༄༅ །། གཏོར་མའི་ཕན་ཡོན།
འཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་ཚང་བའི་ཁ་སྐོང་བར་འགྱུར་བ་ནི། གཏོར་མ་འཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། སློབ་དཔོན་པདྨས། གཏོར་མ་ལས་རྣམས་ཀུན་གྱི་མཆོད། ལས་རྣམས་ཀྱི་སྔོན་དུ་འགྲོ། ཞེས་གསུང་པ་སྟར། ནད་གདོན་ཞི་བ། ཚེ་དང་ལོངས་སྤྱོད་རྒྱས་པ་དང་། མི་མཐུན་ཕྱོགས་ལས་གྲོལ་ཞིང་དབང་དུ་བསྡུ་བ་དང་། དགྲ་བགེགས་སྒྲོལ་བ་ལ་སོགས་པ་ལ་གཏོར་མ་དགོས་པའི་ཕྱིར། གཉིས་པ་འཕྲིན་ལས་མ་ཚང་བའི་ཁ་སྐོར་དུ་འགྱུར་ཏེ། བསྐང་གསོ་ཐམས་ཅད་གཏོར་མ་ལ་བརྟེན་དགོས་པའི་ཕྱིར། གསུམ་པ་ཚེ་བསྲིང་ཞིང་བར་ཆད་སེལ་བ་ནི། གཏོར་མས་ཚེ་བསྲིང་བར་འགྱུར་ཏེ། གཟུངས་འདི་དང་པོ་གཅུང་དགའ་བོའི་འཆི་བ་བླུ་ཞིང་ཚེ་བསྲིང་བའི་དོན་དུ་གསུང་པའི་ཕྱིར་དང་། 《དགྱེས་རྡོར་》ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། རྡོ་རྗེ་འཛིན་པས་གཏོར་མ་གཏང་། །ཞེས་གསུང་སོ། གཞན་ཡང་རྣལ་འབྱོར་ཀུན་ལྡན་རི་བ་ཞིག་གིས་གཏོར་མ་གཏོང་བའི་དུས་སུ། མི་མ་ཡིན་ཕྲ་མོ་མང་པོ་གླུ་གར་བྱེད་ཅིང་རྩེད་མོ་བྱེད་ཀྱིན་ཡོད་པ་ལས་ཕྱིས་དེ་རྣམས་ངུ་བ་ལ། ཁྱེད་ཅག་ཅི་ལ་ངུ་བྱས་པས། ཁྱེད་ད་ཞག་བདུན་པས་འཆི་བ་འདུག་པས། ངེད་རྣམས་ལ་གཏོར་མ་སྟེར་མཁན་མི་ཡོང་བ་འདུག་པས་ངུ་བ་ཡིན་ཟེར་སྐད། དེ་ལ་ཐབས་མེད་དམ་བྱས་པས་ཁོང་རྣམས་ན་རེ། ཐབས་ཡོད། བདོག་པ་ཐམས་ཅད་ཐོངས་ཤིག །ངེས་རྣམས་ཀྱིས་རྒྱ་མཚོའི་འགྲམ་ན་སྨན་ཆེན་པོ་ཞེས་བྱ་བའི་དངུལ་ཆུ་ཡོད་པ་བླངས་ནས་བྱིན་གྱིས། དེའི་བཅུད་ལེན་གྱིས་ཤིག་དང་ཚེ་འཕེལ་བར་འགྱུར་ཞེས་ཟེར་བས། རྣལ་འབྱོར་བས་རྫས་ཀྱི་དངོས་པོ་ཡོད་ཚད་བཏང་ནས་གཏོར་མ་བཏང་བས་ཚེ་འཕེལ་ནས་ལོ་བརྒྱ་ཐུབ་བོ། ཞེས་གསུངས་ས། ལྕེ་སྒོམ་གྱི་ཞལ་ནས། ལོ་བརྒྱད་ཅུ་གྱ་གྲངས་ཐུབ་པའང་གཏོར་མའི་བྱིན་རླབས་ཡིན་གསུངས། གཏོར་མ་ལ་བརྩོན་པའི་དགེ་བཤེས་སྐུ་ཚེ་ཐུང་བ་ཉུང་བ་ཡིན་གསུངས་པས་ཚེ་སྒྲུབ་ཀྱི་མཆོག་ཀྱང་གཏོར་མ་ཉིད་ཡིན་ནོ། བཞི་གཏོར་པ་གཏོར་མས་བར་ཆད་སེལ་ཚུལ་ནི། གཏོར་མས་བདུད་བཞིའི་བར་ཆད་སེལ་ཏེ། གཏོང་བའི་དུས་སུ་སེམས་བསྐྱེད་ལ་སོགས་བསམ་པ་བཟང་པོས་ཉོན་མོངས་བའི་བདུད་བཅོམ། ན་ཚ་དང་བར་ཆད་སེལ་ནུས་པས་ཕུང་པོའི་བདུད་བཅོམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་སེལ་ནུས་པས་ལྷའི་བུའི་བདུད་བཅོམ། ཚེ་སྲོག་སྤེལ་ནུས་པས་འཆི་བདག་གི་བདུད་བཅོམ་ནུས་པའི་ཕྱིར