གྲུབ་མཐའི་བྱུང་བ་བརྗོད་པ་བཞུགས་སོ།།
ཟབ་ཟབ་རང་བཞིན་གྲུབ་མཐའི་སྲོལ། །
གསལ་གསལ་སྤྱན་གྱིས་ལེགས་གཟིགས་ནས། །
ལྷུག་ལྷུག་གསུང་གིས་འདོམས་མཛད་པ། །
མཁས་མཁས་དཔལ་ལྡན་བླ་མར་འདུད། །
བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་ཅན་གྱི་ཤཱཀྱ་ཐུབ་པ་སྙིང་རྗེ་ཆེན་པོ་གཞན་དབང་དུ་གྱུར་བའི་དབང་གིས། ཁམས་གསུམ་གྱི་སེམས་ཅན་རྣམས། རང་དབང་མེད་པར་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་པ་རྣམས་དུས་དུས་སུ་སྒྲོལ་བའི་ཕྱིར་དུ་ལྷ་མིའི་འགྲོ་བ་མ་ལུས་པའི་གདུལ་བྱའི་ཁམས་དང་དབང་བོར་བསྟུན་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་། དེ་རྣམས་རྗེས་འཇུག་གི་འཕགས་པའི་གང་ཟག་གིས་བཀའི་དགོངས་དོན་བཞིན་གསུང་རབ་ཡན་ལག་བཅུའི་སམ་སྡེ་སྣོད་གསུམ་དུ་བསྡུས་ནས་གསུངས་པ། ཟབ་བ་དང་རྒྱ་ཆེ་བའི་བཀའ་རྣམས། ཕྱི་རབས་ཀྱི་རྗེས་འཇུག་པས་ཇི་ལྟར་ཉམས་སུ་བཞེས་ལུགས་ཀྱི་གདམས་ངག་དང་ཟབ་མོ་འདོན་པར་མཛད་པའི་རང་རེའི་དགེ་ལྡན་པ་དང་། གཞན་རྙིང་བཀའ་ས་ཇོའི་ཆོས་བརྒྱུད་པ་སོ་སོའི་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ། གྲུབ་མཐའི་སྲོལ་མ་ཉམས་པ་རྣམས། རང་རང་གི་ཡིག་འཇོག་གི་གཞུང་སོ་སོ་ན་གསལ་བར་བཀོད་པ་དང་། མ་བཀོད་པ་གང་ཡིན་ཐམས་ཅད་ཡོངས་སུ་གསལ་བར་ཡེ་ཤེས་ཀྱི་སྤྱན་གྱིས་ཇི་བཞིན་ལེགས་པར་གཟིགས་ནས། སྐལ་ལྡན་གྱི་བུ་སློབ་རྣམས་ལ། གང་ལ་གང་འཚོལ་གྱིས་གདམས་ངག་དང་མན་ངག་རྣམས་ཚིག་བཅད་ལྷུག་གི་ལམ་ནས་མགྲིན་པ་ཡངས་ཤིང་ལྷུག་པར་གསུང་གིས་ཅི་དགར་བདུད་རྩི་འདོན་པར་མཛད་པ་པོ། གངས་ཅན་མཁས་དགུའི་གཙུག་གི་ནོར་བུ་གྱུར་བ། མཁས་པའི་དབང་བོ་དཔལ་ལྡན་བླ་མ་དམ་པ། འཇམ་བཞད། ཐུའུ་བཀྭན། ཆུ་བཟང་། ཨ་རིག་དགེ་བཤེས་ཆེན་མོ། རྗེ་གསེར་ཁང་བ་སོགས་ལ་བྱང་ཆུབ་ཆེན་མོ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པར་སྒོ་གསུམ་གུས་པས་འདུད་དེ་གསོལ་འདེབས་ན། བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའོ། །(འདི་ནི་དཀྱུལ་མཆན་གྱིས་བརྒྱན་པ་ཡིན)
ཕྱག་ན་པདྨའི་འདུལ་ཞིང་བོད་ཡུལ་འདིར། །
ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། །
རྒྱལ་བསྟན་ཉི་མ་ཤར་ལ་སྔ་དར་ཟེར། །
གང་ཚེ་གླང་དར་བསྟན་པ་བསྣུབས་པ་ན། །
མདོ་ཁམས་སྨད་ནས་བླ་ཆེན་དགོངས་གསལ་དང་། །
