ཨ་མདོ་ནས་ལྷ་སར་རྒྱང་ཕྱག་འཚལ་བ།
ཁྲི་ཀ་རྫོང་འཕྲང་དམར་ཡུལ་ཚོ་བདུད་ཤུལ་དགོན་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ།
མི་རྐྱང་རྟ་རྐྱང་ལ་ལྷ་སར་འགྲོ་མཁན་ཞིག་རེད།
རོང་བོ་དགོན་པ་ནས་ཕྱག་མགོ་ཚུགས་ཤིང་། བྱ་ཁྱུང་དང་ངྷི་ཚ་དགོན་པ་སོགས་ལ་ཕྱག་སྐོར་བྱེད་བཞིན་
ཉི་ཟླ་ཉག་ག་ནས་མཚོ་སྔོན་པོ་བརྒྱུད་ཅིང་། ན་གོར་མོ་ནས་ལྷ་སར་མི་རྐྱང་རྟ་རྐང་ལ་
ལོ་ངོ་གསུམ་གྱི་རྒྱང་ཕྱག་འཚལ། འགྲོ་ཐེངས་གཉིས་པའི་ལམ་ལ་
ཆས་དུས་ནི་ཏག་ཏག་དབྱར་ཟླ་ལྔ་བ་རེད།
མཐོ་སྒང་གི་དབྱར་ཟླ་ལྔ་བར་རྒྱ་ནང་གི་གྲོང་ཁྱེར་ཆེན་པོ་དག་དང་འདྲ་བར་ཚ་བ་ཧ་ཅང་
ཆེ་བ་ཞིག་མིན་རུང་། རྐང་མཐིལ་གྱི་རྡོ་གཅལ་ནི་ཚ་ལམ་ལམ་བྱེད་ཀྱིན་འདུག
རྒྱང་ཕྱག་འཚལ་ཞོར་རང་གི་མལ་ཆས་དང་བྲོ་ཟས། ད་དུང་དཔེ་ཆ་མང་པོ་ཡོད་པའི་ལག་འདྲུད་འཁོར་
ལོ་དྲུད་ནས་འགྲོ་དགོས་པ་ནི་ངོ་མ་སུ་ཞིག་གི་ཡིད་ལ་དྲན་ན་དངངས་འདར་རེ་རྒྱག་ངེས།
དད་པ་སྙིང་སྟོབས་སུ་གྱུར་ཅིང་། སྙིང་སྟོབས་སྒུལ་ཤུགས་སུ་གྱུར་བའི་འགྲུལ་བཞུད་འདིས་
རི་ལུང་ཐང་གསུམ་ལ་བསུབ་མེད་ཀྱི་རྐང་རྗེས་བཀོད་ཡོད།
2007ལོར་ཐེངས་དང་པོར་ཉི་མ་ལྷ་སའི་ཕྱག་སྐོར་གྱི་མཇུགས་བསྡུས་ཤིང་ཕྱིར་ཕ་ཡུལ་ལ་ལོག་ཅིང་། ད་ཡང་
འདི་ལྟར་མི་རྐྱང་རྟ་རྐྱང་ལ་ཐེངས་གཉིས་པར་འགྲོ་བཞིན་པ་ཤེས་དུས་ཉིན་འགར་འདང་རྒྱག་རྒྱུ་འདུག
དབྱར་ཟླ་གསུམ་གྱི་ཚ་བ་ལ་དབུ་བསྙེས་ཤིང་། དགུན་ཟླ་གསུམ་གྱི་གྲང་ངར་ལ་གདོང་གཏད་ནས་
ཁོས་མི་ལོ་གསུམ་ལ་ཁེར་རྐྱང་གིས་རི་ལུང་ག་ཚོད་འགྲིམ་དགོས་ཨང་།
ཁོ་དང་འཕྲད་དུས་ཏག་ཏག་ཚ་བ་ཧ་ཅང་ཆེ་བའི་ཉིན་མོ་ཞིག་ཡིན་ལ།ངས་ཁོ་ལ་སྐོམ་ཞིག་གསོ་རུ་བཅུག་
རྗེས་ཁོས་འདི་རུ་ཉིན་གཅིག་ལ་ངལ་གསོ་རྒྱུ་ཡིན་པ་ཐོས་པས། ཁོ་དང་ཡུན་རིང་བོ་ཞིག་ལ་ཁ་བརྡ་
བྱས་རྗེས། ཁོའི་སྙིང་སྟོབས་དང་སྤོབས་པས་ང་ལ་ཡིད་འགུལ་ཐེབས་སུ་བཅུག