བཀའ་བརྒྱུད་པ།
བཀའ་བརྒྱུད་པ་ནི་བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་ལྔའི་ནང་གསེས་ཤིག་ཡིན་ཅིང་། གྲུབ་ཆན་ཏེ་ལོ་པ་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས་བཀའ་བརྒྱུད་པ་ཞེས་གྲགས་པ་ཡིན། དེ་ཡང་གྲུབ་ཆེན་ཏེ་ལོ་པ་བཀའ་བབས་བཞིའི་གདམས་པ་ཡོད་པ་སྟེ། བཀའ་བབས་དང་པོ་ནི། རྒྱལ་བ་རྡོ་རྗེ་འཆང་ནས། རྒྱལ་པོ་ཨིནྡྲ་བོ་དྷི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ས་བདག་བྷི་སུ་ཀལྤ། གྲུབ་ཆེན་ས་ར་ཧ། མགོན་པོ་ཀླུ་སྒྲུབ། གྲུབ་ཆེན་ཏེ་ལོ་པ་སྟེ། གསང་བ་འདུས་པ་དང་། རྡོ་རྗེ་གདན་བཞི། ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་དང་འཕོ་བའི་བཀའ་བབས་ཡིན། བཀའ་བབས་གཉིས་པ་ནི། རྒྱལ་བ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཀུ་ཀུ་རི་པ། གྲུབ་ཆེན་ཙརྱ་པ། ཏེ་ལོ་པ་སྟེ་སྒྱུ་མ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས་ཡིན། བཀའ་བབས་གསུམ་པ་ནི། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཊོམ་བྷི་ཧེ་རུ་ཀ བི་ན་བཛྲ། ལ་ཝ་པ། ཏེ་ལོ་པ་སྟེ། འཁོར་ལོ་བདེ་མཆོག་སོགས་མ་བརྒྱུད་མཐའ་དག་དང་། བཀའ་བབས་བཞི་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ། ཞིང་པ་པདྨ་བཛྲ། ཌཱ་ཀི་མ་སྐལ་བ་བཟང་མོ། ཏེ་ལོ་པ་སྟེ། དགྱེས་པ་རྡོ་རྗེ་དང་། ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བཀའ་བབས་ཡིན། གོང་གསལ་བཀའ་བབས་བཞིའི་གདམས་པ་ཆ་ཚང་བ་ལྷོ་བྲག་མར་པ་ལོ་ཙཱ་ལ་བརྒྱུད་པ་སྟེ། མར་པས་པཎ་ཆེན་ནཱ་རོ་པ་དང་། མངའ་བདག་མེ་ཏྲི་པ། དཔལ་ཞི་བ་བཟང་པོ། གྲུབ་ཆེན་ཡེ་ཤེས་སྙིང་པོ་བཅས་བླ་མའི་གཙོ་བོ་བཞི་དང་། གཞན་ཡང་པཎྜི་ཏ་དང་། གྲུབ་ཐོབ་མཁའ་འགྲོ་མ་སོགས་བླ་མ་བརྒྱ་དང་བདུན་ཅུ་ལྷག་ཙམ་བསྟེན་ནས་གསན། དེ་ནས་བོད་ཕེབས་རྗེས་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ལས། མན་ངག་དང་། བཤད་རྒྱུད་འཛིན་པའི་སློབ་མ་ཀ་ཆེན་བཞི་སྟེ། མི་ལ་རས་པ། མེས་སྟོན་ཚོན་པོ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ་བཅས་བྱུང་ཞིང་། རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་བུ་གཉིས་འདྲེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་འཕེལ་རྒྱས་བྱུང་བར་བརྟེན། བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་བཅས་རིམ་བཞིན་བྱུང་བ་ཡིན།
བཀའ་བརྒྱུད་པ་ལ་གཉིས་དེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད།
༡ཤངས་པ་བཀའ་བརྒྱུད།