སྟོད་ནས་ལོ་ཆེན་རིན་ཆེན་བཟང་པོ་ཡིས། །
རྒྱལ་བསྟན་རྩ་བ་འདུལ་བའི་སྡོམ་རྒྱུན་སྤེལ། །
བསྟན་པའི་མེ་རོ་བསོས་པ་ཕྱི་དར་རོ། །
སྨྲི་ཏི་ཡན་ཆད་བསྒྱུར་བ་རྙིང་རྒྱུད་དང་། །
གསར་མ་ལོ་ཆེན་རིན་བཟང་སོགས་ནས་བཟུང་། །
མདོ་ལ་གསར་རྙིང་ཁྱད་པར་མི་འབྱུང་བས། །
གསང་སྔགས་དར་ཚུལ་སྒོ་ནས་གཉིས་སུ་དབྱེ། །
རྙིང་མའི་ཆོས་འདི་རྣམ་དག་ཡིན་མིན་ལ། །
མཁས་པའི་བཞེད་ཚུལ་མང་དུ་བྱུང་མོད་ཀྱང་། །
ཕྱིས་འབྱུང་དག་གིས་བསྲེ་བསླད་ཞུགས་པ་ལས། །
ཆོས་དེ་རང་ལྡོག་རྣམ་དག་ཡིན་པར་འདོད། །
རྒྱལ་བའི་གསུང་རབ་ཐམས་ཅད་གདམས་ངག་ཏུ། །
ཤར་ལ་བཀའ་གདམས་པ་ཞེས་གྲགས་པ་སྟེ། །
དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སྲོལ་མཆོག །
སྟོན་པའི་སྲོལ་ཕྱེ་སྐུ་མཆེད་གསུམ་གྱིས་སྤེལ། །
བཀའ་བརྒྱུད་ས་སྐྱ་དགེ་ལྡན་ལུགས་སྲོལ་ཡང་། །
ཇོ་བོ་ཆེན་པོའི་ལུགས་སྲོལ་འདི་ལ་བརྟེན། །
བཀའ་བབས་གདམས་པའི་བརྒྱུད་པ་འཛིན་པ་ལ། །
བཀའ་བརྒྱུད་ཅེས་གྲགས་དེ་ལ་ཤངས་དྭགས་གཉིས། །
མཁས་གྲུས་ཆེན་པོ་ཁྱུང་བོ་རྣམ་འབྱོར་གྱིས། །
གཡས་རུ་ཤངས་སུ་དགོན་པ་བརྒྱ་རྩ་བཏབ། །
ཚོགས་པ་བསྐྱངས་པར་དེ་ཡི་བརྒྱུད་འཛིན་ལ། །
ཤངས་པ་བཀའ་བརྒྱུད་ཅེས་སུ་གྲགས། །
རྣམ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་ཡི། །
ཐུགས་སྲས་མཉམ་མེད་དྭགས་པོ་རིན་པོ་ཆེས། །
དྭགས་ལྷ་སྒམ་པོ་བཏབ་ནས་ཆོས་བརྒྱུད་སྤེལ། །
རྗེས་འབྲང་དག་ལ་དྭགས་པོ་བཀའ་བརྒྱུད་ཟེར། །
དེ་ལ་ཀརྨ་པ་དང་ཕག་གྲུ་དང་། །
ཚལ་བ་འབྲི་གུང་འབྲུག་པ་སྟག་ལུང་དང་། །
འབབ་རོམ་གཡའ་བཟང་ཁྲོ་ཕུའི་བཀའ་བརྒྱུད་སོགས། །
ནང་གསེས་སྒོ་ནས་དབྱེ་བ་མང་ཙམ་བྱུང་། །
དྭགས་པོའི་དངོས་སློབ་ཁམས་པ་དབུ་སེའམ། །
དུས་གསུམ་མཁྱེན་པའི་ཀརྨ་ལྷ་སྡིང་གི །
དགོན་པ་བཏབ་པར་ཀརྨ་པ་ཞེས་གྲགས། །
དེ་ཡི་སྐྱེ་བརྒྱུད་ཀརྨ་པཀྴི་ལ། །
ཧོར་རྒྱལ་ལས་ཀའི་ཞྭ་ནག་ཕུལ་བ་ལ། །
དེ་ཕྱིན་ཞྭ་ནག་ཅན་དུ་གྲགས་པ་དང་། །
དེ་བཞིན་བརྒྱུད་འཛིན་རྟོགས་ལྡན་གྲགས་སེང་ལ། །
ཞྭ་དམར་བྱུང་བས་ཞྭ་དམར་བ་ཞེས་བཏགས། །
ཕག་མོ་གྲུ་པའི་བཀའ་བརྒྱུད་ཅེས་པ་ནི། །
དྭགས་པོའི་སྲས་མཆོག་རྡོ་རྗེ་རྒྱལ་པོ་ཡིས། །
ཕག་མོ་གྲུ་རུ་གདན་ས་མཛད་པ་ལ། །
ཕག་མོ་གྲུ་བར་གྲགས་པ་དེ་ཡི་སྲོལ། །
དྭགས་པོའི་སློབ་མ་ཚུལ་ཁྲིམས་སྙིང་བོའི་སྲས། །
བླ་མ་ཞང་ངམ་འགྲོ་མགོན་གཡུ་བྲག་པས། །
