logo

སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པའི་འཁྲུངས་སྐར་ངེས་པའི་གླེང་བརྗོད་པ་མཆོད་སྤྲིན་རྒྱ་མཚོ། །

རྩོམ་པ་པོ།: དྲི་མེད་ལྷག་བསམ། ཡོང་ཁུངས།:ཚངས་དབྱངས་དྲ་ཚིགས། དུས་ཚོད།:2011-06-11 ཀློག་གྲངས།:

        ན་མོ་གུ་ར་ཝེ། བླ་མ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། གང་གི་མཁྱེན་པའི་ཉི་མ་ཡིས། །མི་ཤེས་མུན་པ་དྲུང་འབྱིན་ཅིང་། །དྲན་པས་མ་རུང་སྨྱོན་པའི་ཡིད། །ཞི་བར་མཛད་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གང་ཟག་སོ་སོའི་་ལས་སྣང་དང་མཐུན་པར་རྒྱལ་བ་ཐབས་མཁས་པས་མཛད་པ་རླབས་པོ་ཆེ་བསྟན་པ་གང་ཡིན་ཡང་གུས་པར་བྱ་བའི་ཡུལ་ལོ། །ཁམས་དང་དབང་པོ་སོགས་མཁྱེན་པའི་སྟོབས་མཐའ་དག་རྫོགས་པས་གང་འདུལ་གྱི་མཛད་པ་བསྟན་པ་ནི་བསམ་མི་ཁྱབ་པའི་ཡུལ་དེ་བདག་ལྟས་ཁ་ཚོན་ག་ལ་ཆོད། །འོན་ཀྱང་འདིར་མཁས་པ་རྣམས་ཀྱི་ལེགས་བཤད་ལ་བརྟེན་ཅིང་ཅུང་ཟད་སྨྲ་བར་བྱ་བ་ལ། དང་པོ་ས་ག་ཟླ་བའི་འཁྲུངས་སྐར་ཁུངས་བསྟན་པ། གཉིས་པ་མཁས་པ་སོ་སོའི་འདོད་ལུགས་བྱེ་བྲག་ཏུ་བཤད་པ། གསུམ་པ་དུས་ཆེན་གྱི་ཕན་ཡོན་བཤད་པའོ། །ས་ག་ཟླ་བའི་བའི་དུས་འདིར་དུས་ཆེན་གསུམ་འཛོམས་ཡིན་ཅེས་གངས་ཅན་ལྗོངས་སུ་རླུང་རྟར་གྲགས་པ་ཁུངས་མེད་པ་མིན་ཏེ། ཉིན་ཕྱེད་དང་ནམ་ཕྱེད་ཚོགས་དུས་ཀྱི་འཛིན་མཚམས། སྔ་ཕྱིའི་སྐར་ཆ་སོགས་མ་ཤེས་ན་རྩོད་སྙོག་ཅུང་ཟད་ཆེ་ཡང་། འདིར་མདོར་བསྡུས་ཏེ་བཀོད་ན། ༡༽ འཁྲུངས་སྐར་ནི། ས་ག་ཟླ་བའི་ཚེས་བདུན། རེས་འགྲོགས་ཟླ་བའི་སྐར་མ་རྒྱལ། རྒྱལ་འཆར་བའི་དུས་སྦྱོར་རྐང་པ་དང་པོ། གཟར་ཐིག་ལེ། ཆུ་ཚོད་བཅོ་ལྔ་། ཟླ་བའི་སྐར་མ་བདུན། ཆུ་ཚོད་སྟོང་པ། ཉི་མའི་སྐར་མ་ཐིག་ལེ། ཆུ་ཚོད་ང་བདུན་འཆར་བས་ཚེས་ཞག་བརྒྱད་ལ་འགྲིགས་པ་ཡིན་ནོ། ། འདིའི་ཁུངས་ནི་འདུལ་བ་ལུང་དང་། ཉི་མའི་སྙིང་པོས་ཞུས་པ་དང་། མདོ་རྒྱ་ཆེར་རོལ་བ། འདུས་པ་རིན་པོ་ཆེའི་ཏོག རྙིང་མའི་བཀའ་བརྒྱད་རྫོང་ཕྲང་སོགས་ཀྱི་དགོངས་པ་སྟེ། ས་ག་ཟླ་བ། ཚེས་གྲངས་བརྒྱད། སྐར་མ་རྒྱལ་བཅས་མཐུན་པར་གསུངས་སོ། ། ལོ་ཁམས་སོགས་དམིགས་སུ་སྨོས་མེད་པའང་ཡོད་མོད། ཡོངས་སུ་གྲགས་པ་དུས་འཁོར་ཕུག་ལུགས་པའི་བརྩི་ཚུལ་གོང་བཞིན་ནོ། ། འདུལ་བ་ལུང་དང་། ཉི་མའི་སྙིང་པོའི་མདོ་མཐུན་པར་། དཔྱིད་ཟླ་ཐ་ཆུང་ལ་སྟོན་པ་སྐུ་ལྟམས་ཞེས་དང་། སྐར་མའི་ཆུ་ཚོད་ཀྱི་དབང་གིས་ཚེས་བདུན་དང་་བརྒྱད་ཅེས་བྱུང་ལ། འདུལ་བ་མདོ་རྩའི་འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམ་ནས་བལྟམས། ཞེས་པ་སྐར་རྩིས་དང་མཐུན་པ་ཡིན་ནོ། ། རྒྱལ་དབང་ལྔ་བ་ཆེན་པོས། བོད་ཡུལ་དུ་ལྕགས་ཕོ་སྤྲེའུར་འབོད་པའི་ས་གས་ཉ་བ་མེ་ཏོག་ཅན་གྱི་ཟླ་བ། རྒྱ་ནག་པ་སི་ཡོལ་དུ་བརྗོད་པའི་ཡར་གོས་ཚེས་བདུན་གྱི་རེས་གཟའ་འོད་ཟེར་བདུན་པ་དང་། ལས་སྐར་རྒྱལ་ལ་བབ་པ་ན་ལིམྦི་ནིའི་ནགས་སུ་སྐུ་བལྟམས། ཞེས་དང་བཻ་དཀར་ཏུ། དྲག་པོ་ལྕགས་སྤྲེལ་ས་ག་ཟླའི། །ཚེས་བདུན་ཟླ་སྐར་རྒྱལ་གྱི་དུས། །མངལ་དུ་ཟླ་བ་བཅུ་རྫོགས་ནས། །ལིམྦིའི་ཚལ་དུ་སྐུ་བལྟམས་ལོ། ། ཞེས་དང་། ཕུག་ལུགས་པས་སྐར་རྩིས་ཕྱིར་ལོག་བྱས་ཏེ་བརྩིས་ན་མདོ་རྒྱུད་གྱི་དགོངས་པར་མཐུན་ཞིང་། ས་ཟླའི་ཚེས་བདུན་འཁྲུལ་མེད་དུ་གྲུབ་ཚུལ་ནི། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། རྒྱ་ཆེར་རོལ་བའི་དགོངས་པ་ཇི་བཞིན་པར། །ས་ག་ཟླ་བའི་རྒྱལ་ནུབ་དུས་སྦྱོར་དང་། །སླར་ཡང་བཅུ་གཉིས་ལ་ཉེ་་ཟླ་བའི་མཐར། །སྐུ་བལྟམས་དུས་མཐུན་ཡན་ལག་དང་པོ་གྲུབ། །བལྟམས་པའི་ཟླ་བ་དཔྱིད་ཟླ་དུས་ཚེས་བརྒྱད། །འདུལ་བའི་ལུང་དང་མྱ་ངན་འདུས་མདོར་གསུངས། །འཁྲུངས་སྐར་རྒྱལ་དུ་རིན་ཅེན་ཏོག་ལས་བཤད། །མངོན་སུམ་འདིར་འཆར་ཡན་ལག་གཉིས་པ་ཡིན། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བའི་དུས། །ནམ་གུང་རྒྱུ་སྐར་རྒྱལ་འཆར་དེ་ཡི་ཚེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་མཛད་པ། །ཇི་བཞིན་གསལ་བྱེད་ཡན་ལག་གསུམ་པར་འགྱུར། །རྫོགས་སངས་རྒྱས་དུས་ཟླ་བ་དགྲ་གཅན་ནི། །ནམ་གྱི་གུང་ཟིན་ཐོ་རངས་སྐབས་སུ་གྲོལ། །རྣམ་པར་དག་པ་རི་མོའི་ལམ་ཉིད་ནས། །འདིར་རུ་གསལ་འཆར་ཡན་ལག་བཞི་པའོ། །དུས་འཁོར་གསུང་ཚེ་གཟའ་བཞི་གནས་པའི་ཚུལ། །ནཱ་རོ་པས་པས་མཛད་མདོར་བསྟན་འགྲེལ་པ་རུ། །དུས་འཁོར་རྩ་རྒྱུད་ལུང་ཚིག་དོན་ཅི་བཞིན། །འཁྲུལ་མེད་འདིར་མཆིས་ཡན་ལག་ལྔ་པ་ཡིན། །ཉན་ཐོས་དབྱར་གནས་གྲངས་དང་ཐེག་ཆེན་མདོ། །དུ་མ་དགོངས་དོན་མཐུན་པར་ཐུན་མོང་ངོར། །ཐུབ་དབང་དགུང་ལོ་བརྒྱད་ཅུར་གསུང་པ་ཉིད། །ཕྲི་བསྣན་མེད་འགྲིགས་ཡན་ལག་དྲུག་པར་སེམས། །བསླད་མེད་རྫོགས་ཆེན་བབ་ལུགས་རྒྱུད་གཞུང་དང་། །བསྟན་བཅོས་ཀུན་མཐུན་སངས་རྒྱས་མྱང་འདས་ལོ། །