logo

ལྷ་བ།

རྩོམ་པ་པོ།:མིང་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-01-04 ཀློག་གྲངས།:

   བོད་ཀྱི་ལྷ་བ་ཞེས་པ་སྟེ་ལྷ་འདྲེ་མིའི་ཁོང་དུ་བརླམས་ཏེ་ལུང་བསྟན་བྱེད་པའི་སྲོལ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་དུས་ནས་དར་བ་ཞིག་ཡིན། སློབ་དཔོན་གྱིས་བོད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་སྟེ་སྲིད་པ་ཆགས་པའི་ལྷ་དགུ་དང༌། གངས་དཀར་ཤ་མེད་དང་རྡོ་རྗེ་ཀླུ་མོ་སོགས་བརྟན་མ་བཅུ་གཉིས་དམ་ལ་བཏགས་ཤིང༌མཁན་ཆེན་བོ་ངྷི་ས་ཏྭས་དཀར་པོ་ལ་ཆོས་བཤད་ནས་ལྷ་འབེབས་སྲོལ་བྱུང་བ་ཡིན་ཞིང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དམ་པའི་ཆོས་དར་བར་མཛད་པ་ལ་བརྟེན་ནས་ལྷ་འབེབས་སྲོལ་འདི་དམ་ཆོས་དང་མཉམ་དུ་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད།

