བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་འདི་ལྟར་སྲུང་རྩི་བྱ་རྒྱུ་གལ་ཆེ།
བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་འདི་ལྟར་སྲུང་རྩི་བྱ་རྒྱུ་གལ་ཆེ།
དུས་ཆེན་གྱི་དངོས་འཛིན།
དེ་ཡང་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་སྟོན་པ་ཤཱཀྱ་སེངྒེ་དེ་ཉིད་ཀྱི་སྐུའི་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་དང་ཆོས་ལུགས་པ་རྣམས་ཀྱིས་དངོས་འཛིན་མི་མཐུན་ལ། དེང་རབས་ལོ་རྒྱུས་སྨྲ་བ་དག་ལའང་བཤད་ཚུལ་སྣ་མང་ཡོད་དེ། དཔེར་ན། ཕྱི་ལོའི་སྔོན་གྱི༤༨༨ལ་སྐུ་འདས་པ་དང་། ༤༨༧ ལ་འདས་པར་འདོད་པ། ༤༨༣ ལ་འདས་པར་འདོད་པ། ༤༨༦ ལ་འདས་པར་འདོད་པ། ༤༨༢ ལ་འདས་པར་འདོད་པ། ༣༨༦ ལ་འདས་པར་འདོད་པ། ༣༨༨ ལ་འདས་པར་འདོད་པ་སོགས་བཤད་ཚུལ་མི་མཐུན་པ་མང་ངོ།།
ཆོས་ལུགས་པའི་བཞེད་ཚུལ་ཡང་ཁ་ཤས་ཡོད་དེ། ཡོངས་གྲགས་སམ་གནས་བསྟན་སྡེ་བའི་ལུགས་གཅིག་པུ་ལ་ཕྱི་ལོའི་སྔོན་གྱི༦༢༥མེ་སྤྲེལ་ས་ག་ཟླ་བའི་ཚེས༧ ཉིན་སྐུ་འཁྲུངས་པར་འདོད་པ་དང་། ༡༽ ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས༡༥ ཉིན་ལྷུམས་སུ་ཞུགས་པ་དང་། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས༧ ཉིན་སྐུ་བལྟམས་པར་འདོད་པ། ༢༽ མེ་སྤྲེལ་དབོ་ཟླ་བ་གཉིས་པའི་ཚེས་བཅུ་ཉིན་སྐུ་བལྟམས་པར་འདོད་པ་སོགས་ལྟ་བུའོ།། ༣༽ བཤད་ཚུལ་དེ་དང་དེ་འདྲ་མང་ནའང་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་དག་གི་དམངས་ཁྲོད་ཀྱིས་ས་ག་ཟླ་བའི་ཚེས15ཉིན་འདི་སངས་རྒྱས་སྐུ་འཁྲུངས་པའི་དུས་ཆེན་ཁྱད་ཅན་ལ་བརྩི་བ་མ་ཟད་དེང་གི་དུས་སུ་ཕྱི་ལུགས་ལྟར་སྲུང་རྩི་ཡང་བྱེད་ཀྱིན་པ་མང་བ་རེད།
མདོར་བསྡུས་ན་དེ་རིང་ནི་སངས་རྒྱས་བཅོམ་ལྡན་འདས་དང་བོར་ལུམྦིནིའི་སྐྱེད་ཚལ་དུ་སྐུ་འཁྲུངས་པའི་དུས་ཆེན་དང་། བར་དུ་གནས་མཆོག་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན། མཐར་རྩྭ་ཅན་ནམ་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཤིག་ལ་དམངས་ཁྲོད་དུ་རྩི་བཞིན་པ་རེད།
དུས་ཆེན་གྱི་གལ་ཆེའི་རང་བཞིན།
