མཚུར་ཕུ་དགོན་གྱི་འཆམ་རྒྱག་མཛད་སྒོ།
འཆམ་འཁྲབ་བཞིན་པ།
བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བཅུའི་ཉིན་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ70ཡོད་པའི་མཚུར་ཕུ་དགོན་གྱི་ཕྱི་རོལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འདུ་ཁང་ར་བ་རུ་སྔ་མོ་ནས་མཇལ་བ་རྣམས་འཚང་ནས་འདུག འདི་ནི་བོད་རྒྱུད་ནང་བསྟན་བཀའ་བརྒྱུད་པའི་གཙོ་དགོན་ཏེ་མཚུར་ཕུར་དགོན་གྱི་ལོ་རེའི་འཆམ་འཁྲབ་པའི་ཉིན་མོ་རེད།
འཆམ་འཁྲབ་པ་འདི་མཚུར་ཕུ་དགོན་དུ་ལོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཞིང་། དང་ཐོག་སློབ་དཔོན་པདྨ་འབྱུང་གནས་ལ་རྗེས་དྲན་གྱི་ཆེད་དུ་ཡིན་ནའང་། རྗེས་སུ་རིམ་བཞིན་མ་རུང་གདོན་བགག་གི་བར་ཆད་སེལ་བ་དང་མི་ཡུལ་ལ་ཞི་བདེ་ལོ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཀྱི་ཆོ་ག་ཞིག་ཏུ་གྱུར་པ་རེད།
གོ་ཐོས་ལྟར་ན་ལོ་རེའི་དགོན་པའི་འཆམ་འཁྲབ་སྟངས་མི་འདྲ་བར་བཤད་ཅིང་། ད་ལོའི་འཆམ་རྒྱག་ཉིན་མོ་མ་ཐོན་པའི་སྔོན་དུ་དགོན་པས་ཐོག་མར་ཉིན་གཉིས་ཀྱི་རིང་ལ་འཆམ་རྒྱུགས་བླངས་ཐོག མུ་མཐུད་དུ་ཉིན་གཉིས་ལ་སྦྱོང་བརྡར་བྱས་ཤིང་། ད་དུང་གཟའ་འཁོར་གཅིག་རིང་གི་ཆོས་ཚོགས་ཀྱང་བསྡུས་པ་རེད། བླ་གྲྭ300ལྷག་འདུས་པའི་མཚུར་ཕུ་དགོན་ལ་མཚོན་ན། ད་ལོར་འཆམ་འཁྲབ་མཁན་མི100ལྷག་ལ་བུད་ཡོད།
མཚུར་ཕུ་དགོན་གྱི་དབུ་མཛད་འཇམ་དབྱངས་ཚེ་རིང་གིས་བཤད་ན། གདོང་འབག་དཀར་དམར་ཅན་གཉིས་ཡོད་པ་དེས་སོ་སོར་སྐྱེས་པ་དང་བུད་མེད་གཉིས་མཚོན་ཞིང་། ཁོ་ཚོས་འཁྲབ་སྟོན་བྱས་པའི་ནང་དོན་ཡང་མི་ཡུལ་བདེ་སྡུག་གི་གཏམ་རྒྱུད་ཡིན་ཟེར། མཚུར་ཕུ་དགོན་དུ་འཆམ་འཁྲབ་དུས་ཆེན་འདི་ལས་གཞན། ལོ་རེའི་དགུན་དུས་སུ་ད་དུང་འཆམ་ཞིག་འཁྲབ་ཀྱི་ཡོད་ཅིང་གཙོ་བོ་མ་རུང་བདུད་འདྲེ་འདུལ་བའི་དྲག་ལས་ཀྱི་ཕྱོགས་སུ་གཏོགས་པ་དང་། དེ་རིང་གི་འཆམ་རྒྱག་མཛད་སྒོ་འདི་ལ་མཚོན་ན་ཞི་ལྷོད་ཀྱི་རྣམ་པས་ཁེངས་འདུག་ཅིང་། དེ་ཡང་གཙོ་བོ་མི་ལ་བཀྲ་ཤིས་བདེ་ལེགས་དང་ཕྱུག་ལ་འཕེལ་ཁ་དར་བའི་སྨོན་འདུན་ཞུ་བ་ཞིག་ཡིན།
ཤེས་གསལ་ལྟར་ན། དེ་རིང་བྱ་འགུལ་ལ་ཞུགས་པའི་མང་ཚོགས་རྣམས་ནི་སྔ་ཉིན་ནས་དགོན་པར་སླེབས་ཏེ་མ་ཎི་སྐོར་བཞིན་དགོན་པའི་འཆམ་ལ་སྒུག་པ་རེད་ཟེར།