གཞོང་པ་ལྷ་ཆུ་ངོ་སྤྲོད་མདོར་བསྡུས།
གཞོང་པ་ལྷ་ཆུ།
སྟོད་ལུང་མདར་སློབ་དཔོན་རིན་པོ་ཆེས་རྫུ་འཕྲུལ་གྱིས་བཏོན་པའི་གཞོང་པ་ལྷ་ཆུ་དེ་དང་ཉེ་བར་སྔར་མཚན་ཉིད་ཀྱི་གྲྭ་ཚང་ཆེ་བ་སྐྱོར་མོ་ལུང་དང་། ཆུ་ཕ་རིར་དགའ་བ་གདོང་ཞེས་པ་ཡོད། དགའ་བ་གདོང་དུ་བླ་མ་དབུ་མ་པ་ལ་ཞུ་སྣ་བརྒྱུད་ནས་རྗེ་རིན་པོ་ཆེས་འཇམ་པའི་དབྱངས་ལ་དྲི་བ་མཛད་སའི་སྒྲུབ་ཕུག་དེའང་སྣང་། འདི་དང་ཉེ་བ་ནས་ཕྱིན་པར་ར་ཚག་ཅེས་པར་ནཱ་རོ་པའི་ཐུགས་དམ་རྟེན་ནཱ་རོ་མཁའ་སྤྱོད་མའི་སྐུ་བཞུགས་ས་ཞིག་ཡོད་སྐད་པ་རྩད་གཅོད། དགའ་གདོང་ནས་མར་ཕྱིན་པའི་སྟོད་ལུང་མདར་རི་སྒང་ཞིག་ཏུ་དངོས་གྲུབ་སྡིངས་ཞེས་སེར་སྲུང་འདུག་སའི་སྒྲུབ་ཁང་ཆུང་ངུ་ཡོད། འདི་བལ་པོ་སྨོན་ལམ་སེང་གེ་ཞེས་པས་བཏབ་པར་གྲགས། སློབ་དཔོན་རིན་པོ་ཆེས་བསམ་ཡས་ས་འདུལ་མཛད་པའི་ཕུར་ཆ་རགས་རིམ་དང་། གངས་དཀར་ཤ་མེད་བཏུལ་བའི་ཕྱག་མཚན་རྡོ་རྗེ། ས་ར་ཧའི་སྒམ་བག ནཱ་རོ་པའི་རུས་རྒྱན་སོགས་ནང་རྟེན་ཁྱད་པར་འཕགས་པ་མང་པོ་མཇལ་རྒྱུ་ཡོད། སྟོད་ལུང་ནང་ནས་ཡར་ཕྱིན་པས་ཞག་གཅིག་གིས་ཀརྨའི་གདན་ས་སྟོད་ལུང་མཚུར་ཕུར་སླེབས། འདི་དང་སྟོད་ལུང་བར་མཚུར་ཕུར་ཉེ་བར་གནས། ནང་དཔའ་བོའི་གདན་སར་ཞྭ་དམར་གྲགས་པ་སེང་གེའི་སྐུ་གདུང་སོགས་ཡོད། མཚུར་ཕུར་ལྷ་ཁང་དང་རྟེན་གསུམ་ཤིན་ཏུ་མང་བར་བཞུགས་ཤིང་། གཙོ་བོ་ཀརྨ་པཀྴིས་བཞེངས་པའི་ཐུབ་ཆེན་འཛམ་གླིང་རྒྱན། རྒྱལ་བའི་དབང་པོ་སྐུ་རབས་ཕལ་ཆེར་གྱི་སྐུ་གདུང་། འདྲ་སྐུ་སོགས་བྱིན་ཅན་མང་དུ་བཞུགས། སྐོར་ལམ་དུ་རྗེ་རང་བྱུང་རྡོ་རྗེའི་སྒྲུབ་གནས་པདྨ་ཁྱུང་རྫོང་སོགས་མང་དུ་མཇལ་རྒྱུ་ཡོད་དོ། །
གཞོང་པ་ལྷ་ཆུ།
དེ་ལྟར་གྲོལ་བ་བཞི་ལྡན་གནས་རྟེན་མཆོག །
ལུས་ཅན་ཀུན་གྱི་རྫོགས་པ་སྨིན་སྦྱངས་པའི་ཞིང་། །
ཇི་ལྟརབཞུགས་པའི་དཀར་ཆག་རགས་རིམ་འདིས། །
དད་ལྡན་ཐར་པར་བགྲོད་པའི་ལམ་མཚོན་ཤོག །ཅེས་པ་འདི་ནི་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཁུར་ཆེན་པོ་བཞེས་ཏེ་གངས་ཅན་ལྗོངས་ན་གནས་དང་རྟེན་ཁྱད་པར་ཅན། ཆོས་དང་དགེ་བའི་བཤེས་གཉེན་རྣམ་པར་དག་པ་དུས་དེ་ཙམ་ན་གང་བཞུགས་མཐའ་དག་ཏུ་སྐྱོ་དུབ་སྤངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས་ཀུན་ཏུ་རྒྱུ་བའི་ཚེ་རང་ཉིད་ཀྱི་མངོན་སུམ་དུ་གྱུར་པའི་ཚུལ་ཇི་བཞིན་པར་བཀོད་པར་གནས་རྟེན་མཇལ་བ་རྣམས་ཀྱི་མིག་ཏུ་གྱུར་པ་འདི་རྗེ་བླ་མ་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ཞེས་བགྱི་བའི་ཐུགས་རྗེའི་མངའ་བདག་དམ་པ་དེས་མཛད་པ་ལགས་པས་ཡིད་ཆེས་པའི་གནས་སུ་གཟུང་འཚལ། འདི་ནི་ཚོགས་བསགས་སྒྲིབ་སྦྱང་སྙིང་ནས་དོན་དུ་གཉེར་བས་ངལ་བ་དང་ལེན་བཟོད་པ་རྣམས་ལ་ཕན་པའི་བསམ་པས་སྡེ་དགེའི་པར་ཁང་དུ་དྲུང་བསོད་ནམས་དཔལ་གྲུབ་ཀྱིས་པར་དུ་བསྒྲུབས་པས་འགྲོ་བ་ཀུན་གྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་ཐོབ་པའི་རྒྱུར་གྱུར་ཅིག ཨརྦངཱ་ཀ་ལྱཱནཾབྷ་ཏུ།
བསྐོར་བ་བྱ་བའི་གཟུངས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུངྔྷཱ་ཡ། ཏངྱ་ཐཱ། ཨྃ་རཏྣེ་རཏྣེ་མཧཱ་རཏྣེ་བི་ཛ་ཡེ་སྭཱ་ཧཱ། འདི་བརྗོད་ཅིང་སྐོར་བ་གཅིག་བྱས་པ་ཡང་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། སྐོར་བའི་གཟུངས་རྫོགས་སོ།།
ཕྱག་འཚལ་བའི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཨྃ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྣ་མ་ཤྲཱི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ། ས་རྦ་མངྒ་ལཾ། ། ཤུ་བྷཾ། །