ཁྲི་ཀའི་བྲག་དམར་སྟོང་སྐུ་རང་བྱོན།
བྲག་དམར་སྟོང་སྐུ་རང་བྱོན་ནི་ཁྲི་ཀ་རྫོང་ཀ་རང་ཡུལ་ཚོའི་མངའ་ཁོངས་ཨ་སྐོང་སྡེ་བར་གཏོགས་ཤིང་། ཨ་སྐོང་ཞེས་པ་ཡང་དེ་རུ་བྲག་ཕུག་ཅིག་ཡོད་པ་དང་དེའི་ངོས་སུ་བོད་ཡིག་གི་ཨ་ཡིག་རང་བྱོན་ཞིག་སྐུང་ཡོད་པས་དེ་ལྟར་ཐོགས་ཚུལ་དང་། སྡེ་བ་དེའི་བྲག་རི་རྣམ་པ་ཤིན་ཏུ་གཟར་ཞིང་བྲག་ལ་རྩྭ་སྐྱེས་མེད་པར་མདོག་དམར་སེར་ལྡན་ལ། བྲག་རིའི་རྣམ་པ་ངོ་མཚར་ཞིང་ཡིད་དུ་འོང་བ་དང་། མིའི་གཟུགས་ཅན་དང་ལྷ་སྐུའི་གཟུགས་ཅན། གླང་ཆེན་གྱི་འགྱིང་ཉམས། སྟག་སེང་གི་མཆོང་སྟངས། བྱ་ཆེན་གྱི་གཤོག་འགྱུ་བཅས་གནས་སྐོར་པ་རྣམས་ཀྱི་མིག་དབང་འཕྲོག་པར་མ་ཟད། ཡུལ་དེ་རུ་བྲག་དམར་གྱི་སྒོ་ཆེན་ཕྱེས་འདྲ་ཞིག་ཡོད་པ་ལ་དམངས་ཁྲོད་དུ་བྲག་རྒྱ་སྒོ་ཟེར་ཞིང་། སངས་རྒྱས་སྟོང་གི་མཆོད་བཤམས་ཡིན་པར་གྲགས་ལ། བྲག་ངོས་ན་མཐོ་ཚད་མི་འདྲ་བའི་ལྷ་སྐུ་རང་བྱོན་སྟོང་ཕྲག་མང་པོ་བབས་ཡོད་པས་བྲག་དམར་སྟོང་སྐུ་རང་བྱོན་ཞེས་ཟེར། བྲག་དམར་བླ་རི་འདི་ལ་ད་ལྟ་རྒྱའི་ས་གཤིས་མཁན་པོ་རྣམས་ཀྱིས་ཏཱན་ཞ་ས་གཤིས་ཅན་ཞེས་མཐོང་དཀའ་བའི་ས་དབྱིབས་ཤིག་ཏུ་ངོས་འཛིན་གྱིན་ཡོད།
བྲག་དམར་སྟོང་སྐུ་རང་བྱོན་ནས་བྱང་བལྟས་སྤྱི་ལེ་གཉིས་ཀྱི་མཚམས་ན། ཤན་པ་མེ་རུའི་རྫོང་མཁར་མཛོ་མོ་རུ་རྫོང་དང་ཤན་པའི་བླ་རི་ཅོག་ལ་མཚར་རྩེ་ཡོད་པས་ཀ་རང་ཡུལ་ཚོ་ནི་ཤན་པའི་རུ་རྫོང་དུ་ངོས་འཛིན་གྱིན་ཡོད། དེ་ནས་བྱང་ངོས་ཀྱི་སྤྱི་ལེ་གཉིས་ཀྱི་མཚམས་ན་ཚེ་འགུ་མཁར་ཐོག་གམ་དཀར་བརྗིད་དཔོན་ཚང་ཡོད།