧཱ། ཅེས་པ་འདི་ཨ་ཤོ་ཀའི་ཤིང་དང་མེ་ཏོག་དམར་པོ་བརྒྱ་ཕྲག་ལྔས་སྦྱིན་སྲེག་བྱའོ།། སྙིང་པོའི་སྔགས་འདི་ཡང་ཁྲི་ཕྲག་བཟླས་པ་བྱ་སྟེ། ཨོཾ་བཛ་བྷཻ་ཏཱ་ལི་ཧཱུཾ་ཕཊ། ཚངས་པར་སྤྱོད་ལ་ལེགས་གནས་ནས། །སྙིང་རྗེས་སྒྲུབ་པ་ལེགས་པ་སྟེ། །གདུག་ལ་གདུག་པ་ངེས་སྦྱོར་ལ། །རྟག་ཏུ་བྱམས་པའི་ཡིད་ཀྱིས་སོ། །གང་གང་འདུལ་བ་དེ་དང་དེ། །སྔགས་པའི་རབ་སྦྱོར་དེ་དེ་འོ། །ཉོན་མོངས་སྤྱོད་ལས་ནམ་ཡང་མིན། །ནང་གི་བདག་ཉིད་དུལ་བས་སོ། །
དེའི་འོག་ཏུ་བདུད་རྩི་འཛག་པའི་སྨན་དེ་དག་བཏགས་སྟེ། གངས་ཀྱི་བ་མེན་དག་གི་འོ་མ་ལྟུང་བ་ལ་ཡོངས་སུ་བསྐོལ་ནས་བཅོམ་ལྡན་འདས་མའི་སྤྱན་སྔར་བཞག་པར་བྱའོ།། སྙིང་པོའི་མཐར་བདུད་རྩི་ཐིག་པ་སྒྲུབ་ཤིག་ཅེས་སྤེལ་བས། ལན་སྟོང་དུ་བཟླས་པར་བྱས་ན། ལྷ་མོ་ཡང་དག་པར་མཆོད་དེ་དངོས་གྲུབ་བླངས་ནས་སྨན་བཏུང་བར་བྱའོ།། ཕྱིས་ནས་སྐུ་གཟུགས་དེ་ཡང་བྱང་ཕྱོགས་ལ་བལྟས་ཏེ་བཞགས་ལ། མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་སྦ་བར་བྱའོ།། དེས་ནི་བཀྲེས་པ་དང༌། སྐོམ་པ་དང༌། ངལ་བ་དང༌། དུབ་པ་མེད་དེ། ལྷ་མོའི་མཐུ་ལས་བར་དུ་གཅོད་པ་ཐམས་ཅད་ཀྱང་བདག་གི་དབང་དུ་བྱེད་པར་འགྱུར་རོ།། དེ་ནས་བྱང་ཕྱོགས་སུ་བལྟས་ནས་ཉིན་ལམ་ཉི་ཤུ་རྩ་གཅིག་ཏུ་འགྲོ་བར་བྱ་སྟེ། ལམ་དེ་ལ་ནི་རྩ་ཡང་མེད། ཤིང་འགེལ་བ་ཡང་མེད། ཆུ་ཡང་མེད་དོ།། དེའི་ཕ་རོལ་ན་ནགས་འཐུག་པོ་དག་ཡོད་དེ། སྦྲུལ་དང་སྟག་ལ་སོགས་པ་གནས་པའི་འབྲོག་དགོན་པའི་ལམ་ལ་ཉི་མ་བཅུ་གཉིས་འགྲོ་བར་བྱའོ།། དེའི་ཕ་རོལ་ན་རིའི་རྒྱལ་པོ་གན་དྷ་ར་ཞེས་བྱ་བ་ཡོད་དེ། དཔངས་སུ་དཔག་ཚད་ཉི་ཤུའོ།། རི་དེ་ནི་སྨན་སྣ་ཚོགས་ཀྱི་གང་བ་ཡིན་ནོ།། དེ་ན་ནི་སེང་གེ་གཤོག་པ་ཅན་དག་གནས་ཏེ། ཉི་མ་རེ་རེར་ཡང་སྲོག་ཆགས་མང་པོ་དག་གསོད་པར་བྱེད་དེ། དེར་རི་དྭགས་ཀྱི་ཁྱད་པར་ཞིག་ལུས་བསྒྱུར་བ་ཞེས་བྱ་བ་ཡོད་དོ།། དེ་ལུས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པར་བསྒྱུར་བ་ཡིན་ཏེ། དེ་སེང་གེ་དེས་བསད་པའི་ཁྲག་ལས། རྡོ་ལེབ་ནག་པོ་ལ་སྲིན་མོ་མན་དེ་ཧ་ཞེས་བྱ་བ། རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བའི་ལུས་ཅན། ཁ་དོག་འབར་བ་མི་ཡིས་ལྤགས་པས་སྨད་དཀྲིས་ཤིང༌། ལག་པ་གཡོན་པ་ན་རལ་གྲི་འཛིན་པ། གཡས་པ་ན་བ་ལང་གི་ལྤགས་པ་གསར་བའི་ནང་དུ་ཤ་ཁྲག་དང་སྙིང་གི་གང་བ་འཛིན་ཅིང་ཟ་བར་བྲིས་ཏེ། སྣོད་དག་ཏུ་ཤ་ཁྲག་གི་གཏོར་མ་བཤམས་པར་བྱའོ།། བདག་ཉིད་གཤིན་རྗེ་མཐར་བྱེད་མི་བཟད་པ་དབྱུག་པ་དང་ཞགས་པ་ཐོགས་པ་མ་ཧེ་ལ་གནས་པར་བྱས་ནས། ཨོཾ་ཧྲཱིཿཀཱ་ལ་རུ་པ་ཧཱུཾ་ཁཾ་སྭཱ་ཧཱ། ཀྲིཾ་ཀ་རེ་ཀྲིཾ་ཀ་རེ། མན་དྷེ་ཧ་རཀྵ་སཱི། ཨཱ་གཙྪ་ཨཱ་གཙྪ་ཧྲཱིཿཛ་ཞེས་སྟོང་ཕྲག་བཅུར་བཟླས་ནས། དེ་མངོན་དུ་འོང་བར་འགྱུར་ལ། ཁྲག་གི་མཆོད་ཡོན་དང་ཤའི་གཏོར་མ་དག་སྦྱིན་ལ། ཐོད་པའི་ཕྱག་རྒྱ་བསྟན་ཏེ། ཁྲོ་བོ་ཆེན་པོའི་སྟོབས་ཀྱིས་གཟེར་བར་བྱའོ།། དེས་ཀྱང་སྒྲུབ་པ་པོ་ཅི་འདོད་ཅེས་སྨྲ་བར་འགྱུར་རོ།། ཀྱཻ་སྲིན་མོ་བདག་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་བདེ་བར་འདོད་པས། གྲོང་ཁྱེར་ཀ་ལཱ་པར་འགྲོ་ཡི། ཡུལ་སྟོང་པ་འདི་རྣམས་སུ་ཁ་ཟས་འབྱོར་བར་གྱིས་ཤིག དེས་ཀྱང་དེ་བཞིན་དུ་བྱའོ།། དེ་ནས་མི་སྣང་བར་གྱུར་ཏེ། ཤིང་ཨར་འཇུ་ནིའི་རྩ་བ་ལ། རབ་ཏུ་ཆགས་པ་མེ་ཏོག་ཀུནྡ་ལྟར་ཁ་དོག་དཀར་བའི་བཅུད་རོ་སྦྲང་རྩི་འདྲ་བ་དག ཉིན་མོ་དང་ནུབ་མོ་གནས་པའི་ས་དག་ལ་གནས་པར་འགྱུར་རོ།། དེ་ནས་བྱང་ཕྱོགས་སུ་གངས་ཅན་ཆེན་པོ་ཞེས་བྱ་བའི་རི་ཡོད་དེ། དཔག་ཚད་བརྒྱ་ཕྲག་གསུམ་གྱི་ཁོར་ཡུག་ཅན་དེ་ན་གནོད་སྦྱིན་རྣམས་དང༌། དཀའ་ཐུབ་ཅན་རྣམས་དང། གྲུབ་པ་རྣམས་དང། མི་འམ་ཅི་དག་གིས་ཡོངས་སུ་གང་བ་ཡིན་ནོ།། ཅི་སྟེ་སྒྲུབ་པ་པོ་ཕ་རོལ་གནོན་པའི་རྫུ་འཕྲུལ་དང་ལྡན་པ་ཡིན་ན་ནི། དེར་སོང་ནས་དགའ་བར་བྱ། རྩེ་བར་བྱ། ལོངས་སྤྱོད་དག་ཀྱང་བྱ་སྟེ། དེ་ནས་མཐར་གྱི་དེ་དག་གི་ཕྲག་པ་ལ་ཐོག་ནས་གྲོང་ཁྱེར་ཀ་ལཱ་པར་ཡུད་ཀྱི་ཕྱིན་པར་