ཤིང་མོ་གླང་ཉིད་ངེས་པ་བརྟན་པོ་མཛད། །ཇི་བཞིན་འདིར་འབབ་ཡན་ལག་བདུན་པ་ཡིན། །འདས་ལོའི་གྲངས་ཀྱང་སྔོན་གྱི་དུས་འཁོར་མཁན། །ཕལ་ཆེ་ཉིད་དང་ཁྱད་པར་རྒྱལ་བ་ཡི། །རྣམ་འཁྲུལ་ཤིང་རྟའི་སྲོལ་འབྱེད་བཞེད་པ་སྟེ། །རང་བཟོས་མ་བསླད་ཡན་ལག་བརྒྱད་པ་ཡིན། །དེ་ལྟར་རྣམ་པར་དག་པ་ཡི། །ཡོན་ཏན་ཡན་ལག་བརྒྱད་དང་ལྡན་གྱུར་པ། །འདིར་བལྟ་ཟུར་གནས་བློ་ལྡན་འགའ་ཡོད་ན། །ཡིད་ཆེས་སྐྱེ་བའི་གནས་སུ་བདག་གིས་བརྗོད། །ཅེས་གསུང་པ་སོགས་དུས་འཁོར་བ་རྣམས་ཀྱི་བསྟན་རྩིས་ལ་བརྟེན། ཨ་ལགས་ཚེ་ཏན་ཞབས་དྲུག་ཚང་གིས་དྷྲུ་ཝ་ཡར་ཡར་སློག་གིས་སངས་རྒྱས་ཀྱི་འདས་ལོ་ཡིད་ཅེས་བསྐྱེད་པའི་བསྟན་བཅོས་ཞིག་ཡོད་པར་གཟིགས་ན་སངས་རྒྱས་ཀྱི་འཁྲུངས་སྐར་ལས་སླ་བོའི་སྒོ་ནས་རྟོགས་ཐུབ་པར་འགྱུར་རོ། །༢༽ སངས་རྒྱས་པའི་དུས་ནི།དཔྱིད་ཐ་ཆུང་ས་ག་ཟླ་བ། ཚེས་བཅུ་དྲུག་པ། དུས་ཀྱི་སྐར་མ་ལྷ་མཚམས། ཉིན་རྩིས་ལ་གཟའ་གཅིག ཆུ་ཚོད་སོ་བརྒྱད། ཟླ་བའི་སྐར་མ་བཅུ་དྲུག །ཅུ་ཚོད་སྟོང་པ་སྟེ་་ཚེས་འཁྱུད་དོ། ཉི་མའི་སྐར་མ་གཉིས། ཆུ་ཚོད་སུམ་བཅུ། དགྲ་གཅན་རྩ་སྐར་བཅུ། ཆུ་ཚོད་སུམ་ཅུ། གདོང་སྐར་བཅུ་དྲུག ཅུ་ཚོད་ཉེར་དགུ་འཆར་བ་ཡིན་ནོ། །འདིའི་ཁུངས་ནི། འདུལ་བ་ལུང་ལས་སངས་རྒྱས་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་སྲས་འཁྲུངས་པར་དགྲ་གཅན་འཛིན་ཞེས་མཚན་གསོལ་བ་དང་། མདོ་རྒྱ་ཆེར་རོལ་པར། སྐར་མ་ས་ག་ལ་བབ་པ་ན་མངོན་པར་རྫོགས་པ་སངས་རྒྱས། ཞེས་དང་། དུས་འཁོར་དྲི་མེད་འོད་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མགཽན་པར་རྫོགས་པ་སངས་རྒྱས། ཞེས་གསུངས་སོ། །༣༽ མྱ་ངན་ལས་འདས་པའི་དུས་ནི། དཔྱིད་ཐ་ཆུང་ས་ག་ཟླ་བ། ཚེ་བཅོ་ལྔ། སྐར་མ་གྲོ་ཞུན། དུས་ནམ་གུང་ངོ། ། འདིའི་ཁུངས་ནི། ཉི་མའི་སྙིང་པོའི་མདོ་ལས། དཔྱིད་ཐ་ཅུང་ལ་ནག་པས་མཚན་མོ་ཐོབ་པར་གསུངས་པ་དང་། འདུལ་བ་ལུང་ལས། ས་གའི་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདས་པར་གསུངས་པ་དང་། དུས་འཁོར་འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་དུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས། ཞེས་པ་སོགས་ཀྱིས་ངེས་པ་རྙེད་པ་ཡིན་ནོ། ། དུས་ཚོད་བྲེལ་བ་ཆེ་བས་དེ་རིང་དེ་ཙམ་ཞུ། །

