logo

སྟོད་འགག་གི་མཚོན་དོན།

རྩོམ་པ་པོ།:བློ་བཟང་ཀུན་མཁྱེན། ཡོང་ཁུངས།:ཙོང་ཆུའི་དྲ་བ། དུས་ཚོད།:2011-02-22 ཀློག་གྲངས།:
             དེ་ཡང་མཚན་བརྗོད་ལས། གླང་ཆེན་ཀོ་རློན་གོས་སུ་གྱོན། ། སྒྲ་ཆེན་ཧཱ་ཧཱ་ཞེས་སུ་གྲགས། ། ཞེས་གསུངས་པ་ལྟར། རྗེ་བླ་མའི་མཛད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དཔེར་ན་སྟོད་འགག་ཅེས་པ་དེ་ཡང་གོང་གི་ལུང་དོན་དང་བསྟུན་པ་མ་ཟད། ལྷག་པར་དུ་འདུལ་བ་ཡུལ་དུས་ལ་བསྟུན་ནས་མཛད་པ་ཞིག་ཀྱང་ཡིན། དཔུང་པ་གཡས་གཡོན་གཉིས་ནི་གླང་ཆེན་གྱི་མིག་དང་རྣ་གཤོག་གི་གཟུགས་བརྙན་ཐོན་ཡོད་ལ་རྒྱབ་གཞུང་གི་དབུས་སུ་མཛུབ་མོ་གཅིག་ཙམ་འགྲོ་བའི་ཨི་ཁུང་ཞིག་ཡོད། དེ་ནི་རྩ་དབུ་མའི་མཚོན་དོན་ཡིན་ལ། དེ་ཡི་གཡས་གཡོན་གཉིས་སུ་འཚེམ་བུ་རི་བོང་གིས་མཆོང་ཞེས་པའི་འཚེམ་པུ་བཅུ་གཉིས་ཡོད་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་མཚོན། རི་བོང་ཞེས་པ་ནི་ཞི་གནས་ཀྱི་ངོ་བོའི་དོན་བསྟན་པ་མཚོན། མུ་ཁྱུད་སྔོན་པོ་ནི་འོད་གསལ་གྱི་ངོ་བོ་ཡུམ་མི་འགྱུར་བ་མཚོན། གོང་བ་དམར་པོ་བྱས་པ་ནི་བདེ་བ་ཆེན་པོ་མཚོན་ལ། སུམ་བལྟབ་བྱས་པ་ནི་སྒོ་གསུམ་གྱི་སྤྱོད་པ་ལ་བརྩོན་པར་བྱ་དགོས་པའི་བརྡ་བཅས་རགས་བསྡུས་ཙམ་བཀོད་ཡོད།
             ཡང་རྗེ་བླ་མས་གོས་ཆེན་དམར་སེར་གྱི་ན་བཟའ་བཟོས་མེད་ཀྱང་དེང་སྐབས་གོང་ཆེན་གྱི་ན་བཟའ་བཟོ་བཞིན་ཡོད། དེའི་ཁྱད་པར་ནི་དཔེར་ན་གྲྭ་པའི་དབུ་མཛད་དང་དགེ་བསྐོས་གཉིས་ཀྱིས ་གོས་ཆེན་གྱི་སྟོད་འགག་གྱོན་པ་ནི། གཞན་ལས་ཁྱད་དུ་འཕགས་པའི་དོན་དུ་དེ་ལྟར་དགོངས་ཡོད། དེ་ལས་གཞན་པའི་གྲྭ་པ་དཀྱུས་མ་ཞིག་གིས་དེའི་ལད་མོ་བྱས་ནས་གོས་ཆེན་སྟོད་འགག་གྱོན་པ་ན་དེ་ནི་རྗེ་བླ་མའི་བསྟན་པ་ཉམས་པའི་རྟགས་ཡིན་པའི་ཕྱིར། གྲྭ་ས་བ་རྣམས་ནི་འདུལ་བའི་ཉམས་བཞེས་གཙོ་བོ་ཡིན་སྟབས་མཚོན་དོན་དེ་རྣམས་བསྟན་པའི་ཕྱིར། བླ་མ་རྒྱུད་པ་ནི་གསང་སྔགས་ཉམས་བཞེས་གཙོ་བོ་ཡིན་སྟབས་སྟོད་འགག་གི་དཔུང་པ་གཡས་གཡོན་གཉིས་སུ་སྣམ་བུ་སེར་པོ་བྱས་པ་ནི་བསྟན་པའི་གཞི་མ་འདུལ་བ་གཙོ་ཆེར་བསྟན་པའི་ཆེད་དུ་བཀོད་ཡོད་ལ། གཞན་རྣམས་གོང་བཞིན་ཆ་མཚུངས་ཡིན་པའི་ཕྱིར། ། 


འབྲེལ་ཡོད་འོས་སྦྱོར།