logo

མཆོད་རྟེན་གྱི་རྣམ་པའི་ཁྱད་པར།

རྩོམ་པ་པོ།:དགེ་བཤེས་དཔལ་ལྡན་གྲགས་པ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2010-12-15 ཀློག་གྲངས།:

  དེ་ལ་མཆོད་རྟེན་གྱི་རྣམ་པའི་ཁྱད་པར་ནི།   འདུལ་བའི་སྡེ་སྣོད་དང་།   མདོ་མྱང་འདས་སོགས་ལས་ཉན་རང་བྱང་སེམས་རྣམས་དང་།   འཁོར་ལོས་སྒྱུར་བ་ཚུན་ཆད་ཀྱི་མཆོད་རྟེན་རྣམ་པ་ཐ་དད་པར་གསུངས་ལ།   དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་འདུལ་བ་མདོ་རྩ་བ་༼སྣར་ཐང་བསྟན་འགྱུར།  མདོ།  ཟུ ༽ ༡༠༡༽ལས།  མཆོད་རྟེན་ནི་རྣམ་པ་གཉིས་ཏེ།  གཙང་ཁང་ཅན་ཉིད་དང་།   ཀ་བ་ལྟ་བུ་ཉིད་དོ།   །དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དོ།   །གལ་ཏེ་དགེ་བ་ཡིན་ནའོ།  །སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་དོ།  །རྣམ་པ་ནི་བང་རིམ་བཞི་དང་།  འདབ་མ་དང་།   བུམ་པ་དང་།  པུ་ཤུ་དང་།  སྲོག་ཤིང་།  གདུགས་བཅུ་གསུམ་དང་ཆེ་ཁེབས་དག་གོ  །རང་སངས་རྒྱས་རྣམས་ཀྱི་ནི་ཆར་ཁེབས་མེད་པའོ།   །ཉན་ཐོས་རྣམས་ཀྱི་ནི་འབྲས་བུའི་ཚད་ཀྱིས་དེའི་གདུགས་གཅིག་ལྷག་པའོ།  །སོ་སོ་སྐྱེ་བོ་རྣམས་ཀྱི་ནི་བྱི་བོའོ།  །ཞེས་སོགས་གསུངས།
  ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལྷུང་བཟེད་ཁ་སྦུབས་པ་ལྟ་བུའི་མཆོད་རྟེན་དང་།  ཁང་བུ་བརྩེགས་པའི་མཆོད་རྟེན་དང་།   རྒྱལ་མཚན་བསྒྲེངས་པ་ལྟ་བུའི་མཆོད་རྟེན་དང་གསུམ་གསུངས་པ་འདི་རྣམས་ཀྱང་།   མདོ་རྩ་བ་ལས།    སོ་སོ་སྐྱེ་བོ་རྣམས་ཀྱི་མཆོད་རྟེན་གྱི་རྣམ་པ་ནི་བྱི་བོ་སྟེ་གདུགས་སོགས་མེད་པར་གསུངས་པ་དེ་དང་།  ཡང་གཙང་ཁང་ཅན་དང་།  ཀ་བ་ལྟ་བུའི་མཆོད་རྟེན་གཉིས་གསུངས་པ་རྣམས་རིམ་བཞིན་ཕྱོགས་མཐུན་དུ་སྣང་།  དེ་བཞིན་དུ་རྒྱ་གར་དུ་ཁང་པ་རིམ་པ་མང་པོ་བརྩེགས་པ་ཟུར་བཞི་འམ་བརྒྱད་ཡོད་པ་ཡོངས་གྲགས་གན་ངྷོ་ལའི་བཀོད་པ་ཞེས་ཟེར་བ་དེའང་དེ་གསུམ་གྱི་གྲངས་ཡིན་པར་སྐྱབས་མགོན་རྡོ་རྗེ་འཆང་གིས་གསུངས་ཞེས་གུང་ཐང་རིན་པོ་ཆེས་༼དཀར་ཆག་ལྷའི་རྔ་ཆེན།   པོད།  ཅ༤༤༧༽གསུངས།
  གཞན་ཡང་མཆོད་རྟེན་གྱི་རྣམ་པ་འདྲ་མིན་མང་དུ་ཡོད་པར་གསུངས་པ་ལས།   གཙོ་བོ་ཡོངས་གྲགས་ལ་བདག་ཅག་གི་སྟོན་པ་མཆོག་གིས་མཛད་པ་ཁྱད་པར་ཅན་རེ་མཛད་པའི་ཡུལ་ཕྱོགས་རྣམས་སུ།  རྗེས་འཇུག་སྐལ་ལྡན་དད་སྟོབས་མཆོག་ཏུ་ཡངས་པ་རྣམས་ཀྱིས་མཆོད་རྟེན་རེ་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་གྲགས་པ་དེ་དག་གི་རྣམ་པ་ནི་འདི་ལྟར་གསལ་ཏེ།

 ༡.  པད་སྤུངས་མཆོད་རྟེན་ཞེས་པ་ནི།
  གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་ཚེ་ཕྱོགས་སོ་སོར་གོམ་པ་བདུན་སྤོས་པར་པདྨ་རེར་སྐྱེས་པ་དང་ པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པས།   འཁོར་བར་སྐྱེས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་བྱེད་པདྨ་འདབ་མ་ཅན་གྱི་བང་རིམ་ཟླུམ་པོ་བཞི་པ་ཅན་ཏེ།   ལ་ལས་འདི་ལ་བདེ་གཤེགས་མཆོད་རྟེན་ཡང་བརྗོད།