        གཉིས་པ་མཁས་པ་སོ་སོའི་འདོད་ལུགས་བྱེ་བྲག་ཏུ་བཤད་པ་ལ། ། ༡༽སྟོན་པ་ཐུགས་རྗེ་ཅན་(མེ་རྟ་)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། དགེ་ལྡན་རྩིས་གསར་སོགས་གྱི་བཞེད་པ་སྟེ།སངས་རྒྱས་མེ་རྟ་ལ་འཁྲུངས། ཆུ་རྟ་ལ་སངས་རྒྱས། ཆུ་ལུག་ལ་དུས་འཁོར་གསུངས། མེ་སྟག་ལ་འདས་པའི་མེ་ཡོས་ལ་འདས་ལོ་དང་པོ་ཚུགས། འདི་ལྟར་བཞེད་མཁན་མཁས་གྲུབ་དགེ་ལེགས་དཔལ་བཟང་། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། བྱང་པ་རྣམ་རྒྱལ་གྲགས་བཟང་། ཐེལ་པ་ཀུན་དགའ་རྒྱལ་མཚན། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ། སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་སོ། ། ༢༽སྟོན་པ་ཐུགས་རྗེ་ཅན་(ཤིང་སྟག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ཙནྡན་ཇོ་བོའི་ལུགས་སྟེ། ཤིང་ཕོ་སྟག་གི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་རྒྱ་གར་དུ་བཅོམ་ལྡན་འདས་སྐུ་འཁྲུངས། དེའི་འོད་དང་ཆོ་འཕྲུལ་རྣམས་རྒྱའི་ཡུལ་དུའང་མཐོང་བས། རྩིས་པ་རྣམས་ཀྱིས་རྩེས་བྱས་ཏེ། སངས་རྒྱས་བྱོན་པར་ཤེས། རྒྱལ་བུ་དོན་གྲུབ་ལོ་བཅུ་དགུ་ལོན་ནས་མངོན་པར་བྱུང་། དགུང་ལོ་སུམ་བཅུ་ལ་སངས་རྒྱས། དེ་ནས་ལོ་བརྒྱད་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷའི་ཡུལ་དུ་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏྲ་ཡ་ནས་མོའུ་འགལ་གྱི་བུ་ལ་བསྐུལ་ཏེ། དེས་ལྷའི་ཡུལ་དུ་བཅོམ་ལྡན་འདས་ཀྱི་སྐུ་ཙནྡན་ལས་བཞེངས་ནས་མིའི་ཡུལ་དུ་གདན་དྲངས། བཅོམ་ལྡན་འདས་ལྷ་ལས་བབས་པའི་ཚེ་ཙནྡན་གྱི་སྐུ་དེ་བཞེངས་ནས། བཅོམ་ལྡན་འདས་ལ་དབུ་བཏུད་དེ་སྤྱི་བོར་ཕྱག་བཞུ་ནས། མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་འདི་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན། དེ་ནས་ལོ་བཞི་བཅུ་ཞེ་གཉིས་ཏེ། དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས། ཞེས་དང་བསྟན་རྩིས་ཀུན་བཏུས་ལས། ཙནྡན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་ལ་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བའི་དེབ་ཐེར་སྔོན་པོར་བཀོད་པ་ལྟར་ན། རྒྱ་ནག་གི་ལུགས་ལ་སྟོན་པ་ཤིང་ཕོ་སྟག་ལ་འཁྲུངས། མེ་ཕག་ལ་སངས་རྒྱས། བརྒྱད་ཅུ་བ་ཆུ་མོ་བྱ་ལ་མྱ་ངན་ལས་འདས་སོ། ། འདིའི་ལུགས་