འགྱུར་རོ།། ཅི་སྟེ་ཕ་རོལ་གནོན་པའི་སྟོབས་རེ་མེད་ན་ནི་དེར་འགྲོ་བར་མི་བྱ་སྟེ། རླུང་གི་ཕྱོགས་ཀྱི་ལམ་ཆེན་པོ་རབ་ཏུ་གསལ་བ་ལ་ཉེ་བར་བརྟེན་ཏེ་མྱུར་བར་འགྲོ་བར་བྱའོ།། སྲིད་གསུམ་གནས་ཀྱི་རྒྱུད་རྣམས་ནི། །བསོད་ནམས་ཆུང་ཡང་འགྲུབ་པར་སླ། །ཚངས་འཇོམས་དེ་ཡིས་གྲོགས་ཀྱང་བྱེད། །ཆེ་བའི་ཆེ་བའང་རྙེད་མ་ཡིན། །རྟག་ཏུ་དགེ་བའི་སྟོབས་དང་ལྡན། །བདག་མེད་དོན་གྱི་དེ་ཉིད་རིག །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། མཆོག་གི་རིག་སྔགས་དེ་ཡིས་འགྲུབ།།
གངས་རི་དེ་ལ་ཤར་དང་ནུབ་ཏུ་ཆུ་བོ་རབ་ཏུ་འབབ་པའི་གཞི་ལ་ལུ་མ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་དང་ཡོངས་སུ་འདྲེས་ཏེ། མཚོ་ལྟར་སྣང་ཞིང་རྒྱུ་བ་ཡང་མི་མངོན་པ་ཁ་དོག་དཀར་པོ་སྣང་བ་ཡོད་དོ།། དེ་ལ་ཆུ་བོ་སུ་ཏ་ཞེས་བྱའོ།། ཆུ་ཀླུང་འདི་ནི་དཀྱུས་སུ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་པ། ཤར་དང་ནུབ་ཏུ་རྒྱ་མཚོ་དུག་ཅན་པ་ལ་སོགས་ཡོངས་སུ་འཇུག་པ། ཞིང་དུ་དཔག་ཚད་ཙམ་མོ།། ཆུ་འདི་ནི་ཤིན་ཏུ་གྲང་བ་ཡིན་ཏེ། དམྱལ་བའི་འགྲོ་བ་མ་གཏོགས་པ། བྱ་དང་ཉ་ཆུ་སྲིན་ལ་སོགས་པ་སྲོག་ཆགས་འགའ་ཡང་མེད་དོ།། ཆུ་བོ་དེའི་ཚུར་འགྲམ་ན་ཟངས་ཀྱི་མདོག་ཅེས་བྱ་བའི་རི། ཕུག་པ་སྟོང་དང་ལྡན་པ་དག་ཡོད་དེ། ཤིང་རི་ཥ་ཀ་དང༌། ཀུ་ལུ་མ་ཀ་དང༌།ཏ་མ་རུ་དང༌། དེ་བ་ད་རུ་དང༌། ཤུགས་པའི་ཡོངས་སུ་གང་བ་ཡིན་ནོ།། རི་དེ་ལ་ནི་སྲིན་མོ་གློག་འགྱུ་མ་ཞེས་བྱ་བ་གནས་ཏེ། དེའི་ཚེ་ཆོ་ག་ལ་ཡང་སྔ་མ་དང་མཚུངས་པ་ལས། ལག་ན་ནི་གཏུན་ཤིང་འཛིན་པ། གླང་པོ་ཆེན་པོའི་ལུས་ལ་ཟ་བ། ཆར་སྤྲིན་གྱི་མདོག་ཅན་ཏེ། གཉཛ་དང༌། ཧ་རི་ན། ནགས་ཀྱི་བ་ལངས་དང༌། གླང་པོ་ཆེའི་ཁྲག་རྣམས་ཀྱི་བྲི་བར་བྱ་ཞིང༌། གཏོར་མ་ཡང་དེ་དག་རྣམས་ཉིད་དོ།། བདག་ཉིད་རྣལ་འབྱོར་ནི་ཁྲོ་བོ་གཤེན་རྗེ་གཤེད་པོ། ཞལ་དྲུག་པ་དུས་མཐའི་སྤྲིན་དང་མཚུངས་པ། ཞབས་དྲུག་པ། ཕྱག་བཅུ་གཉིས་པ་རལ་གྲི་དང༌