logo

མཆོད་རྟེན་གྱི་མཚོན་དོན།

རྩོམ་པ་པོ།: དགེ་བཤེས་དཔལ་ལྡན་གྲགས་པ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2010-12-16 ཀློག་གྲངས།:

  འོན་ཀྱང་རྟེན་གསུམ་རབ་གསུམ་གནས།  དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་ཅེས་༼སྣང་ཐང་བསྟན་འགྱུར།   རྒྱུད།   ཚི༽༢༧༨༽པར།   མཆོད་རྟེན་ལ་སོགས་ཐུགས་རྟེན་ལ།   །ཁྱད་པར་ཆོས་བཞི་བྱིན་གྱིས་བརླབས།   །རྡོ་རིང་ཐེམ་སྐས་ཆུ་སྲིན་གྱིས།  །རྒྱལ་མཚན་ལ་སོགས་དབུལ་བ་འོ།  །བྱིན་རླབས་ས་གཞི་ཆོས་ཀྱི་དབྱིངས།  །སེང་ཁྲི་མི་འཇིགས་བཞིར་བྱིན་རླབས།   །རྨང་ནི་དགེ་བཅུ་ཁྲི་འཕང་ནི།   །དང་པོ་དྲན་པ་ཉེར་གཞག་བཞི།   །ཞེས་པ་ནས།  ཁ་བསྐྱོར་འཕགས་ལམ་ཡན་ལག་བརྒྱད།  །དེ་དག་རྒྱུ་ཆ་ཆོས་བྱིན་བརླབས་ཏེ།  །འབྲས་བུའི་ཆོས་ནི་འདི་ལྟར་བརླབ།  །སྲོག་ཤིང་མཁྱེན་བཅུ་བྲེ་ལོགས་ནི།  །ཡེ་ཤེས་བཞི་དང་རྣམ་ཐར་བཞི།  །འཁོར་ལོ་བཅུ་གསུམ་ས་བཅུ་དང་།   །དྲན་པ་ཉེར་གཞག་གསུམ་དུ་བརླབ།  །ཅེས་གསལ་བ་ལྟར་ན་འཁོར་ལོ་བཅུ་གསུམ་ལས་དང་པོ་བཅུ་ས་བཅུ་དང་སྦྱར་དགོས་པར་སྣང་ལ།  ས་བཅུ་ནི།  དང་པོ་རབ་ཏུ་དགའ་བ།  གཉིས་པ་དྲི་མ་མེད་པ།  གསུམ་པ་འོད་བྱེད་པ།   བཞི་པ་འོད་འཕྲོ་བ།  ལྔ་བ་པ་སྦྱང་དཀའ་བ།   དྲུག་པ་མངོན་དུ་ཕྱོགས་པ།  བདུན་པ་རིང་དུ་སོང་བ།  བརྒྱད་པ་མི་གཡོ་བ།  དགུ་པ་ལེགས་པའི་བློ་གྲོས།  བཅུ་པ་ཆོས་ཀྱི་སྤྲིན་ཞེས་པ་རྣམས་སོ།  །དེ་དག་ཀྱང་རིམ་བཞིན་བྱང་སེམས་འཕགས་པའི་མཐོང་ལམ་དང་།   སྒོམ་ལས་ཆུང་ངུའི་ཆུང་ངུ་།   ཆུང་ངུའི་འབྲིང་།  ཆུང་ངུའི་ཆེན་པོ།  འབྲིང་གི་ཆུང་ངུ་།   འབྲིང་གི་འབྲིང་།   འབྲིང་གི་ཆེན་པོ།   ཆེན་པོའི་ཆུང་ངུ་།  ཆེན་པོའི་འབྲིང་།  ཆེན་པོའི་ཆེན་པོ་བཅས་ཀྱི་གནས་སྐབས་ལ་འཇོག་དགོས་པས།  གོང་གསལ་རྒྱུའི་ཆོས་དང་འབྲས་བུའི་ཆོས་ཞེས་པ་དེ་གཉིས་ཀྱི་དབྱེ་མཚམས་གང་ནས་ཇི་ལྟར་འཛིན་དགོས་པའང་དཔྱད་བྱར་སྣང་ངོ་། །
  ཐུགས་དྲན་པ་ཉེར་བཞག་གསུམ་ནི།  སྟོན་པས་ཆོས་གསུངས་པའི་ཚེ་ན་གུས་པ་དང་། མ་གུས་པ་དང་།  བཏང་སྙོམས་སུ་གནས་པ་རྣམས་ལ་རིམ་བཞིན་གུས་པ་ལ་རྗེས་སུ་ཆགས་པ་མེད་པ་དང་།  མ་གུས་པ་ལ་ཁོང་ཁྲོ་མེད་པ་དང་།   བཏང་སྙོམས་སུ་གནས་པ་རྣམས་རང་འགར་བོར་བ་མེད་པར་ཐུགས་དྲན་པས་ཉེ་བར་དགོངས་པ་བཅས་སོ།  །
