logo

ས་སྐྱ་བ།

རྩོམ་པ་པོ།:ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ ཡོང་ཁུངས།:ཐུའུ་བཀྭན་གྲུབ་མཐའ། དུས་ཚོད།:2009-12-15 ཀློག་གྲངས།:

ས་སྐྱ་བ་ཞེས་ཡོངས་སུ་གྲགས་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་ནས་བྱུང་བ་ཡིན་ལ། དེ་ཡང་འཁོན་གྱི་གདུང་བརྒྱུད་ནི་འོད་གསལ་ལྷ་ལས་ཆད་པ་སྟེ། སྤྱི་རིང༌། གཡུ་རིང༌། གཡུ་སེ་སྟེ། གནམ་ལྷ་མཆེད་གསུམ་དང༌།དེ་ནས་གཡའ་སྤངས་སྐྱེས་ཀྱི་བར་ལ་གནམ་ལྷའི་བརྒྱུད་པར་གྲགས། གཡའ་སྤངས་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ་ནས་ཆུང་མ་གཡའ་འབྲུག་སི་ལེ་མ་ཁབ་ཏུ་བཞེས་པ་ལས་སྲས་ཤིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་འཁོན་རིགས་ཞེས་གྲགས་ཤིང༌། འཁོན་དཔལ་པོ་ཆེའི་བར་དུ་གདུང་ལྷ་རིགས་ངང་ཚུལ་བཟང་ཞིང་མཐུ་ཆེན་པ་བསོད་ནམས་ཀྱི་དཔལ་དང་ལྡན་པ་ཕལ་བ་ལས་ཁྱད་པར་དུ་འཕགས་པ་འབའ་ཞིག་བྱོན། དཔལ་པོ་ཆེའི་སྲས་འཁོན་ཀླུའི་དབང་པོ་སྲུང་བ་མཁན་ཆེན་ཞི་བ་འཚོས་སད་མི་མི་བདུན་རབ་ཏུ་བྱུང་བའི་ནང་ནས་ཤེས་རབ་ཆེ་ཤོས་དེ་ཡིན་ཅིང༌། སློབ་དཔོན་པདྨ་བསྟེན་ནས་གདམས་པ་ཉན། དེ་ནས་བཟུང་སྟེ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་བར་དུ་གདུང་རྒྱུད་རྣམས་གསང་སྔགས་རྙིང་མ་ཉམས་མེད་བྱེད་པ་འབའ་ཞིག་བྱུང་།། དེ་ནས་འཁོན་དཀོན་མཆོག་རྒྱལ་པོ་བྱ་བ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པ་ཞིག་གིས། ཁྲོམ་དཀྱིལ་དུ་སྔགས་པ་མང་པོས་དབང་མོ་ཉེར་བརྒྱད་ཀྱི་འབག་གྱོན་ནས་འཆམ་བྱེད་པ་མཐོང་ནས་བླ་མ་གཅེན་ལ་ཞུས་པས། གཅེན་གྱི་ཞལ་ནས། ད་ནི་གསང་སྔགས་འཆོལ་བ་ཞེས་པའི་ཚད་ལྡན་མི་འོང༌། རང་རེ་ལ་ཡོད་པ་རྣམས་གཏེར་དུ་སྦེད། ད་ནི་ན་རྒས་ཁྱོད་གཞོན་པས་མུ་གུ་ལུང་ན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་བྱ་བ་ཤིན་ཏུ་མཁས་པ་ཞིག་ཡོད་འདུག་པས། དེར་སོང་ལ་གསང་སྔགས་གསར་འགྱུར་སློབས་ཤིག་གསུངས། རྙིང་མའི་ལྷ་རྟེན། དཔེ་ཆ། དམ་རྫས་ཐམས་ཅད་མཆོད་རྟེན་ཆེན་པོ་གསུམ་བཞེངས་དེར་བཅུག་པས། ཆོས་སྐྱོང་གི་འཁུ་ལྡོག་དང་ཆོ་འཕྲུལ་བྱུང་བས། རྡོ་རྗེ་ཕུར་བའི་ཆོས་སྐོར། དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་གཏོར་ཆོག་སོགས་ཉུང་ཤས་ཤིག་བཏོན་ནས་གཅུང་ལ་གནང༌། དེ་ནས་འཁོན་དཀོན་མཆོག་རྒྱལ་པོ་འབྲོག་མིའི་དྲུང་དུ་བྱོན། གསང་སྔགས་ཕྱི་འགྱུར་རྣམས་ལ་སྦྱངས། གཞན་ཡང་འགོས་ཁུག་པ་ལྷས་བཙས། ཁ་ཆེའི་པཎྜི་ཏ་ཧང་ངུ་དཀར་པོ། རྨ་ལོ་ཙཱ་བ་རིན་ཆེན་མཆོག   འཛིམ་པ་ལོ་ཙཱ་བ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། དཔོན་པོ་རི་ས་དཔྱད་ལེགས་པར་གཟིགས་ནས། ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ་པས་དེ་ཕྱིན་ཆད་ནས་ས་སྐྱ་བ་ཞེས་གྲགས་སོ།།

 


འབྲེལ་ཡོད་འོས་སྦྱོར།