ཀླུ་ཚང་དགོན་པ་ནས་ཕར་ཕྱིན་དམ་བཅའི་མཛད་སྒོ་ཐེངས་བཅུ་བཞི་བ་བསྡུས་པ།
དམ་བཅའ་བ་ལ་ས་བཅད་འདྲི་བའི་ཚུལ།
ཉེ་ལམ་སྟེ་ཧོར་ཟླ་དགུ་བའི་ཚེས་གཅིག་ནས་བཞིའི་བར། མཚོ་ལྷོ་ཁུལ་ཀོས་ནན་རྫོང་ཀླུ་ཚང་དགོན་པ་ནས་ཐེངས་བཅུ་བཞི་བའི་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་སྟེ་བདེ་ལེགས་ངང་མཇུག་གྲོལ། དེ་ཡང་ཀླུ་ཚང་དགོན(ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང)ནི་འཆད་ཉན་གཙོ་བོར་བྱེད་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་པ་མ་ཟད། སྒོ་མང་ཡིག་ཆ་གསར་བ་ཡིག་ཆའི་གཙོ་བོར་བྱེད། ཆོས་སྒོ་ཕྱེས་པ་ནས་ད་ལྟའི་བར་དུ་ཕར་ཕྱིན་དམ་བཅའ་ཐེངས་བཅུ་བཞི་ལ་བཞག་ཅིང་། འདིར་ཕར་ཕྱིན་དམ་བཅའ་འཇོག་མཁན་ཞིག་ཡིན་ཚེ་བསྡུས་གྲྭ་ལོ་གསུམ་དང་། དེ་ནས་བློ་རྟགས། ས་ལམ། གྲུབ་མཐའ། དོན་བདུན་ཅུ། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ཆ་ཚང་། ཟུར་བཀོལ་བཞི(དགེ་འདུན་ཉི་ཤུ། རྟེན་འབྲེལ། བསམ་གཟུགས། དྲང་ངེས།)སོགས་བཀའ་པོད་ལྔར་ཕྱེ་བའི་ནང་གི་ཚད་མ་དང་ཕར་ཕྱིན། གཞན་བསྡུས་གྲྭ་སོགས་ལ་དཔེ་ཁྲིད་དང་རྩོད་པ་ཆ་ཚང་བར་རྫོགས་པ་ཞིག་ཡིན་དགོས།
ཐེངས་བཅུ་བཞི་བའི་ཕར་ཕྱིན་དམ་བཅའ་བ་ལྷན་རྒྱས།
དེ་ལྟ་བུའི་དམ་བཅའ་འཇོག་མཁན་ཞིག་ལ་མཚོན་ན་ཕར་ཕྱིན་དམ་བཅའ་ནི་རང་གི་ལོ་ངོ་བཅུ་ལྷག་གི་རིང་ལ་སྤྲང་ཕུག་ཆོས་ལ་གཏད་པའི་དཀའ་སྤྱད་ཀྱི་འབྲས་བུ་ཕྱིར་མངོན་སའི་སྟེགས་བུ་ཡིན་པས་ན་ཅི་ནས་ཀྱང་ཁམས་ཆེན་དུ་རྩི་བ་ཡིན།
སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་མིན་ཀྱང་དམ་པའི་ཆོས་ལ་བློ་གཏད་སྒོས་འབད་པའི་སློབ་གཉེར་བ་དག་ལ་རག་ལས་པས་ན། འདི་ལྟ་བུའི་ལེགས་ཚོགས་ལ་བརྟེན་ནས་ཆོས་སྡེ་འདི་དང་འདིས་མཚོན་པའི་ཆོས་སྡེ་དག་གི་ཆོས་ཀྱི་བགྱི་བ་མཐའ་དག་མཐའ་མེད་དུ་རྒྱས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སེམས་ཅན་ཐམས་ཅད་བདེ་ནས་བདེ་རུ་འགྲོ་བའི་རྒྱུ་དམ་པར་ཇི་སྲིད་དུ་བཞུགས་པར་ངེས་སོ།།