logo

༄༅། །བླ་མ་བསྟེན་ཚུལ་གཞན་ལས་ལྷག་པའི་བླ་མ། 

རྩོམ་པ་པོ།:ཤེས་རབ་བསྟན་དར།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-10 ཀློག་གྲངས།:
སྔོན་ཆད་རང་རེའི་བོད་ཀྱིས་བླ་མ་བསྟེན་ཚུལ་ལེགས་མིན་ནི་ཆོས་པ་ཚད་ལྡན་ཡིན་མིན་གྱི་ཚད་གཞིར་འཛིན་ཞིང་བླ་མ་ལ་དམ་ཚིག་གི་སེལ་ཤོར་བའི་མིའི་གྲིབ་མ་ལུས་ལ་ཕོག་ནའང་རང་གི་ལེགས་ཚོགས་ཀྱི་སྒོ་འགོག་སྙམ་གྱིན་ཡོད། 
ད་ལྟ་བླ་མ་གླ་བ་རུ་བསམ་ཞིང་གདམས་ངག་གླ་རྩིར་བསམ་པའི་སྐབས་འདིར་ངའི་སེམས་སུ་བླ་མ་བསྟེན་ཚུལ་ལེགས་པའི་མི་དག་ནི་ཇི་ལྟར་རླབས་ཆེན་ཞིག་རེད་ཨང་སྙམ་བྱུང་། 
ངོ་མ་བཤད་ན། རང་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་བློ་མིག་གནང་བའི་འཇིག་རྟེན་གྱི་ཆེས་དྲིན་ཆེན་དེ་བླ་མ་ཡིན་ལ། ཆོས་དང་འཇིག་རྟེན་གཉིས་ཀྱི་ལེགས་ཚོགས་འགྲུབ་བྱེད་ཀྱི་ནོར་བུ་ཆེན་པོ་དེ་བླ་མ་བསྟེན་ཚུལ་ཡིན། 
བླ་མ་རིན་པོ་ཆེས། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བཟུང་བའི་སྒོ་ནས་ཉམས་ལེན་བྱ་དགོས། མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་འཇུག་བར་གྱི་ལམ་གྱི་རིམ་པ་དེ་དག་བླ་མའི་རྣལ་འབྱོར་གཅིག་བུ་ལ་བརྟེན་ནས་རྒྱུད་ལ་སྐྱེ་རྒྱུ་རེད་གསུངས། 
ཉེ་བའི་ཆར། བླ་མ་ཞིག་གིས། ངའི་བྱ་བ་གང་བསྒྲུབས་ནའང་འགྲུབ་ངེས་ཡིན། དེ་ནི་ངའི་བླ་མ་བསྟེན་ཚུལ་ལེགས་པའི་རྐྱེན་གྱིས་ཡིན་གསུངས། ཁོང་ནི་ངས་ཆུང་དུས་བསྟེན་པའི་བླ་མ་ཞིག་ཡིན་ཏེ་ཁོང་གིས། ཁྱེད་རྣམ་པའི་དད་པས་ལོངས་ན་བར་དོའི་སྐབས་སུ་ང་ཁྱོད་ཚོ་བསུ་བར་ཡོང་བའི་སྤོབས་པ་ཡོད་གསུངས། 
རྗེས་སུ་ངས་གསལ་བོར་ཤེས་སོང་། ཁོང་ནི་བླ་མ་བསྟེན་ཚུལ་གཞན་ལས་ལྷག་པའི་བླ་མ་ཆེན་པོ་ཞིག་རེད། 
ཁོང་གི་བླ་མ་བསྟེན་ཚུལ་ནི་སྐྱེས་བུ་དམ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ། རྒྱུན་དུ་བླ་མ་བསྟེན་ཞིང་། བླ་མ་བཀུར། བླ་མའི་གསུང་བརྩི། བླ་མའི་ཆོས་ཉན། བླ་མ་བསྒོམས་པས་རྟོགས་པ་ཁྱད་པར་བ་ཞིག་ཐུགས་ལ་འཁྲུངས། 