། དགྲ་སྟ་དང༌། གྲི་གུག་དང༌། ག་དཱ་དང༌། འཁོར་ལོ་དང༌། དྲི་ཤུལ་ལ་རྣམས་གཡས་ན་འཛིན་པའོ།། གཤིན་རྗེའི་དབྱུག་པ་དང༌། དུས་ཀྱི་ཞགས་པ་དང༌། ཁ་ཊཱཾ་ག་དང༌། ལྕགས་ཀྱུ་དང༌། ཐོད་པ་ཁྲག་གིས་གང་བ་དང༌། སྡིག་འཛུབ་རྣམས་ནི་གཡོན་པ་ནའོ།། རྣམ་པ་འདི་ལྟ་བུ་ལས་སྔགས་འདི་ཡིན་ཏེ། ཨོཾ་སརྦ་དུཥ་ཊ་སྟམ་བྷ་ཡ་ཧཱུཾ། ན་དཱི་ཝཱ་ར་ཎི་ཀུ་མཱ་ར་ཀྲཱི་ཊ་རུ་པི་ཎི་བན་དྷ་བན་དྷ་ས་མཡ་མ་ནུ་ས་མ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ།། བི་ཡུ་ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙལ། བིང་ཡུ་ཛི་སྭཱ་ཧཱ། ས་ཧ་པྲ་མུ་ཁ། ས་ཧ་པྲ་བ་ཧ་བེ་ ར་ར་ར་ར་རཀྵ་སི་བྷོཿབྷོཿ ཨ་ཀརྵ་ཡ་ཛཿ ཅེས་པ་ནི་སྲིན་མོའི་སྔགས་སཽ།། དེ་ནས་སྒྲུབ་པ་པོ་ལམ་སྟོན་ཅིག་ཅེས་བརྗོད་པར་བྱ་སྟེ། དེས་ཀྱང་ཆུ་བོ་སི་ཏ་ལ་ལམ་སྟོན་པར་འགྱུར་ཏེ། ཆུ་ཀླུང་དེའི་རབ་ཏུ་གྲང་བས་ནི། སའི་སྟེང་གི་གངས་དང་རླུང་རེག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའི་ཕྱིར། དགུན་ཟླ་འབྲིང་བོ་ལ་ཡང་ཆབ་རོམ་ཆགས་པ་མེད་ན། སྲིན་མོའི་རྫུ་འཕྲུལ་གྱིས། དབྱར་ཟླ་དང་པོའི་ཡང་ཆབ་རོམ་ཤིན་ཏུ་བརྟན་པར་ཆགས་ནས་སྒྲུབ་པ་པོ་འཇིགས་པ་མེད་པ་ཉིད་ཀྱིས་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ།། ཆུ་བོ་འདི་ནི་བྷ་ར་ཏའི་དུམ་བུ་ཞེས་བྱ་བ། གླིང་འདིའི་ཕྱེད་ཀྱི་དབུས་ལ་རྒྱུ་བ་ཡིན་ཏེ། ལྷོ་དང་བྱང་དུ་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་དང༌། དགུ་བཅུ་རྩ་དྲུག་དག་གནས་པ་ཡིན་མོད་ཀྱི། འོན་ཀྱང་ཤར་ནུབ་ཏུ་ནི་བྱང་ཕྱོགས་ལྷག་པར་ཡངས་པ་ཡིན་ནོ།། ཆུ་བོ་དེའི་ཕ་རོལ་ན་ཤིང་ཀེ་ཏ་དང༌། བཻ་ལ་དང༌། ཀ་བྷི་ཏ་དང༌། པ་རུའ་ཥ་དང༌། བ་ད་ར་དང༌། ཀ་སི་ཏ་དང༌། ཨར་ཛུ་ན་དང༌། ཏ་ལའི་ནགས་ཚལ་དག་ཡོད་དེ། དེར་ཟླ་བ་གཅིག་ཏུ་ངལ་གསོ་བར་བྱ། རྩ་བ་དང་འབྲས་བུ་དང་ལོ་མ་དང་མེ་ཏོག་དག་ནི་བཅུད་དང་ལྡན་པ་དང་མཐུ་དང་ལྡན་པ་དག་ཡིན་ནོ།།