ཤངས་པ་བརྒྱུད་ནི་མཁས་གྲུབ་ཁྱུང་པོ་ནས་བརྒྱུད་དེ་བྱུང་བའི་བཀའ་བརྒྱུད་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། སྲོལ་གཏོད་མཁན་ཁྱུང་པོ་རྣལ་འབྱོར་པ་རྒྱ་གར་བདང་བལ་ཡུལ་དུ་སྔ་ཕྱི་ཐེངས་གསུམ་བྱོན་ཏེ་སློབ་དཔོན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་ལ་སྦྱངས། བོད་དུ་ཕྱིར་ཕེབས་རྗེས་དབུས་ཀྱི་འཕན་ཡུལ་དང་། གཙང་གི་ཤངས་ཁུལ་དུ་དགོན་པ་མང་པོ་བཏབ་ནས་ལོ་སུམ་ཅི་ལྷག་ཙམ་རིང་དམ་ཆོས་སྤེལ་བས་ཤངས་པ་བཀའ་བརྒྱུད་ཅེས་པ་དེ་ནས་བྱུང་། དགུང་གྲངས་བརྒྱ་དང་ལྔ་བཅུ་སྐོར་འཚོ་ཞིང་བཞུགས་པར་གྲགས།
༢ དྭགས་པོ་བཀའ་བརྒྱུད།
དྭགས་པོ་བཀའ་བརྒྱུད་ནི་རྗེ་བཙུན་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བརྒྱུད་པའི་ཆོས་བརྒྱུད་ཀྱི་མིང་ཡིན། བོད་ཀྱི་རབ་བྱུང་གཉིས་པའི་ལྕགས་གླང༡༡༢༡ལོར་དྭགས་པོ་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་གནང་ཞིང་། དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་ཟེར། དེ་ཡང་ནང་གསེས་བཀའ་བརྒྱུད་ཆེ་བཞི་ནི། ཀརྨ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། ཕག་གྲུབ་བཀའ་བརྒྱུད་བཅས་སོ།
༢ཚལ་པ་བཀའ་བརྒྱུད།
ཚལ་པ་བཀའ་བརྒྱུད་ནི། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དྭགས་པོ་ལྷ་རྗེའི་ཡང་སློབ་བླ་མ་ཞང་ངམ་གཡུ་བྲག་པ་བརྩོན་འགྲུས་གྲགས་པ་ལས་བརྒྱུད་པའི་བཀའ་བརྒྱུད་པའི་གྲུབ་མཐའི་ནང་གསེས་ཤིག་ཡིན།
༣འབའ་རོམ་བཀའ་བརྒྱུད།
འབའ་རོམ་བཀའ་བརྒྱུད་ནི། བརྟུལ་ཞུགས་སྤྱོད་པ་ནག་པོ་བའི་སྐྱེ་བར་གྲགས་པ་འབའ་རོམ་པ་དར་མ་དབང་ཕྱུག་ལས་བརྒྱུད་པ་སྟེ། འདི་ཉིད་འཕན་ཡུལ་དུ་འཁྲུངས། ཆུང་ངུའི་དུས་སྔགས་ཆུང་གཞོན་པ་ཞིག་རྩར་བྱུང་ནས་སྒམ་པོའི་བསྔགས་པ་མང་བརྗོད་ཅིང་དེའི་དྲུང་དུ་ཕྱིན་པ་འཐད་ཟེར་བས་ཁོ་དང་འགྲོགས་ནས་སྒམ་པོར་སླེབས་པ་ན་སྔགས་ཆུང་གར་སོང་ཆ་མེད་གྱུར་པས། དེ་སྒམ་པོའི་སྤྲུལ་པར་ཤེས། དེ་ནས་སྒམ་པོ་བས་རྗེས་སུ་བཟུང་ཞིང་ཁྲིད་གནང་བ་བསྐྱངས་པས་རྟོགས་པ་མཆོག་ཏུ་གྱུར། བྱང་འབའ་རོམ་གྱི་དགོན་པ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་བསྲེ་འཕོ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་མཚན་གསོལ་བས་སློབ་མ་མང་དུ་འདུས་པ་ལ་ཁྲིད་བཏབ། སྲས་ཀྱི་ཐུ་བོ་ནི་ཏི་ཤྲཱི་རས་པ་ཡིན་ཅིང་། གདན་ས་ནི་ཁོང་གི་གདུང་བརྒྱུད་རིམ་པས་བཟུང་། སློབ་བརྒྱུད་ཧ་ཅང་དར་རྒྱས་ཆེ་བ་མ་བྱུང་བ་འདྲ་ཞིང་། ད་ལྟ་ནི་ཇི་འདྲ་ཡོད་ཆ་མ་འཚལ་ལོ། །
༤ཕག་གྲུབ་བཀའ་བརྒྱུད།
ཕག་གྲུབ་བཀའ་བརྒྱུད་ནི་དྭགས་པོ་ལྷ་རྗེའི་སློབ་མ་ཕག་གྲུ་རྡོ་རྗེ་རྒྱལ་པོ་དགུང་ལོ་ཞེ་དགུ་པ་རབ་བྱུང་གསུམ་པའི་ས་སྟག༡༡༥༨ལོར་ཕག་གྲུའི་དགོན་པ་བཏབ་སྟེ་དེར་དར་བའི་ཆོས་ལུགས་ལ་ཟེར།