“སྙིང་རྗེ”ཞེས་པའི་ངོ་བོ་དང་དབྱེ་བ་བཤད་པ།
སྙིང་རྗེ་ཞེས་པ་ནི། “རང་གི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ལ་དམིགས་ནས་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་རྣམ་པར་མི་འཚེ་བའི་སེམས་བྱུང་དེ་སྙིང་རྗེའི་མཚན་ཉིད་ཡིན།” (《དབུ་མའི་མཐའ་དཔྱོད་ལེགས་བཤད་གཏེར་མཛོད་ཅེས་བྱ་བ་བཞུགས་སོ》)ཞེས་གསུངས་ཏེ། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལྡན་པ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པ་ཞིག་ཡིན། དེས་ན་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན་པས། སྙིང་རྗེ་མེད་པའི་ཐེག་པ་ཆེན་པོ་མི་བཏུབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། “རྫོགས་པའི་སངས་རྒྱས་ནི། བྱང་ཆུབ་ཀྱི་སེམས་ལས་བྱུང་བ་སྙིང་རྗེའི་རྩ་བ་ལས་བྱུང་བ། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །”ཞེས་གསུངས་པ་དང་། “ཡང་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བྱ་ཡི། ཆོས་གཅིག་ལ་བསླབ་པར་བྱ་སྟེ། གང་ཞེ་ན། སྙིང་རྗེ་ཆེན་པོའོ”ཞེས་པ་དང་། ཡང“གང་ལ་མགོ་མཆིས་པ་དེ་ལ་འཚེ་བ་མཆིས་སོ། །གང་ལ་སྙིང་རྗེ་ཆེན་པོ་མཆིས་པ་དེ་ལ་རྫོགས་པའི་སངས་རྒྱས་མཆིས་སོ”ཞེས་པ་དང་། ཡང་། “མོས་པ་སྡུག་བསྔལ་ལ་འཇིགས་པ་དང་། །དེ་ཡི་ཕན་ཡོན་བསམ་པས་བསྐྱེད། །དེ་ཡང་སྙིང་རྗེ་ལས་བྱུང་ཡིན། །”ཞེས་པ་དང་། ཡང་། “རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་ལས་བྱུང་། །བྱང་ཆུབ་སེམས་ཀྱང་སྙིང་རྗེའི་རྒྱུ་ལས་བྱུང་། །དེ་ཕྱིར་སྙིང་རྗེའི་ངང་ཚུལ་རབ་ཏུ་ལྡན་པར་བྱ། །”ཞེས་གསུངས། ཐེག་པ་ཆེན་པོའི་རྒྱུ་ལམ་འབྲས་བུ་ཐམས་ཅད་མཐར་ཕྱིན་པར་བྱེད་པ་སྙིང་རྗེ་ཡིན་པས། དཔལ་ལྡན་ཟླ་བ་གྲགས་པས་ཀྱང་།“ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །”(《མངོན་རྟོགས་རྒྱན་དང་དབུ་མ་འཇུག་པའི་རྩ་བ་བཞུགས་སོ》)ཞེས་སྙིང་རྗེ་ནི་མཆོད་བརྗོད་ཀྱི་ཡུལ་དུ་མཛད་པའོ། །
མདོར་ན་སྙིང་རྗེའི་དམིགས་ཡུལ་ནི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཡིན་ཞིང་། དེའི་རྣམ་པ་ནི་སྡུག་བསྔལ་རྒྱུ་དང་་བཅས་པ་བྲལ་པར་འདོད་པའི་བློའོ། །དེ་ལྟར་ན་སྙིང་རྗེའི་སྦྱོར་བ་ནི། “སེམས་ཅན་རྣམས་ལ་སྙིང་རྗེའི་སྟོབས་བརྟན་པོ་ཐོབ་པར་གྱུར་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་ཇི་སྲིད་འཚོའི་བར་དུ་སྦྱོར་བའོ”ཞེས་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་གསུངས་སོ། །དེ་ཡང་སྙིང་རྗེ་ལ་དབྱེ་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་སྟེ་གསུམ་ཡོད་དེ།
གཅིག སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྙིང་རྗེ་སྐྱེ་བའོ། །
གཉིས། ཆོས་ལ་དམིགས་པའི་སྙིང་རྗེ་ནི། རང་འཕགས་པའི་བདེན་པ་བཞི་ལས་གོམས་ཙ་ན། རྒྱུ་འབྲས་རྣམ་གཉིས་ཤེས་ནས་རྟག་པ་དང་རིལ་པོར་འཛིན་པ་ལས་བློ་བཟློག་པ་སྟེ། སེམས་ཅན་གཞན་རྒྱུ་འབྲས་མི་ཤེས་པར་རྟག་པ་དང་རིལ་པོར་འཛིན་པ་རྣམས་ལ་རེ་འཁྲུལ་སྙམ་དུ་སྙིང་རྗེ་སྐྱེ་བའོ། །
གསུམ། དམིགས་པ་མེད་པའི་སྙིང་རྗེ་ནི། རང་མཉམ་པར་བཞག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཙམ་ན་སེམས་ཅན་དངོས་འཛིན་ཅན་རྣམས་ལ་ཁྱད་པར་དུ་སྙིང་རྗེ་སྐྱེ་བའོ། །