  མཆོད་རྟེན་གྱི་གདུགས་ཀྱིས་ནི་ཕན་བདེའི་གྲིབ་བསིལ་ཅན་འགྲོ་བ་ཐམས་ཅད་ལ་དུས་ཐམས་ཅད་དུ་གཟིགས་ཤིང་དགོངས་པའི་ཐུགས་རྗེ་ཆེན་པོ་མཚོན་པ་དང་།  དེའི་སྟེང་དུ་ཟླ་བས་ཐབས་དང་།  ཉི་མས་ཤེས་རབ་མཚོན་པ་དང་།   ཡང་ཟླ་བས་ཤེས་བྱ་ཇེ་སྙེད་པ་ལས་རྒྱུ་འབྲས་སོགས་རྟེན་འབྱུང་གི་རྣམ་དབྱེ་དང་།  ཉི་མས་ཤེས་བྱ་ཇི་ལྟ་བ་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མཁྱེན་པའི་ཡེ་ཤེས་གཉིས་དང་འགྲོ་བའི་ཡིད་ཀྱི་མུན་པ་སེལ་བྱེད་བཅས་མཚོན་པར་གསུངས་ལ།   ཉི་མའི་སྟེང་ཏོག་གིས་ནི་སྤང་བྱ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ཤིང་བྱང་བ་དང་།  ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་ཅིང་ཆུབ་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དེ་མཚོན་པར་གསུངས་སོ།  །
  ཡང་གོང་གི་མཆོད་རྟེན་རབ་གནས་ཀྱི་ལུང་དེར།  མཆོད་རྟེན་གྱི་ས་གཞི་ཆོས་ཀྱི་དབྱིངས་དང་།  སེང་ཁྲི་མི་འཇིགས་པ་བཞི་དང་རྨང་གཞི་དགེ་བ་བཅུར་བྱིན་རླབས་རབ་གནས་བྱ་བར་གསུངས་ཤིང་།  དེ་ཡང་འདི་དག་ལ་སོགས་པ་རབ་གནས་བྱ་ཞེས་པ་ནི་དེ་ལྟར་བྱེད་ཚུལ་གྱི་ཆོ་ག་རྣམ་པར་དག་པ་ཚུལ་བཞིན་དུ་བྱེད་པའི་སྒོ་ནས་མཆོད་རྟེན་གྱི་ཆ་ཤས་རྣམས་ཀྱི་ངོ་བོ་ས་ལམ་གྱི་ཡོན་ཏན་དེ་དང་དེར་བྱིན་གྱིས་བརླབས་ཤིང་བསྒྱུར་ཏེ་ཡུན་རིང་པོའི་བར་འགྲོ་བའི་དོན་དུ་རབ་ཏུ་བརྟན་པར་གནས་ཤིང་བཞུགས་པར་མཛད་པ་ལ་བརྗོད།
   དེ་ལ་དང་པོ་བྱུང་རིམ་ལྟར་མཆོད་རྟེན་གང་དུ་བཞེངས་པའི་ས་གཞི་བཅས་མ་དག་པའི་འཁྲུལ་སྣང་ཐམས་ཅད་རང་བཞིན་གྱིས་སྟོང་པར་མོས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བསྒྱུར།   དེའི་སྟེང་རྨང་གཞི་དེ་མི་དགེ་བ་བཅུའི་རང་བཞིན་དང་།  དའི་སྟེང་སེང་ཁྲི་མི་འཇིགས་པ་བཞིའི་རང་བཞིན་དུ་བསྒྱུར་ཏེ།   དེ་དག་ནི་རང་ཉིད་སྤངས་རྟོགས་ཕུན་ཚོགས་སུ་དམ་བཅའ་བར་མི་འཇིགས་པ་གཉིས་དང་།  གཞན་ལ་སྤང་བྱ་དང་བླང་བྱ་འདི་དང་འདི་ཡིན་ཞེས་དམ་བཅའ་བར་མི་འཇིགས་པ་གཉིས་བཅས་བརྗོད།