། གཏོར་མས་ནད་སེལ་བའི་རྒྱུ་མཚན་ནི། དེ་བདུད་རྩིར་བྱིན་གྱིས་བརླབས་པས་དེ་ནད་ཀྱི་གཉེན་པོར་འགྱུར་བ་དང་། བཀྲེས་སྐོམ་གྱི་ནད་སེལ་བས་ལུས་དར་ཞིང་ནད་ཉུང་བ་དང་། ནད་ཕལ་ཆེར་གདོན་གྱིས་བསྐྱེད་པས་གདོན་གཏོར་མས་ཚིམས་པ་དང་། ནད་བསོད་ནམས་མ་ཡིན་པ་ལས་འབྱུང་བས་ལས་ངན་བྱང་ནས་ནད་སེལ་ཞེས་གསུངས་སོ། །གཞན་ལ་ཡང་སྟོད་དུ་སྟོན་མོ་ཞིག་གི་ཚེ་མི་ཞིག་རྟས་བསྐྱུར་བྱུང་ནས་ཤི་བ་ལ། བླ་མ་སྐྱ་བའི་ཞལ་ནས། དེ་ད་ནངས་གཏོར་མ་མཐེབ་ཀྱུ་ཞིག་བཏང་ན་དེ་ལ་མི་ཐུག་པ་ལ་ཞེས་གསུང་སྐད། གཏོར་མ་མཐེབ་ཀྱུ་རེས་ཉིན་རེའི་བར་ཆད་བཟློག་གསུངས། རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེ་ཡི་བར་ཆད་སུ་ཡིས་སེལ། །ཞེས་གསུངས། དེས་ན་བར་ཆད་སེལ་བའི་མཆོག་ཀྱང་གཏོར་མ་ཡིན་ནོ། ལྔ་པ་གཏོར་མས་མདངས་དང་ལྡན་པར་འགྱུར་ཚུལ་ནི། ཡི་དྭགས་སོགས་མདངས་ཉམས་པ་ལ་གཏོར་མ་སྦྱིན་པས་མདངས་ཆེ་བར་བྱེད་པ་དང་། ལྷན་ཅིག་སྐྱེས་པའི་ལྷ་སོགས་གཏོར་མས་མཉེས་པར་བྱས་པས། ལུས་ལ་མདངས་ཉེ་བར་བསྒྲུབ་བོ། །དྲུག་པ་དེས་ལོངས་སྤྱོད་འཕེལ་པ་ནི། དེས་ལོངས་སྤྱོད་འཕེལ་བར་འགྱུར་ཏེ། ལྕེ་སྒོམ་གྱི་ཞལ་ནས། ཞིང་གི་སོ་ནམ་བྱེད་ལས་གཏོར་བ་ཁེ་ཆེ་གསུངས་པ་དང་། ཆོས་པ་ལྟོ་གོས་ཀྱིས་ཕོངས་པ་གཟིགས་ཙ་ན། གཏོར་མ་མ་ཐོངས་པས་ལན་པ་ཡིན་གསུངས་སྐད། གཞན་ཡང་གཏོར་མ་འབུམ་ཚོ་གསུམ་ཐོངས་ན་ལོངས་སྤྱོད་ཟད་མི་ཤེས་པ་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ལྟ་བུ་དང་། ལྷ་ཚངས་པ་ལ་སོགས་པའི་ལོངས་སྤྱོད་དང་ལྡན་བར་འགྱུར་རོ་ཞེས་གསུངས། དེས་ན་ནོར་སྒྲུབ་ཀྱི་མཆོག་ཀྱང་འདི་ཡིན་ནོ། བདུན་པ་གཟི་བརྗིད་ཆེ་བ་ནི། གཏོར་མས་གཟི་བརྗིད་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཆོས་སྐྱོང་དང་མི་མ་ཡིན་གཟི་བརྗིད་ཆེན་བརྗིད་ཆེ་བ་ནི། གཏོར་མས་གཟི་བརྗིད་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཆོས་ཀྱི་སྐྱོང་དང་མི་མ་ཡིན་གཟི་བརྗིད་ཆེན་པོ་རྣམས་གཏོར་མས་དབང་དུ་བསྡུས་ནས། དེ་དག་གིས་རྣལ་འབྱོར་པའི་ལུས་ལ་གཟི་བརྗིད་ཉེ་བར་བསྒྲུབ་པས་སོ། །བརྒྱད་པ་མཐུན་སྟོབས་ཆེ་བ་ནི། དེས་མཐུ་སྟོབས་ཆེན་པོ་དང་ལྡན་པར་འགྱུར་ཏེ། གཏོར་མ་ཆོས་སྐྱོང་མཉེས་པའི་མཆོག་ཡིན་པ་དང་། མི་མ་ཡིན་རྣམས་ཉེ་བར་འགྲུབ་པས་ལས་གང་བཅོལ་ཉན་པས་སོ། དགུ་པ་མི་མ་ཡིན་དབང་དུ་འདུ་བ་ནི། དེས་དེ་དབང་དུ་འདུ་སྟེ། གཏོར་མས་དཔག་ཚད་བཅུ་གཉིས་ཚུན་ཆད་ཀྱི་མི