logo

ལྷ་བཟོ་བ་ཤེས་རབ་ལགས་ཀྱི་བོད་ལུགས་རི་མོའི་འགྲེམ་སྟོན་མཛད་སྒོ་ཞང་ཀང་དུ་སྤེལ་བ།

རྩོམ་པ་པོ།:ལྷ་འབྲུག་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-17 ཀློག་གྲངས།:

        ཟླ3པའི་ཚེས15ཉིན།  བཀྲ་ཤིས་པའི་ཐང་ཀ་སྟེ་ལྷ་བཟོ་བ་ཤེས་རབ་ལགས་ཀྱི་བོད་ལུགས་རི་མོའི་འགྲེམ་སྟོན་མཛད་སྒོ་དེ་ཞང་ཀང་གི་ཀྲུང་དབྱང་དཔེ་མཛོད་ཁང་དུ་སྤེལ་ཞིང་།  མིང་དུ་གྲགས་པའི་ལྷ་བཟོ་བ་མགོ་ལོག་ཤེས་རབ་ལགས་ཀྱིས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྤྱད་ཀྱིས་རྩོམ་གནང་མཛད་པའི་མཛེས་སྡུག་ངོ་མཚར་ལྡན་པའི་ཐང་ཀ་བརྒྱ་ཕྲག་ལྷག་གིས་ཞང་ཀང་གི་ལྟད་མོ་བ་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག 


སྐྱེ་འགྲོའི་མིག་དབང་འགུག་པའི་ཐང་ཀའི་སྶྒྱུ་རྩལ། 

          མཚོ་སྔོན་མགོ་ལོག་ནས་འཁྲུངས་པའི་ལྷ་བཟོ་མཁས་ཅན་ཤེས་རབ་ལགས་ནི་ཆུང་དུས་ནས་ལྷ་རིས་སྒྱུ་རྩལ་ལ་སྦྱངས་པ་མི་དམན་པ་མཛད་མྱོང་ཞིང་།  ཁོང་གི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་ཐད་ནས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པས།  1998ལོར་ཁོང་གིས་འབྲི་བཞེངས་མཛད་པའི་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བའི་ཞལ་ཐང་ལ་འཛམ་གླིང་ཅེ་ནིས་སིའི་རྗེས་དྲན་བྱ་དགའ་ཐོབ་མྱོང་།  ཉེ་བའི་ལོ་འགའི་རིང་ཁོང་གི་བརྩམས་ཆོས་ལ་རྒྱ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོས་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད།  བོད་ཁུལ་གྱི་དགོན་སྡེ་མི་ཉུང་བ་ཞིག་གིས་ཀྱང་ཁོང་གི་བརྩམས་ཆོས་ཉར་ཚགས་བྱས་ཡོད།  
       

ལྟད་མོ་བ་ཞིག་གིས་ལྷ་རིས་པ་ཤེས་རབ་ལགས་ཀྱིས་བྲིས་པའི་ཐང་ཀར་པར་རྒྱག་བཞིན་པ།

        ཐང་ཀ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣང་ཚུལ་ཞིག་ཡིན་པར་མ་ཟད།  བརྗོད་བྱའི་ཐད་ནས་བཤད་ན་ཡང་བོད་ཀྱི་ལོ་རྒྱུས་དང་།  ཆོས་ལུགས།  རིག་གནས་དང་དེ་མིན་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་འབྲེལ་འདུག་པས།    2008ལོའི་ཟླ6པའི་ནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིག་གནས་པུའུ་ཡིས་རིག་གནས་སྒྱུ་རྩལ་གྱི་རྣམ་གཞག་འདི་ཉིད་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔང་ཡིག་ཀྱང་བསྩལ་གནང་མཛད་པ་རེད། 


འབྲེལ་ཡོད་འོས་སྦྱོར།