སྔོན་ཆད་སྐྱེས་བུ་དམ་པའི་ཁྲོད་དུ་ཡི་དམ་ལ་བླ་མའི་སྣང་བ་དང་འབྲལ་མ་མྱོང་བའི་སྐྱེས་བུ་མང་བོ་བྱུང་མྱོང་ཞིང་། ཁོང་ཡང་ནམ་ཡང་བླ་མ་སྒོམ་པའི་སྐྱེས་བུ་ཞིག་ཡིན། 
ཁོང་རྒྱ་ནག་གི་སྨན་ཁང་དུ་བཞུགས་ནས་བརྟག་དཔྱད་བྱེད་དུས་སྨན་པ་ཚོ་ཧ་ལས་ཏེ། ཁྱེད་ཀྱི་སྙིང་གྱེན་དུ་ཕྱོགས་འདུག་པས་སྙིང་བརྗེ་དགོས་ཞེས་བཤད། ཁོང་བཞད་མོ་ཞིག་གནང་སྟེ། སྐྱོན་མེད། ངའི་སྙིང་བརྗེ་མི་དགོས་གསུངས། 
རྒྱའི་སྨན་པ་དག་གི་སྐད་ཆ་དེ་ཐོས་པས་སློབ་མ་རྣམས་དངངས་ཤིང་འཚབ་པ་ལ། ཁོང་གིས། དེ་ནི་སྙིང་པད་མ་འདབ་བརྒྱད་ཀྱི་སྟེང་དུ་རྒྱུན་དུ་བླ་མ་བསྒོམས་པས་སྙིང་གྱེན་དུ་ལངས་པ་ཡིན། དེ་སྐྱོན་ཡོད་པ་ཞིག་མིན་གསུངས། 
ངས་བླ་མ་སྒོམ་དུས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རང་གི་རྩ་བའི་བླ་མར་མོས་ཏེ་གསོལ་འདེབས་བྱས་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་ལྟར། ལྷག་ལྷ་ངོ་བོར་དབྱེར་མེད་དུ་སྒོམ་ན་ཤིན་ཏུ་བདེ་གསུངས། 
ཁོང་གིས་སྐུ་ཚེ་གང་བོར་དགེ་བའི་བཤེས་གཉེན་དགུ་ཙམ་བླ་མར་བསྟེན་མྱོང་ཞིང་། ལྷག་པར་དགུང་ལོ་བདུན་ནས་དགེ་བའི་བཤེས་གཉེན་དམུ་དགེ་ཐུབ་བསྟན་ཚང་ཡོངས་འཛིན་དུ་བསྟེན་པ་ནས་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན། 
ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་ཆེན་པོ་ཞིག་གི་སྤྲུལ་སྐུ་ཡིན། ཆུང་དུས་ནས་རང་གི་ཡོངས་འཛིན་སངས་རྒྱས་དང་གཉིས་སུ་མེད་པར་བཟུང་། བླ་བྲང་བཀྲ་ཤིས་འཁྱིལ་ནས་སྤྲུལ་སྐུ་དག་གིས་རང་མགོ་ཐོན་དུས་ཡོངས་འཛིན་དག་ཕྱིར་རང་གི་ཤག་ཏུ་ཕེབས་འགྲོ། 
རྗེས་སུ་ཁོང་གི་ཡོངས་འཛིན་ཕྱིར་རང་གི་གྲྭ་ཤག་ཏུ་ཕེབས་རྩིས་གནང་དུས། ཁོང་གིས་ཡོངས་འཛིན་གང་དུ་བཞུགས་ན་བདག་ཀྱང་དེར་བཞུགས་དགོས་ཞེས་ཨུ་ཚུགས་བྱས་ཏེ། ཁོང་ཡོངས་འཛིན་སྐུ་འདའ་རག་བར་དུ་འབྲལ་མེད་དུ་ལྷན་དུ་བཞུགས། 