སྐྱིད་ཤོད་ཚལ་གུང་གཙུག་ལག་ཁང་སོགས་བཞེངས། །
བརྒྱུད་འཛིན་རྣམས་ལ་ཞང་ཚ་བ་ཞེས་གྲགས། །
འགྲོ་མགོན་ཕག་མོ་གྲུ་པའི་རྗེས་བཟུང་བ། །
སྐྱུ་ར་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིས། །
འབྲི་གུང་དགོན་པ་བཏབ་པའི་རྗེས་འབྲང་ལ། །
གདན་སའི་མིང་གིས་འབྲི་གུང་པ་ཞེས་བཏགས། །
དེ་བཞིན་ཕག་གྲུའི་སློབ་མ་གླིང་རལ་པའི། །
ཐུགས་སྲས་གཙང་པ་རྒྱ་རས་ཀྱིས། །
དགོན་པ་བཏབ་དུས་འབྲུག་སྒྲ་སྒྲགས་པ་ལས། །
འབྲུག་ཅེས་གྲགས་པའི་འབྲུག་པའི་ཆོས་ལུགས་བྱུང་། །
སྟག་ལུང་བཀའ་བརྒྱུད་ཅེས་པའི་ལུགས་སྲོལ་ཡང་། །
ཕག་མོ་གྲུ་པའི་ཉེ་གནས་བཀྲ་ཤིས་དཔལ། །
སྟག་ལུང་ཞེས་བྱར་དགོན་གནས་བཏབ་པ་ལས། །
སྟག་ལུང་ཐང་པར་གྲགས་པ་དེ་ལས་མཆེད། །
བཀའ་བརྒྱུད་སྲོལ་འབྱེད་མཉམ་མེད་སྒམ་པོ་བས། །
རྗེས་བཟུང་རྟོགས་ལྡན་དར་མ་དབང་ཕྱུག་གིས། །
འབབ་རོམ་དགོན་པ་བཏབ་སྟེ་སློབ་མ་བསྐྱངས། །
བརྒྱུད་འཛིན་དག་ལ་འབབ་རོམ་བཀའ་བརྒྱུད་ཟེར། །
དེ་བཞིན་གཡའ་བཟང་བཀའ་བརྒྱུད་ཅེས་པ་ཡང་། །
ཕག་གྲུའི་སློབ་མ་སྐལ་ལྡན་སེང་གེའི་སྲས། །
གཡའ་བཟང་ཆོས་རྗེར་གྲགས་པའི་བརྒྱུད་འཛིན་རྣམས། །
རིམ་པར་བྱོན་ལ་དེ་ལྟར་བཏགས་པའོ། །
གཞན་ཡང་ཕག་གྲུའི་སློབ་མ་རྒྱལ་ཚ་དང་། །
ཀུན་ལྡན་རས་པ་སྐུ་མཆེད་རྣམ་གཉིས་ཀྱི། །
དབོན་པོ་ཁྲོ་ལོ་བྱམས་པ་དཔལ་པ་ལས། །
རིམ་པར་བརྒྱུད་པ་ཁྲོ་ཕུ་བཀའ་བརྒྱུད་དོ། །
ཤེར་ཕྱིན་ཉམས་སུ་ལེན་པའི་སྲིད་ཞི་ཡི། །
སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་ན། །
ཞི་བྱེད་ཅེས་གྲགས་དམ་པ་སངས་རྒྱས་སྲོལ། །
སྔ་ཕྱི་བར་གྱི་བརྒྱུད་པ་རྣམ་གསུམ་བྱུང་། །
ཤེར་ཕྱིན་སྔགས་དང་འབྲེལ་བའི་ཐམས་ཤེས་ཀྱིས། །
གཅེས་འཛིན་འཁོར་བའི་རྩ་བ་གཅོད་པའམ། །
ཐམས་ཤེས་ལམ་ལ་སྤྱོད་པས་སྤྱོད་པའང་། །
ཞི་བྱེད་ཡ་གྱལ་ལམ་གྱི་སྒྲོལ་མེའི་སྲོལ། །
འཁོན་རིགས་དཀོན་མཆོག་རྒྱལ་བོས་འབྲོག་མིའི་དྲུང་། །
གསང་སྔགས་གསར་འགྱུར་རྣམས་ལ་མཁས་པར་སྦྱངས། །
ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ། །
དེ་ཕྱིན་ས་སྐྱ་པ་ཞེས་སྙན་པར་གྲགས། །
ཡུ་མོ་མི་བསྐྱོད་རྡོ་རྗེ་གཞན་སྟོན་སྲོལ། །
ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་གྱིས། །
ཇོ་མོ་ནང་ཞེས་གྲགས་པའི་དགོན་གནས་སུ། །
རྒྱ་ཆེར་སྤེལ་བ་ཇོ་ནང་ལྟ་བར་གྲགས། །
འཇམ་མགོན་མི་ཡི་གར་མཛད་ཙོང་ཁ་པས། །