༢.  བྱང་ཆུབ་མཆོད་རྟེན་ཞེས་པ་ནི།
  ཡུལ་མ་གྷ་ངྷར་སངས་རྒྱས་པའི་ཚེ།   ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་ལ་མ་མཉམ་པ་མེད་པར་རོ་མཉམ་ཞིང་གཅིག་པར་མཁྱེན་པའི་སྐད་ཅིག་གཅིག་གིས་ཡང་དག་པར་ཐུགས་སུ་ཆུད་ཅིང་།   སྐུ་བཞི་མངོན་པར་རྫོགས་པར་བྱང་ཆུབ་པར་མཚོན་བྱེད་གྲུ་བཞི་ལྷམ་པའི་བང་རིམ་བཞི་པ་ཅན་དེའོ། །

༣ . ཆོས་འཁོར་མཆོད་རྟེན་ཞེས་པ་ནི།
  ཡུལ་ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བདེན་པ་བཞི་དང་།  རྣམ་ཐར་བརྒྱད་དང་།  རྟེན་འབྲེལ་བཅུ་གཉིས་དང་།  སྟོང་ཉིད་བཅུ་དྲུག་སོགས་ཆོས་ཀྱི་སྒོ་དུ་མ་སྟོན་པ་མཚོན་བྱེད་སྒོ་བཞི་དང་།  བརྒྱད་དང་བཅུ་གཉིས་དང་།   བཅུ་དྲུག་ཅན་གྱི་བང་རིམ་བཞི་པ་ཅན་ཏེ།  འདི་ལ་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་ཡེ་ཤེས་མཆོད་རྟེན་ཡང་ཟེར།

༤ .  ཆོ་འཕྲུལ་མཆོད་རྟེན་ཞེས་པ།
  མཉན་ཡོད་ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ།   མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་བཏུལ་བ་དང་།   སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་ཡང་དག་པའི་ལམ་ལ་བཀོད་པས།   གཞན་ལས་ཁྱད་པར་འཕགས་པ་མཚོན་བྱེད་ཕྱོགས་བཞིར་གློ་འབུར་ཡོད་པའི་བང་རིམ་བཞི་པ་ཅན་ཏེ།   ལ་ལས་འདི་བང་རིམ་གསུམ་པ་ཅན་དུའང་བཤད་པ་དང་།   མུ་སྟེགས་ཕམ་མཛད་ཀྱི་མཆོད་རྟེན་ཞེས་ཀྱང་བརྗོད།

 ༥ .  ལྷ་བབས་མཆོད་རྟེན་ཞེས་པ།
  སྟོན་པ་མཆོག་ཡུམ་སྒྱུ་མ་ལྷ་མཛེས་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ལྷའི་སྐྱེ་བ་བཞེས་པར་ཆོས་སྟོན་པར་ཕེབས་ཏེ།   སླར་ལྷ་ཡུལ་ནས་ཡུལ་གསལ་ལྡན་དུ་མར་བྱོན་པའི་ཚེ།  སྐལ་ལྡན་རྣམས་ཀྱིས་སྟོན་པ་མཆོག་ལྷ་ཡུལ་ནས་རིན་པོ་ཆེའི་ཐེམ་སྐས་ལས་བབས་པར་མཇལ་བ་དང་།   བདེ་བར་གཤེགས་པ་འགྲོ་བ་སེམས་ཅན་གྱི་དོན་དུ་བྱོན་པར་མཚོན་བྱེད་ཕྱོགས་རེ་ནས་ཐེམ་སྐས་ཡོད་པའི་བང་རིམ་བཞི་པ་ཅན་ཏེ།   གཞན་དག་འདི་ལ་ཆོ་འཕྲུལ་ཆུང་ངུ་དང་།  ལྷས་མཆོད་མཆོད་རྟེན་ཡང་ཟེར།

༦ .   དབྱེན་ཟླུམ་མཆོད་རྟེན་ཞེས་པ།
  རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པ།   སྟོན་པས་སླར་ཟླུམས་པའི་ཚེ།   དབྱེན་གྱི་རྒྱུ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ལྟ་ངན་བཅས་བཞི་བཅད་དེ།   རྣམ་ཐར་བརྒྱད་དང་ཟིལ་གནོན་བརྒྱད་ལ་གནས་པར་མཛད་པ་མཚོན་བྱེད།  གྲྭ་ཟུར་བཞི་བཅད་པའི་ཟུར་བརྒྱད་ཡོད་པའི་བང་རིམ་བཞི་པ་ཅན་ཏེ།   ཁ་ཅིག་འདི་ལ་འོད་ཟེར་ཅན་དང་བྱམས་འོད་མཆོད་རྟེན་ཡང་ཟེར།

༧ .  རྣམ་རྒྱལ་མཆོད་རྟེན་ཞེས་པ།
   ཡུལ་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཡུན་རིང་དུ་བྱིན་གྱིས་བརླབས་པས་ན།  འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བར་མཚོན་བྱེད།   གྲྭ་ཟུར་མེད་པ་བང་རིམ་ཟླུམ་པོ་གསུམ་པ་ཅན་ཏེ།   འདི་ལ་བྱིན་རླབས་མཆོད་རྟེན་ཡང་བརྗོད།

༨ .   མྱང་འདས་མཆོད་རྟེན་ཞེས་པ།
  ཡུལ་རྩ་མཆོག་གྲོང་དུ་སྐུ་མྱང་ངན་ལས་འདའ་ཚུལ་བསྟན་པར་འཁོར་བའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཉེ་བར་ཞི་བར་མཚོན་བྱེད།   བང་རིམ་སོགས་ཀྱི་སྤྲོས་པ་མེད་པ་བཞུགས་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་དྲིལ་བུའི་དབྱིབས་ལྟར་ཡོད་པ་དེ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།