  སེང་ཁྲི་བཟོ་ཚུལ་ཡང་།   འདུལ་བ་མདོ་རྩ་གནས་མལ་གྱི་གཞིའི་སྐབས་སུ།  སེང་གེའི་ཁྲི་གྲུ་བཞི་བྱའོ།  །རྐང་པ་དག་ལ་སེང་གེའི་གདོང་ཉིད་དོ།  །།ཞེས་གསལ་བ་ལྟར་ན་སེང་གེའི་གཟུགས་བརྙན་དེ་ཁྲིའི་ཟུར་བཞི་ནས་ཡར་བཏེག་ལ་རྟ་དང་རྨ་བྱ་སོགས་བྲིས་བཀོད་བྱས་པ་ནི།  སློབ་དཔོན་དཔལ་ལྡན་བྱང་ཆུབ་ཀྱི་གསུང་༼སྣར་ཐང་བསྟན་འགྱུར།  རྒྱུད༑  ཨི ༽༨༠བ༢མཚན་བརྗོད་བཀླག་སྒོམ་༽དུ།   དབུས་སུ་སེང་གེའི་ཁྲི་མི་འཇིགས་པ་བཞིའི་རང་བཞིན་ནོ།  །སྟོབས་བཅུ་དང་ལྡན་པའི་རྟགས་ཤར་དུ་གླང་པོ་ཆེའོ།  །རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་གྱི་ལྷོར་རྟའོ།  །དབང་བཅུའི་རང་བཞིན་གྱི་ནུབ་ཏུ་རྨ་བྱའོ།  །འཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་བྱེད་པའི་རང་བཞིན་གྱི་བྱང་དུ་ནམ་མཁའ་ལྡིང་གི་ཁྲིའོ།
།ཞེས་གསུངས་པ་སོགས་ལ་བརྟེན་པ་ཡིན་ནམ་སྙམ་ཡང་།  དེ་ལྟར་ན་དེ་ལྔ་གཅིག་དགོད་ཡུལ་མི་རྙེད་པས།  འདི་དག་ངེས་པར་འགོད་ན་སེང་གེའི་གཟུགས་བརྙན་དེ་གོང་གསལ་ལྟར་ཟུར་གདོང་བཞི་ལ་འགོད་དགོས་པར་མངོན།
  དེ་རྣམས་ལས་མི་འཇིགས་པ་དང་།  སྟོབས་དང་།  རྫུ་འཕྲུལ་གྱི་རྐང་པ་གསུམ་ནི་བཤད་ཟིན་ལ།   དབང་བཅུ་ནི་ཚེ་ལ་དབང་བ་དང་།  དེ་བཞིན་དུ་སེམས་ལ།  ཡོ་བྱད།  ལས༑   སྐྱེ་བ།  མོས་པ།   སྨོན་ལམ།   རྫུ་འཕྲུལ།  ཆོས༑   ཡེ་ཤེས་ལ་དབང་བ་རྣམས་ཏེ།   དེ་དག་ལ་རང་འདོད་བཞིན་དུ་འཇུག་ཐུབ་པས་དེ་དང་དེ་ལ་དབང་བ་ཞེས་བརྗོད།
  འཕྲིན་ལས་རྣམ་པ་བཞི་ནི།  མ་འདོད་ཉེར་འཚེ་མཐའ་དག་ཞི་བའི་འཕྲིནལས་དང་། དེ་བཞིན་དུ་ཚེ་དང་བསོད་ནམས་རྒྱས་པ་དང་།  དགོས་འདོད་ཐམས་ཅད་དབང་དུ་སྡུད་པ་དང་།  བསྟན་འགྲོ་ལ་གནོད་པའི་དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་པའི་དྲག་པའི་འཕྲིན་ལས་བཅས་ལ་བརྗོད་དེ།   མདོར་ན་ཞི་རྒྱས་དབང་དྲག་གི་སྒོ་ནས་གདུལ་བྱ་སོ་སོའི་དོན་མཛད་པའི་ལས་ལ་བརྗོད་དོ།  །