   དེ་ཡང་ལྷ་བ་ནི་གནའ་ནས་རང་གི་རིགས་རུས་ཀྱི་སྟེང་ནས་ལྷ་རྒྱུད་ཡོད་པ་ཞིག་ཡིན་དགོས་ཤིང༌། དེ་མིན་གསར་དུ་ཕབ་ན་ཡང་རྟགས་ཅི་རིགས་ཐོན་ཅིང་ལྷ་བར་རུང་བ་ཞིག་རྩ་བའི་བླ་མའི་མདུན་ནས་ཆོ་ག་ཅི་ཚང་སྒོས་ཕབ་པ་ལས་མི་གང་ཡིན་ཞིག་ལྷ་བར་མི་རུང༌། དེ་ནི་ལུས་དེ་ཉིད་ལ་ལྷ་ཞུགས་ན་རྟེན་གྱིས་ནུས་མི་ནུས་ཀྱི་ཁྱད་པར་ཡོད་པས་རབ་ནི་ལྷ་རྒྱུད་ཅན་གྱི་ལྷ་བ་དེ་ལྷ་བའི་མཆོག་ཏུ་བརྩི།  བླ་མས་ལྷ་སྒོ་འབྱེད་པ་ནས་ལྷ་བ་རང་ཉིད་ཀྱིས་དངོས་སུ་ལྷ་བབས་ཆོག་ལ་འཇིག་རྟེན་གྱི་ལྐོག་ཏུ་གྱུར་པའི་དོན་དག་ལུང་དུ་ཡང་བསྟན་ཆོག ཡིན་ན་ཡང༌། ལྷ་བའི་རྟེན་གྱི་ཁྱད་པར་དང་ཡུལ་ཁམས་དེའི་འཕྲིན་ལས་ཆེ་ཆུང་གི་སྒོ་ནས་ལྷ་བ་ཞིག་ཡིན་ན་འཇིག་རྟེན་གྱི་ལྷའམ་གཞི་བདག་མ་ལུས་པ་ཕབ་ཆོག་པ་ཞིག་མིན་པར་དེ་ནི་བླ་མས་ལྷ་སྒོ་འབྱེད་སྐབས་གཏན་དུ་འཁེལ་བའི་ལྷ་དེ་དག་ལས་ལྷ་གཞན་གྱིས་མི་འཛིན་ལ། ལྷ་འབེབས་སྐབས་གཞི་བདག་གང་གི་གསོལ་ཀ་བཏོན་ན་དེས་འཛིན་དགོས་པ་ཞིག་དང༌། ཡང་ན་ལྷ་བ་རང་ཉིད་ལྷ་རྒྱུད་ཅན་ཞིག་ཡིན་ན་གནའ་ནས་ལྷའམ་གཞི་བདག་གང་ཞིག་འབེབས་པ་དེའི་རྒྱུད་འཛིན་པ་ཡིན། དེ་ཡང་འདིའི་སྐབས་ཀྱི་ལྷའམ་གཞི་བདག་ཅེས་པ་ནི་བསྟན་སྲུང་ལ་བསྟན་པ་ཡིན་ཞིང༌། བསྟན་སྲུང་ལ་དཀར་ཕྱོགས་སྐྱོང་བ་དང་ནག་ཕྱོགས་སྐྱོང་བ་གཉིས་ཡོད་པས། སྤྱིར་དམ་པའི་སྐྱེས་བུས་ནག་ཕྱོགས་ཀྱི་ལྷ་མི་བཀོལ་ཡང༌། བསྟན་པར་ཆག་ཉེས་ཆེན་པོ་བཟོ་དང་བཟོ་ཉེན་ལ་ཐུག་པའི་སྐབས་ནག་ཕྱོགས་ཀྱི་ལྷ་བཀོལ་བའི་དུས་ཀྱང་འདུག ཡུལ་ལྷ་གཞི་བདག་གང་ཞིག་དང་པོ་སེམས་ཅན་ལ་འཚེ་བའི་མི་མ་ཡིན་ཞིག་ཡིན་པ་ལས་དམ་པའི་སྐྱེས་བུ་ཞིག་གིས་དམ་ལ་བཏགས། མགོ་ལ་བུམ་པ་བཞག སྐེ་ལ་ཕྱག་མདུད་འཕངས།  ལྕེ་ཐོག་ཏུ་བདུད་རྩི་བླུགས་ཏེ་མནའ་བསྒགས།  བཀའ་བཞག་དམ་བཞག་བྱས་ཏེ་ད་གཟོད་ཡུལ་ཞིག་གམ། གནས་ཆེ་ཆུང་གང་རུང་ཞིག་གི་གཞི་བདག་སྟེ་བསྟན་སྲུང་ལ་བསྐོས་པ་ནས་དེས་བླ་མའི་བཀའ་བཞིན་དུ་སྒྲུབ་པ་ཞིག་ཡིན་ལ།  དེ་ལ་མཆོད་ཚུལ་ནི་བསང་མཆོད་དང་གསུར་མཆོད་བྱེད་པ་གཉིས་ཡོད། དེ་ཡང་ལྷ་ཕབ་དགོས་པའི་རྒྱུ་མཚན་ནི་འཇིག་རྟེན་གྱི་བླང་དོར་ལ་རྨོངས་ཏེ་མིས་ཤན་འབྱེད་དཀའ་བ་དང༌། ལྐོག་ཏུ་གྱུར་པའི་དོན་དག་གལ་ཆེན་གང་ཞིག་མིས་དབྱེ་བ་མི་ཆོད་པའི་སྐབས་སུ་ད་གཟོད་ལྷ་མི་རུ་ཕབ་སྟེ་ལེགས་ཉེས་བླང་དོར་གསལ་པོར་འབྱེད་དུ་འཇུག  འདི་ལ་མཚོན་ཚུལ་མང་པོ་ཞིག་ཡོད་ན་ཡང༌། བོད་དུ་སྤྲུལ་སྐུའི་ལམ་ལུགས་དར་བ་ནས་སྤྲུལ་སྐུ་འཁྲུལ་མེད་ཡོང་ཆེད་གནས་ཆུང་ཕབ་ནས་དག་ཐེར་མཛད་པའི་ལོ་རྒྱུས་མང་པོ་དེས་ཀྱང་མཚོན་ཐུབ། སྤྱིར་ལྷ་གསོལ་ཀླུ་བརྔན་གྱི་ཆོ་ག་ནི་གདོད་མའི་དུས་ཀྱི་ཆོས་ལུགས་ཤིག་གི་རྒྱུན་བཟུང་བ་ཡིན་ཤས་ཆེ་ཡང༌། སློབ་དཔོན་གྱིས་བསམ་ཡས་བཞེངས་གྲུབ་བྱུང་བའི་གྲུབ་སྟོན་དུ་ལྷ་འཆམ་ཟེར་བའི་བསྟན་སྲུང་ལ་མཆོད་པའི་གར་གྱི་རྣམ་པ་ཞིག་གསར་དུ་བཏོད་པ་ནས་ལྷ་རྩེད་དང༌། ཀླུ་རོལ་ལ་སོགས་པའི་གར་དང་འབྲེལ་བའི་ལྷ་ཀླུར་མཆོད་སྲོལ་ཐུན་མོང་མ་ཡིན་པ་ཞིག་དར།  བསྟན་སྲུང་ནི་གཙོ་བོ་བསྟན་དགྲ་ལ་དམིགས་པས་ལྷ་རྩེད་དམ་ཀླུ་རོལ་ཞེས་པའི་གར་འདི་ལས་དམག་རྩལ་གྱི་ནང་དོན་མང་པོ་འདུས་པ་དང༌། ཡང་ཐོན་སྐྱེད་ངལ་རྩོལ་དང་བསྟུན་ནས་སོན་འདེབས་ཞིང་རྨོ་དང༌། གཡུལ་རྡུང་འབྲས་བསྡུ། ཕྱུགས་ཀྱི་འཕེལ་ཁ་དར་བའི་རྟེན་འབྲེལ་དུ་གླང་མོ་ཆེ་དང༌། རིགས་རྒྱུད་འཕེལ་བའི་རྟེན་འབྲེལ་དུ་ཨ་མ་ཀླུ་མོ་སོགས་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་འབྲེལ་ཏེ་བྱུང་བ་ཡིན་ནོ། །གཞན་མཚོན་རྒྱག་པའི་ལྷ་རྩེད་ཀྱང་ཡོད། དེ་ནི་མཚོན་སྒོ་ཕྱེས་པའི་ལྷ་བ་རབ་ཅིག་ཡིན་ན་མ་གཏོགས་ལྷ་བ་རང་ག་བས་ནུས་པ་མིན། ལྷ་བ་ལྷར་བབས་རྗེས་གྲི་དང་མདུང་སོགས་གསུས་པར་བསྣུན་ཏེ་ནག་པོའི་བསྟན་སྲུང་ལ་དམར་མཆོད་བྱེད་པ་སོགས་གསོལ་མཆོད་ཀྱི་ཆོ་ག་ཤིན་ཏུ་མང་པོ་ཞིག་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།