གོང་དུ་མོལ་བ་ལྟར་དེ་རིང་གི་ཉི་མ་འདི་ནི་རང་ཅག་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་གྱུར་བ་སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱི་སྐུའི་མཛད་པ་དང་འབྲེལ་བའི་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ལགས་ན། རང་ཅག་སྟོན་པ་དེ་ཡི་རྗེས་འཇུག་པ་ཞིག་ཡིན་པའི་དངོས་དང་། སྟོན་པ་དེ་ནི་རང་ཅག་རྣམས་ཀྱིས་ཇི་ལྟར་དད་མོས་བྱེད་བཞིན་པའི་བསྟན་པ་དེ་ཡི་སྲོལ་འབྱེད་པ་བོ་ཡིན་པའི་དངོས་ནས་བསམ་ན་རང་ཅག་ལ་ཆོས་ཕྱོགས་ནས་འདི་ལས་ལྷག་པའི་དུས་ཆེན་གལ་ཆེན་ཞིག་འཚོལ་དུ་མེད། དེས་ན་རང་ཅག་རྣམས་ཀྱིས་ཀྱང་ཉིན་འདིར་སྟོན་པ་བཀའ་དྲིན་ཅན་ཁོང་གི་ཡོན་ཏན་དང་བཀའ་དྲིན་ཤེས་ཤིང་དྲན་པའི་སྒོ་ནས་ཁོང་ལ་གུས་བཀུར་དང་རྗེས་དྲན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད་འདོད་དོ།།
དུས་ཆེན་སྲུང་རྩི་བྱ་ཚུལ།
དེས་ན་དེ་འདྲ་བའི་དུས་ཆེན་ཁྱད་པར་ཅན་དེ་ཇི་ལྟར་སྲུང་རྩི་བྱ་དགོས་ཟེར་ན། སྤྱིར་སྔར་ནས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པའི་དམངས་ཁྲོད་དང་དགོན་སྡེ་དག་གིས་ཆོས་དང་འབྲེལ་བའི་སྲུང་རྩི་བྱས་དང་བྱེད་བཞིན་པ་རེད་ལ། སྲུང་རྩི་བྱེད་ཚུལ་ཡང་དཔེར་ན། དགོན་སྡེ་དག་གིས་ཞོགས་ཀ་གསོ་སྦྱོང་དང་ཉིན་གུང་གུང་ཚིགས་དང་སྨྱུང་གནས་སྲུང་བ། དགོང་ད་རྒྱན་འཇུག་སོགས་གཞུང་ཆེན་སྐྱོར་སྦྱངས་གནང་རྒྱུ་དང་གཙུག་ལག་ཁང་དང་གྲྭ་ཤག་སོ་སོའི་ཐོག་ཁར་གླིང་མེ་སྤར་བ། གདན་ས་ཁག་ནས་དུས་རྒྱུན་འཛིན་གྲྭ་དབུ་མ་མན་ཆད་ཀྱིས་ཕྱག་སྐོར་སོགས་མི་ཆོག་ཅིང་། ཉིན་འདིར་དགེ་འདུན་བགྲེས་གཞོན་ཁྱད་མེད་གླིང་སྐོར་དུ་ཕེབས་པ་སོགས་དང་། གྲོང་བ་ལ་མཚོན་ན། གཞུང་གིས་ལས་བྱེད་རྣམས་ཀྱིས་སྡུག་སྤོང་དགེ་བསྒྲུབ་བྱ་ཆེད་བར་གསེང་གཏོང་བ། གྲོང་བ་དག་གིས་དགོན་པ་དང་ལྷ་ཁང་ལ་བསྐོར་བ་བྱེད་པ་དང་ཕྱག་འཚལ་བ། མཆོད་མཇལ་དང་མཆོད་མེ་འབུལ་བ། སྨྱུང་གནས་སྲུང་བ། དགེ་འདུན་ལ་བསྙེན་བཀུར་དང་སྤྲང་བོ་ལ་སྦྱིན་པ་གཏོང་བ། དམར་ཟས་སྤངས་པ་སོགས་ཆོས་ལྡན་གྱི་ལས་ཅི་ཐུབ་བྱེད་སྲོལ་ཡོད་ལ། དེང་གི་དུས་སུ་ཕྱི་གླིང་བས་སྟོན་པ་མ་ཤི་ཀའི་འཁྲུངས་སྐར་སྲུང་རྩི་བྱ་སྲོལ་ལྟར་ཕན་ཚུན་ལ་འཚམས་འདྲིའི་ཤིས་ཤོག་གཏོང་བ་དང་། སྤྲོ་སྐྱིད་གཏོང་བ། གཞན་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམིགས་ཏེ་ལྗོན་ཤིང་འདེབས་འཛུགས་བྱ་སྲོལ་ཀྱང་དར་བཞིན་འདུག