དགའ་ལྡན་རྣམ་པར་རྒྱལ་པའི་གླིང་བཏབ་སྟེ། །
འཁྲུལ་བྲལ་བསྟན་པའི་ཉིན་བྱེད་ཤར་བ་ལ། །
དགེ་ལུགས་པ་ཞེས་གྲགས་པའི་སྲོལ་བཟང་བྱོན། །
རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །
རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །
བདེ་སྟོང་མཆོག་གི་རིམ་གཉིས་རྣམ་འབྱོར་སྤྱོད། །
བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གྱི་ན་བ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་དམ་པའི་གསུང་བཞིན་བྲིས་པའོ། །མངྒཝཾ། ། ། །
མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།
ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ནི། མདོ་སྨད་ཕྱག་རྡོར་ཐང་(རྦྦྷཉྲཱྀཁྷ)ཨ་ཀྱཱ་ས་སྡེ་ཞེས་བྱ་བའི་ཡུལ་དུ་ཡབ་ལོ་ལོ་དང་ཡུམ་འབའ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲེལ(1740)ལོར་སྐུ་འཁྲུངས། དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་ཀྱི་དྲུང་དུ་རབ་བྱུང་བསྒྲུབས། མཚན་བློ་བཟང་དོན་གྲུབ་ཏུ་གསོལ། དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་དེ་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་བདུན(1766)ལ་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཀུན་མཁྱེན་འཇིགས་མེད་དབང་བོ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། དགུང་ལོ་བཞི་བཅུ་ཐམ་པར་མགུར་རྣམ་རྒྱལ་གླིང་གི་ཁྲི་ཕེབས། རྫོང་ནང་དགོན་པ་དང་། སྨན་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་སོགས་སྔ་ཕྱིར་ཕྱག་བཏབ། དགུང་ལོ་རེར་བཞི་ལ་བྱ་ཁྱུང་དགོན་གྱི་གདན་རབས་ཞེ་དགུ་བའི་ཁྲིར་ཕེབས། སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་ཞེས་གསོལ། སྐུ་འབུམ་ཁྲི་ཆེན་ཞེ་དགུ་པ་བུམ་པ་ངག་དབང་ཆོས་ཀྱི་ཉི་མ་སྐུ་འབུམ་གྱི་ཁྲིར་བཞུགས་དུས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔར་དུ་འགོད་རྒྱུད་ཞུ་དག་ལེགས་པར་མཛད། སྐུ་འབུམ་གསོ་རིག་གཞན་ཕན་གླིང་གི་གདན་ཁྲིར་ཕེབས། བཀའ་རྩོམ་པོད་འབྲིང་གཉིས་ལྷག(ཆོས་ཚན་ལྔ་བཅུ་ཐམ་པ)མཛད། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་བཞི་པའི་མེ་ཕག(1827)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།