logo

དགེ་ལུགས་པ།

རྩོམ་པ་པོ།:ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-12-08 ཀློག་གྲངས།:

   དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་སྟེ། རྗེ་རིན་པོ་ཆེས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐར་ཚེའི་སྨད་དུ་དེར་སྟན་ཆགས་པར་བཞུགས་པ་ལ་བརྟེན་ནས། རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང༌། དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་བ་མ་བདེ་བས། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ནོ། །

   རྗེའི་རིང་ལུགས་ལ་དགའ་ལྡན་ལུགས་ཞེས་པའི་མཚན་བྱུང་བའམ་བཀའ་གདམས་གླེགག་བམ་ལས་ལུང་བསྟན་པ་ཡིན་ཏེ། ཕ་ཆོས་ཀྱི་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་ལས། ཐ་མར་བསྟན་པའི་མེ་རོ་དག། གྲགས་པའི་མཚན་གྱིས་གསོ་བར་བྱེད། ། དུ་མའི་ཕན་བདེ་སྒྲུབ་པར་བྱེད། ། དེ་ཡང་གནས་མཆོག་དམ་པ་ཡིན། ། ཞེས་པའི་ཚིག་རྐང་གཉིས་པས་རྗེའི་མཚན་ཟུར་དང༌། གནས་མཆོག་དམ་པ་ནི་དགའ་ལྡན་པ་ཞེས་གནས་མིང་གིས་ཆོས་ལུགས་ལ་ཁྱབ་པར་བསྟན་ནོ། ། ཞེས་རང་རེའི་དམ་པ་འགའ་ཞིག་གསུང་ངོ༌། ། འགའ་ཞིག་གིས། རྗེ་རིན་པོ་ཆེས་གྲུབ་མཐའ་སྒེར་དུ་བཟུང་བས་སྒེར་ལུགས་པར་འབོད་པ་ཕྱིས་སུ་སྒྲ་ཉམས་ནས་དགེ་ལུགས་པར་གྲགས་ཟེར་བ་ནི་འདོད་རྒྱལ་སྨྲས་པར་ཟད་དོ། །


འབྲེལ་ཡོད་འོས་སྦྱོར།