དུས་ཆེན་སྲུང་རྩི་བྱ་ཚུལ་ལ་ངའི་ལྟ་ཚུལ།
སྤྱིར་གོང་དུ་བཤད་པ་དེ་དག་དར་སྲོལ་དང་གོམས་པའི་དབང་གིས་དགོས་ངེས་ཤིག་ཡིན་ངེས་ཀྱང་། དེ་ཙམ་གྱིས་འཐུས་པར་མི་བྱ་བར་གོམ་པ་གསར་བ་ཞིག་སྤོ་དགོས་པར་མཐོང་སྟེ། ཇི་སྐད་དུ་རྗེ་བདག་ཉིད་ཆེན་པོའི་ཞལ་སྔ་ནས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེ་ཞིང་མཐའ་མི་མངའ་ནའང་གལ་ཆེ་ཞིང་གཙོ་བོ་ནི་གསུང་གི་མཛད་པ་ཁོ་ན་ཡིན་པ་མ་ཟད་དེ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་མཐའ་དག་གཅིག་བསྡུས་ཀྱི་རང་གཟུགས་ཀྱང་དེ་ཁོ་ན་ལགས་སོ།།
རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། ཞེས་གསུངས་པ་ལྟར་ང་ཚོ་སྐྱ་སེར་དབྱེར་མེད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་དགོངས་དོན་ལ་སློབ་སྦྱོངས་བྱ་གལ་ཤིན་ཏུ་ལོས་ཆེ། དེས་ན་དུས་ཆེན་ཁྱད་པར་ཅན་འདི་འདྲ་དང་བསྟུན་དགོན་སྡེ་དག་གིས་འགན་ཁུར་ནས་ལས་དང་བོ་བ་རྣམས་ལ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་བཞག་ངོ་སྤྲོད་བྱ་རྒྱུ་དང་། དེ་ལས་བློ་ཁ་མཐོ་བ་རྣམས་ལ་རྒྱུ་འབྲས་ཡན་ལག་མན་ངག་བདུན་དང་བྱང་ཆུབ་ཀྱི་སེམས་ཕར་ཕྱིན་དྲུག་བཅས་ཀྱི་ངོ་བོ་དང་ཕན་ཡོན་ངོ་སྤྲོད་བགྲོ་གླེང་བྱ་རྒྱུ། ཆོས་ལ་བློ་སྦྱོངས་གང་འཚམས་སོང་བ་རྣམས་ལ་ས་བཅུ་ལམ་ལྔ་སོགས་ནང་བའི་ཉམས་ལེན་སྐོར་དང་། རྟེན་འབྱུང་ལྟོས་གྲུབ་སོགས་ནང་བའི་ལྟ་གྲུབ་སྐོར་དང་། འཇིག་རྟེན་གྱི་ཆགས་རིམ་དང་རྡུལ་གྱི་ཕྲ་རགས་སྐད་ཅིག་མའི་རིང་ཐུང་སོགས་ནང་བ་ནས་གསུངས་པའི་ཚན་རིགས་སྐོར་སོགས་ངོ་སྤྲོད་དང་བགྲོ་གླེང་བྱ་རྒྱུ་སོགས་གཞི་རིམ་དམངས་ཚོགས་ཀྱི་ནང་བསྟན་ཤེས་ཡོན་གྱི་གོ་རྟོག་གོང་སྤེལ་བྱ་ཐབས་ཀྱི་བྱ་འགུལ་གང་མང་སྤེལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ་རྗེས་དྲན་དང་གུས་བཀུར་བྱ་གལ་ཧ་ཅང་ཆེ་བར་མཐོང་ངོ།།