  ཡང་གོང་དུ་རྡོ་རིང་ཐེམ་སྐས་ཆུ་སྲིན་གྱི།   །རྒྱལ་མཚན་ལ་སོགས་དབུལ་བ་འོ།  །ཞེས་པ་དང་སོགས་སྒྲས་བསྟན་པ་སྒོ་ཆེན་དང་།  དྲིལ་བུ་དང་གཡེར་ཁ།  རིན་པོ་ཆེའི་ཕྲ་རྒྱན་སོགས་ཀྱིས་སྤྲོས་པའི་དབང་དུ་བྱས་ན།   ཕྱོགས་བཞི་བཙུགས་པ་དེ་དག་ཤར་དུ་ཡུལ་འཁོར་སྲུང་དང་།  ལྷོར་འཕགས་སྐྱེས་པོ།  ནུབ་ཏུ་སྤྱན་མི་བཟང་།  བྱང་དུ་རྣམ་ཐོས་སྲས་ཏེ་རྒྱལ་ཆེན་བཞི་མཚོན་བྱེད་ཡིན་ཚུལ་མཁས་དབང་འགའི་ཞལ་རྒྱུན་ལས་ཐོས་ཤིང་དེ་དང་མ་འདྲ་བ་གཞན་ནི་མ་མཐོང་།   རྨང་གཞི་མཐོན་པོ་ཡོད་པར་ཕྱོགས་བཞིར་ཐེམ་སྐས་བཙུགས་པ་དེས་ཐར་པའི་གནས་སུ་ཡར་འཛེགས་པའ་གཞི་རྟེན་ངེས་འབྱུང་གི་བསམ་པ་དང་།  སྒོ་ཆེན་བཞིས།  ངོ་བོ་དང་།   རྒྱུ༑  འབྲས་བུ།  འདུ་བྱེད་བཞི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ལ་རིམ་བཞིན་རྣམ་པར་ཐར་པའ་སྒོ་སྟོང་པ་ཉིད་དང་།   དེ་བཞིན་མཚན་མ་མེད་པ་དང་།  སྨོན་པ་མེད་པ་དང་།  རྣམ་པར་ཐར་པའི་སྒོ་མངོན་པར་འདུ་བྱེད་པ་མེད་པ་ཞེས་བརྗོད་པ་གང་ནས་ཐར་པའི་ལམ་ལ་ཞུགས་པི་རྣམ་ཐར་སྒོ་བཞི་མཚོན།
  ཆུ་སྲིན་གྱི་རྒྱལ་མཚན་སོགས་བཙུགས་པ་ནི།  མཁས་དབང་ཨཀྱཱ་ཡོངས་འཛིན་གྱི་བླ་མཆོད་ཟིན་བྲིས་སུ།   ངུར་སྨྲིག་གི་རྒྱལ་མཚན་འཆང་བ་ཞེས་པ་ནི།  རྒྱ་གར་དུ་གཡུལ་བཤམས་ན་གང་རྒྱལ་བའི་ཕྱོགས་དེ་མ་ཐག་རྒྱལ་མཚན་ཆེན་པོ་བསྒྲེང་བ་ཡིན་ལ།  རྒྱལ་མཚན་ནི་ཁྱུང་དང་སེང་གེ་འདུས་པ་ལས་ཕྲུ་གུ་སེང་གེ་རྐང་པ་བརྒྱད་པ་དང་།  དུང་དང་ཆུ་སྲིན་འདུ་པས་ཆུ་སྲིན་མ་ག་ར་དང་།  ཉ་དང་སྲམ་འདུས་པས་ཉ་སྤུ་རྒྱས་ཞེས་པ་སྐྱེས་པའི་སྲོག་ཆགས་དེ་གསུམ་གྱི་མཚན་མ་ཡོད་པ་ལ་བྱེད་པས།  དུང་དང་ཆུ་སྲིན་སོགས་སྔར་གཏན་ནས་མི་འཆམ་པ་ལ་སྟབས་ལེགས་ཀྱིས་དེ་རྣམས་འཕྲད་པ་ལས་ཕྲུ་གུ་དེ་དག་སྐྱེས་པ་ལྟར།  གཡུལ་ངོ་རྒྱལ་བ་ན་ཕ་རོལ་པོ་དང་སྔར་མ་འཆམ་པ་ཡིན་པ་ལ་ད་ཕྱིན་ཆད་མཐུན་པས་གཅིག་གིས་གཅིག་ལ་གནོད་པ་མི་བྱེད་པའི་རྟགས་རྒྱལ་མཚན་བསྒྲེང་བ་ཡིན།  དེ་བཞིན་དུ་ཆོས་གོས་ངུར་སྨྲིག་གྱོན་ཏེ་ཚུལ་བཞིན་བྱས་པས་བདུད་ཀྱི་གཡུལ་ལས་རྒྱལ་བས་ན་ངུར་སྨྲིག་གི་རྒྱལ་མཚན་འཆང་བ་ཡིན་གསུང་།   ཞེས་གསུངས་པ་འདི་ལས་འདིའི་མཚོན་དོན་ཡང་གོ་བར་ནུས་སོ།  །
  ཡང་དྲིལ་བུ་གཡེར་ཁ་སོགས་བཏགས་པ་ནི་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པའི་ཐེག་པ་ཆེ་ཆུང་གི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་རྒྱུན་ཆད་མེད་པར་སྒྲོག་པ་དེ་མཚོན་པ་དང་།   རིན་པོ་ཆེའི་ཕྱ་རྒྱན་སོགས་ཀྱིས་ནི་རྟེན་མཆོག་དེ་ཉིད་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཐམས་ཅད་ཡིད་བསམ་ལྟར་འབྱུང་བའི་གནས་སུ་བྱིན་བརླབས་རབ་གནས་གནང་བ་ལྟར་མཚོན་ཞིང་གོ་དགོས་པ་ཡིན་པར་མངོན་ནོ། །