རྗེས་སུ་དུས་ཀྱི་འགྱུར་བ་ཆེན་པོ་བྱུང་སྟེ། ཁོང་ལ་ཉེས་མིང་བཀལ་ནས་དབང་མེད་དུ་བཙོན་དུ་ཕེབས་དགོས་བྱུང་། བཙོན་ཁང་དུ་གྲོགས་ཤིག་མེད་ལ་ངོ་ཤེས་ཤིག་ཀྱང་མེད། ཐ་ན་རང་གི་མིང་གི་ཚབ་ཏུ་ཨང་གྲངས་ཤིག་སྤྱད་དགོས་པས་བཙོན་མ"ཨང་ཉེར་བཞི་བ"ཟེར་བ་ལས་དོན་ངོ་མ་མི་སུ་ཞིག་ཡིན་པ་མི་ཤེས། 
ཁོང་གིས། ང་བཙོན་ཁང་ནང་དུ་གཅིག་པུར་སྐྱོ་དུས་དགེ་རྒན་བཀའ་དྲིན་ཅན་བསྒོམས་དུས་ཁོང་དངོས་སུ་སླེབས་ནས་གསུང་འབྱོན་པ་དང་ཁ་བརྡ་བྱས། ཚ་གདུང་ཆེ་དུས་བླ་མས་ཁྲུས་བྱེད་པར་མོས་ན་ལུས་པོ་བསིལ་ཧང་ཧང་བྱེད་གསུངས། 
དེ་ལྟར་སྐྱིད་སྡུག་གང་གི་དུས་སུའང་བླ་མ་བསྒོམས་ཤིང་། བླ་མ་དངོས་སུ་སླེབས་ནས་སྐྱོ་དུས་ཀྱི་དབུགས་དབྱུང་དང་། དགའ་དུས་སྤྲོ་སངས། རྒྱུན་དུ་དམ་པའི་ཆོས་གསུངས་པ་སོགས་ཀྱང་བྱེད། 
དེ་བས་ཁོང་གིས། སྤྲུལ་སྐུ་རྣམས་དགེ་རྒན་དང་མཉམ་དུ་བཞུགས་དགོས། དགེ་རྒན་ཞིག་ནང་ན་མེད་ན་སྤྲུལ་སྐུ་རྣམས་ཀྱིས་ཟ་སྲོལ་འཐུང་སྲོལ་ཙམ་ཡང་ཤེས་སམ། གསུངས། 
ཁོང་ནི་བླ་མ་བསྟེན་ཚུལ་གཞན་ལས་ལྷག་པ་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྤྲུལ་སྐུ་དང་དགེ་བཤེས་གཉིས་ཀ་ཡིན་པའི་གུང་ཐང་བསྟན་པའི་དབང་ཕྱུག་རེད། 
ཁོང་གིས། རང་གི་མི་ཚེའི་འདུན་མ་མཐའ་དག་བླ་མ་བསྟེན་ཚུལ་དང་འབྲེལ་བ་ཡོད་གསུངས། ད་དུང་ངས་དོན་གང་ཞིག་བསྒྲུབས་ཀྱང་འགྲུབ་ངེས་ཡིན། དེ་ནི་ངས་བླ་མ་བསྟེན་ཚུལ་ལེགས་པའི་རྐྱེན་གྱིས་ཡིན་གསུངས། 
དེ་ནི་མཉམ་མེད་པོ་ཏོ་བ་ཆེན་པོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ངའི་ལུས་སུ་ཞུགས་ནས་གྲོགས་མཛད་པ་རེད་མ་གཏོགས་ང་ལ་དེ་འདྲའི་ནུས་པ་མེད་ཅེས་གསུངས་པ་ལྟར་ཡིན་ནམ། 
རྩོམ་འདི་བཀླགས་ནས་མཚམས་འདིར་སླེབས་དུས། ང་ཚོས་རང་གིས་བླ་མ་བསྟེན་ཚུལ་ཇི་འདྲ་ཞིག་ཡིན་མིན་ལ་བསམ་པར་བྱ། 
ང་ཚོའི་འདུན་མ་མཐའ་དག་རང་གི་བླ་མ་བསྟེན་ཚུལ་དང་འབྲེལ་བ་ཡོད་དམ། 
འབྲེལ་ཡོད་འོས་སྦྱོར།