འདོད་པ་ནི། འགོས་ལོ་གཞོན་ནུ་དཔལ། ཐང་རྒྱལ་རབས། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱིས་གསུང་ཡང་། །ལྕང་སྐྱས་མཐའ་གཅིག་ཏུ་བཞེད་པ་མིན་ནོ། ། ༣༽སྟོན་པ་ཐུགས་རྗེ་ཅན་(ཤིང་བྱི)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། བཀའ་ཐང་ཤེལ་བྲག་མར། ཐུབ་དབང་སུམ་ཅུ་སོ་ལྔའི་ལོ་ལོན་ནསཿ སྐྱེ་བ་ལྕགས་པོ་ཁྱི་ཡི་ལོ་ལ་ནིཿ སྔོན་ཆད་མ་བསྐོར་ཆོས་ཀྱི་འཁོར་ལོ་བསྐོར༔ ཞེས་དང་། ཤིང་ཕོ་བྱ་ལོ་མེ་པོ་བྱི་བའི་ཟླཿ ཚེས་བརྒྱད་ནམ་གུང་ཐུབ་པ་མྱ་ངན་འདསཿ ཞེས་གསུངས་པ་འདོད་མཁན་ནི། གཡུང་སྟོན་རྡོ་རྗེ་དཔལ་བཟང་། འབྲུག་པ་པདྨ་དཀར་པོ། འཇམ་དབྱངས་མདོ་སྔགས་བསྟན་འཛིན་སོགས་སོ། །ཕུག་པ་ལྷུན་གྲུབ་རྒྱ་མཚོས་འདི་ལ་དགག་པ་གནང་ཡོད། །༤༽སྟོན་པ་ཐུགས་རྗེ་ཅན་(ཤིང་གླང་)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ལུགས་སྟེ། སངས་རྒྱས་ཤིང་བྱི་ལ་ལྷུམས་སུ་ཞུགས། ཤིང་གླང་ལ་བལྟམས། ཆུ་སྦྲུལ་ལ་རབ་ཏུ་བྱུང་། ས་ཕག་ལ་སངས་རྒྱས། ཤིང་སྤྲེལ་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་འདས་པར་བཞེད་། འདི་འདོད་མཁན། མཆིམ་ནམ་མཁའ་གྲགས། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཡིན་ནོ། ། ༥༽སྟོན་པ་ཐུགས་རྗེ་ཅན་(ས་འབྲུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ས་སྐྱའི་ལུགས་སྟེ། སངས་རྒྱས་མེ་ཡོས་ས་ཟླའི་ཉ་ལ་ལྷུམས་སུ་ཞུགས། ས་འབྲུག་ས་ཟླའི་ཚེས་བརྒྱད་ལ་བལྟམས། ཆུ་སྟག་ལ་སངས་རྒྱས། མེ་ཕག་ལ་འདས་པར་བཞེད་དོ། ས་ཆེན་བསོད་ནམས་རྩེ་མོས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་མཛད་ནས་བརྩིས་པའི་རྗེས་འབྲངསནི། བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་སོགས་སོ། །༦༽སྟོན་པ་ཐུགས་རྗེ་ཅན་(མེ་ལུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། པཎ་ཆེན་བྱམས་གླིང་པ་དང་། འཇམ་དབྱངས་ཆོས་ཀྱི་མགོན་པོ་སོགས་ཡིན་ནོ། །༧༽སྟོན་པ་ཐུགས་རྗེ་ཅན་(ལྕགས་སྤྲེལ)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ད་ལྟ་བོད་ན་ཡོངས་སུ་གྲགས་པ་ཕུག་ལུགས་པའི་བཞེད་པ་སྤེ། སངས་རྒྱས་ས་ལུག་ལ་ལྷུམས་སུ་ཞུགས། ལྕགས་སྤྲེལ་ལ་འཁྲུངས། ཤིང་རྟ་ལ་སངས་རྒྱས། ལྕགས་འབྲུག་ས་ཟླའི་ཉ་ལ་མྱ་ངན་ལས་འདས་པར་བཞེད། འདི