  མཆོད་རྟེན་ལ་ཕྱག་མཆོད་བྱས་པའི་ཕན་ཡོན་ནི།  རྗེ་ལྕང་སྐྱ་རོལ་བའི་རྡོ་རྗེས།  ཙན་དན་ཇོ་བོའི་ལོ་རྒྱུས་སྐོར་ཚད་ཕན་ཡོན་མདོར་བསྡུས་རིན་པོ་ཆེའི་འཕྲེང་བར།   འདི་སྐད་དུ།  གསལ་རྒྱལ་གྱིས་ཞུས་པའི་མདོ་ལས།   སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།  །མཆོད་པའི་ཁྱད་པར་ཅི་འབྱོར་བ།   །མཚན་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་།  །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ།   །ཞེས་དང་།   ཡང་༑   མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ།   །སྐུ་གཟུགས་དག་ལ་མགོས་གཏུགས་ཕྱག་འཚལ་བ།  །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱི།   །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར།  །ཞེས་དང་།   འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས།   །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།  །མི་གང་བསྐོར་བ་བྱེད་པ་ཡི།  །བསྔགས་པ་བསྐལ་པ་བྱེ་བར་ཡང་།  །བརྗོད་པས་ཟད་པར་བྱེད་མི་ནུས།  །ཞེས་སོགས་རྒྱལ་བའི་མཆོད་རྟེན་ལ་ཕྱག་མཆོད་བསྐོར་བ་སོགས་བྱས་པས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་མཆོག་ཏུ་གྱུར་པ་འཐོབ་པའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཤིང་།   ཞེས་གསུངས་པ་ལྟར།  རང་གཞན་ཀུན་གྱིས་འདིས་མཚོན་པའི་ཆོས་ཀྱི་གནད་དོན་ཇི་བཞིན་ཤེས་ཤིང་རྒྱུན་དུ་ཉམས་སུ་ལེན་པ་པོ་ཕྱོགས་དུས་ཐམས་ཅད་དུ་དཔག་མེད་དུ་འཕེལ་ཏེ་འཇིག་རྟེན་གྱི་ཡུལ་ཁམས་ཀུན་ཏུ་མི་མཐུན་རྒུད་ཚོགས་མཐའ་དག་ཞི་ཞིང་བདེ་སྐྱིད་རྗོགས་ལྡན་གྱི་དཔལ་ལ་རྟག་ཏུ་སྤྱོད་རྒྱུ་མྱུར་དུ་ཡོང་བའི་གསོལ་འདེབས་རེ་སྨོན་རྒྱ་ཆེར་དང་བཅས་དགེ་མིང་དཔལ་གྲགས་པས་སྔར་བྲིས་ལ༡༩༩༧ཕྱི་ཟླ་༨ཚེས་༢༥སྐྱར་བཅོས་སུ་བྲིས་པ་དགེའོ།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།