་འདོད་མཁན། ཕུག་པའི་རྗེས་འབྲངས་སྤྱི་དང་། སྨིན་གླིང་ལོ་ཆེན་སོགས་སོ། །༩༽སྟོན་པ་ཐུགས་རྗེ་ཅན་(མེ་ལུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། མཚུར་ཕུའི་ལུགས་སྟེསངས་རྒྱས་ཤིང་བྱི་ལ་འཁྲུངས། ས་བྱི་ལ་སངས་རྒྱས། ཆུ་ལུག་ས་གའི་ཉ་ལ་འདས། ཤིང་སྤྲེལ་ལ་འདས་ལོ་དང་པོ་ཚུགས་པར་བཞེད་དོ། །༩༽སྟོན་པ་ཐུགས་རྗེ་ཅན་(མེ་སྤྲེལ)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། གནས་བརྟན་ལུགས་སྟེ། སངས་རྒྱས་མེ་སྤྲེལ་ལ་འཁྲུངས། མེ་འབྲུག་ལ་འདས་ནས་མེ་སྦྲུལ་ལ་འདས་ལོ་དང་པོ་ཚུགས་པར་བཞེད་པ་སོགས་གྲགས་ཆེ་བའི་རིགས་དང་། །གཞན་ཡང་། པཎ་ཆེན་ཤཱཀྱ་ཤྲཱིས་་(མེ་བྱ)ལ་འཁྲུངས་པར་བཤད་པདང་། །སྣེལ་བ་པཎ་ཆེན་གྱིས་སྨོན་ལམ་ཚུལ་ཁྲིམས་ཀྱིས་(ཆུ་བྱི)ལ་འཁྲུངས་པར་བཞེད།རས་ཆུང་ལུགས་ལ་། དེབ་སྔོན་ལས། སྤྱིར་སྟོན་པ་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་བརྒྱད་མེ་ཕོ་སྤྲེའུ་ཡན་ལ་སོང་བ་རས་ཆུང་ལུགས་ཀྱི་བསྟན་རྩིས་ཡིན། ཞེས་པ་ལྟར་ན་ས་རྟ་ལ་སངས་རྒྱས་འདས་པར་བཞེད་པ་སོགས་ཁྱབ་ཆུང་བའི་འདོད་པ་ཅི་རིགས་པ་་ཡོད་དོ། །ཚེས་ཀྱི་ཁྱད་པར་ཡང་། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། མདོ་སྡེ་མྱང་འདས་ཆེན་པོ་དང་། བོད་སྔགས་རྙིང་པའི་བཀའ་བརྒྱད་རྫོང་འཕྲང་དང་། །རྒྱ་ནག་བསམ་གཏན་མཁན་རྣམས་མཐུན་པར་ས་ག་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱསཔར་བཞེད། ། རྒྱ་གར་གྱི་སློབ་དཔོན་དཱ་རི་ཀ་སོགས་མ་རྒྱུད་སྨྲ་བ་པོས་མར་ངོའི་ཚེས་བཅུར་སངས་རྒྱས་པར་འདོད། ཅེས་གསུངས་སོ། །ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། ཀཿཐོག་རིག་འཛིན་ཆེན་པོ་གཉིས་ཀས་འདོད་པ་སྣ་ཚོགས་ལ་དཔྱད་པ་གནང་ཡོད་པ་ནི་སོ་སོའི་གཞུང་ལས་ཤེས་པར་བྱའོ། །ཕྱིས་འབྱུང་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་སུ་རྒྱས་པར་བཞུགས་པ་དང་། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་རེའུ་མིག་ཏུ་བཀོད་ཡོད་པ་མཁས་པ་མགུ་བའི་ལེགས་བཤད་ཡིན་པས་འདིར་དཔེ་མ་འབྱོར་ཡང་དོན་གཉེར་ལྡན་པ་རྣམས་ཀྱིས་འབད་པས་བཙལ་སྟེ་གཟིགས་པར་འཚལ། །དུས་དབང་གིས་བརྩི་ལུགས་ནོར་བ་ཡང་ཡོད་སྲིད་པས་ཆོས་ཀྱིས་སྤྱན་ལྡན་རྣམས་བཟོད་པར་གསོལ་ལོ། །


འབྲེལ་ཡོད་འོས་སྦྱོར།