logo

༄༅།།བཀའ་བརྒྱུད་རིན་པོ་ཆེ་ནང་གསེས་ལ་ཆེ་ཆུང་གི་རྣམ་གཞག་ཇི་ལྟར་བྱུང་ཚུལ་བཤད་པ། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-09 ཀློག་གྲངས།:
དེ་ཡང་དཔལ་དྭགས་པོ་བཀའ་བརྒྱུད་ཀྱི་ནང་གསེས་ལ་དེང་སྐབས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་ཚང་མས་བརྗོད་ཅིང་སྐད་རིགས་མི་གཅིག་པ་མང་པོའི་ཡིག་ཐོག་ཏུ་ཁྱབ་པ་འདི་ཉིད་ནམ་ཞིག་ན་བྱུང་བ་ཡིན་སྙམ་ན། བཀའ་བརྒྱུད་ནང་གསེས་ཆེ་ཆུང་གི་ཐ་སྙད་ཀྱི་མཆེད་ཁུངས་ཡོངས་གྲགས་ནི་ཆོས་རྗེ་ཀར་མ་པ་དེ་བཞིན་གཤེགས་པའི་སློབ་མ་བན་སྒར་བ་འཇམ་དཔལ་བཟང་པོ་མཆོག་ཡིན། དེ་ཡང་ཁོང་གིས་མཛད་པའི་བཀའ་བརྒྱུད་གསོལ་འདེབས་རྡོ་རྗེ་འཆང་ཆུང་མར་གྲགས་པ་ལས། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་བརློབས། །ཞེས་གསུངས་པ་འདིའི་ཆེ་བཞི་ཆུང་བརྒྱད་ཅེས་པའི་ཐ་སྙད་འདི་ཉིད་ལ་ཐུག་ཡོད་དེ། བཞེད་པ་འདི་ལ་བརྟེན་ནས་ཕྱིས་ཀྱི་འགྲེལ་ཚུལ་དག་བྱུང་བ་ཡིན་ལ། རྩ་བའི་བརྗོད་བྱ་ནི་རྗེ་དུས་གསུམ་མཁྱེན་པའི་སློབ་མ་ཆེ་བཞི་ཆུང་བརྒྱད་བསྟན་ཡོད་ཀྱང་། དུས་ཕྱིས་སུ་གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་འདིའི་འགྲེལ་བ་མཁན་པོ་ཚོས་ཐ་སྙད་དེ་ཉིད་དྭགས་པོའི་བཀའ་བརྒྱུད་སྤྱི་ཁྱབ་ཏུ་འབྲེལ་སྲོལ་བྱུང་ཡོད་པ་རེད། དཔེར་ན་འཇམ་མགོན་ཀོང་སྤྲུལ་གྱིས་ཤེས་བྱ་ཀུན་ཁྱབ་མཛོད་ཀྱི་རྩ་བ་ལས། རྒྱལ་བས་ལུང་བསྟན་དགེ་སློང་འཚོ་བྱེད་སྲས། །འབའ་རོམ་ཕག་གྲུ་ཀམ་ཚང་ཚལ་པ་སྟེ། །ཆེ་བཞི་རྩ་བའི་བརྒྱུད་འཛིན་བཅས་ཏེ་ལྔ། །ཕག་གྲུའི་སློབ་མ་འབྲི་སྟག་ཁྲོ་གླིང་གཉིས། །སྨར་གཡེལ་གཡའ་ཤུག་ཟུང་བཞི་ཡ་བརྒྱད་དོ། །ཞེས་བསྟན་པ་དང་། དེའི་འགྲེལ་བ་ལས་ཀྱང་། མི་ལའི་ཐུགས་སྲས་ཉི་མ་ལྟ་བུ་་ནས་་་སློབ་མའི་གཙོ་བོ་འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད་། ཁམས་པ་དབུ་སེ་དུས་གསུམ་མཁྱེན་པ་ལས་ཀམ་ཚང་བཀའ་བརྒྱུད། དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་དེ་ཆེ་བཞིར་གྲགས་པ་དང་། སྒོམ་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན། དྭགས་པོ་འདུལ་འཛིན། ཕྱིས་མཁས་གྲུབ་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་སོགས་ཟམ་མ་ཆད་པར་བྱོན་པས་དྭགས་པོ་བཀའ་བརྒྱུད་བཅས་ཏེ་ལྔའོ། །དཔལ་ལྡན་ཕག་མོ་གྲུ་པ་ནི་སངས་རྒྱས་འཁོར་བ་འཇིག་གམ་ཤཀྱའི་རྒྱལ་པོ་རང་ཉིད་དགེ་བའི་བཤེས་གཉེན་གྱི་སྐུར་སྟོན་པ་ཡིན་པས་རྣམ་ཐར་དང་ཕྲིན་ལས་ཚད་བཟུང་མ་མཆིས་ཀྱང་། ཡོངས་གྲགས་སློབ་མ་གདུགས་ཐོགས་ལྔ་བརྒྱར་གྲགས་པའི་གཙོ་བོ་རྣམས་ལས་བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པ་རྣམས་བྱུང་སྟེ། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། གླིང་རས་པད་མ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། ཆོས་རྗེ་སྨར་པ་གྲུབ་ཐོབ་ལས་སྨར་ཚང་བཀའ་བརྒྱུད། ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད་། ཟར་བ་ཡེ་ཤེས་སེང་གེ་ལས་གཡའང་བཟང་བཀའ་བརྒྱུད་། སྙི་ཕུ་དགྱེར་སྒོམ་ཆེན་པོ་ལས་ཤུག་གསེབ་བཀའ་བརྒྱུད་དེ། ཟུང་བཞི་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་ཞིང་རེ་རེ་ལའང་ཆོས་བརྒྱུད་གདན་ས་འཕྲིན་ལས་མཐའ་ཡས་པ་འི་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ། ཞེས་སོགས་གསལ་བས་ཀྱང་ཤེས་ཐུབ་པ་དང་། ཀོང་སྤྲུལ་གྱི་སློབ་མ་ཉེ་གནས་རྒན་པོ་ཚེ་དཔལ་གྱིས་བརྩམས་པའི་རྡོ་རྗེ་འཆང་ཐུང་མའི་འགྲེལ་བར། དུས་གསུམ་གྱི་ཤེས་བྱ་མ་ལུས་པ་ཀུན་ཇི་ལྟ་ཇི་སྙེད་གཟིགས་པའི་མཁྱེན་པ་ཆགས་ཐོགས་ཀྱི་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཀརྨ་པ་ཆེན་པོ་སྟེ་ཀམ་ཚང་བཀའ་བརྒྱུད་དང་། གཞན་ཡང་ཚལ་པ་བཀའ་བརྒྱུད། འབའ་རམ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད་རྣམས་ལ་ཆེ་བཞི་དང་། ཕག་གྲུའི་སློབ་མ་འབྲི་སྟག་གཉིས། གཡམ་ཤུག་གཉིས། སྨར་གཡེལ་གཉིས། ཁྲོ་གླིང་གཉིས་རྣམས་ལ་ཆུང་བརྒྱད་དུ་གྲགས་པའི་བརྒྱུད་པ་བརྒྱུད་འཛིན་མཁའ་པའི་དབང་པོ་གྲུབ་པའི་ཁྱུ་མཆོག་རྣམས་དང་། ཁྱད་པར་འཕྲིན་ལས་ནམ་མཁའ་དང་མཉམ་པའི་འབྲི་གུང་། སྟག་ལུང་། ཚལ་པ་གསུམ་དང་། དཔལ་ལྡན་འབྲུག་པ་སོགས་ཟབ་མོ་རྡོ་རྗེ་ཐེག་པའི་རྫོགས་རིམ་མཐར་ཐུག་གི་ཉེ་ལམ་ཕྱག་རྒྱ་ཆེན་པོ་ལ་དབང་བསྒྱུར་ཞིང་མངའ་བརྙེས་པའི་མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། ཞེས་འགྲེལ་བཤད་ལོ་རྒྱུས་སྤྱིར་འཚམས་པ་ལྟ་བུ་ཞིག་གནང་ཡོད་མོད། འདི་ནི་དོན་མཐུན་གྱི་འགྲེལ་བ་ཞིག་ཆགས་ཀྱི་མེད་པ་ནི་རྩ་བའི་ཚིག་ཟིན་གྱི་དགོངས་པ་དངོས་མིན་པའི་གནད་ཀྱིས་རེད། རྩ་བའི་དོན་ནི་བརྒྱུད་པ་འཛིན་རྣམས་དང་། །ཞེས་ཡར་གོང་དུ་དུས་གསུམ་མཁྱེན་པའི་སློབ་མའི་ཁོངས་སུ་བསྡུས་ནས་དང་སྒྲས་ཐ་དད་དུ་འབྱེད་པ་དང་། འབྲི་སྟག་ཚལ་ཞེས་མར་ལོགས་སུ་བཀར་ནས་འབྱེད་པའི་ཚུལ་འདིས་གསལ་པོར་མཚོན་པ་མ་ཡིན་ནམ། འོ་ན་རྗེ་བན་སྒར་བའི་ཆེ་ཆུང་གི་དབྱེ་བ་མཛད་སྟངས་ཀྱི་དགོངས་པ་དངོས་ནི་གང་ཞིག་ཡིན་སྙམ་ན། དེ་ནི་ཀར་མ་དུས་མཁྱེན་གྱི་སློབ་མའི་ཁྲོད་དུ་འོད་ཀྱི་མཐའ་ཅན་ཆེ་བ་བཞི་དང་། ཆུང་བ་བཞི་བསྡོམས་པས་བརྒྱད་ཡོད་སྟབས་དེ་ལྟར་གསུངས་པ་ཡིན་ཏེ། དེ་རྣམས་ནི་གང་ཡིན་སྙམ་ན་ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད་དུ། རྒྱ་སྒོམ་ཡེ་ཤེས་འོད། ཉེ་གནས་སྨོན་ལམ་འོད། མཐའ་མི་ཚུལ་ཁྲིམས་འོད། ཨ་བང་ཤེས་རབ་འོད་དེ་འོད་ཆེ་བཞི། ཡོན་ཏན་འོད། དགེ་འདུན་འོད། ཞི་བ་འོད། གླི་བུ་བྱང་ཆུབ་འོད་དེ་འོད་ཆུང་ངུ་བཞི་ཞེས་གསལ་བས་མཚོན་ཡོད། ཕྱོགས་གཞན་ནས་ཉ་དབོན་ཀུན་དགའ་དཔལ་གྱིས་བརྩམས་པའི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ཁམས་པ་རྡོར་རྒྱལ། དེའི་བུ་ཆེ་བཞི་ཆུང་བརྒྱད། ཅེས་བཀོད་སྣང་བར་གཞིགས་ན། ཕག་གྲུའི་སློབ་མར་ཆེ་བཞི་ཆུང་བརྒྱད་ཅེས་པའི་ཐ་སྙད་དེའི་གོང་དུ་ཡོད་པའི་ཚུལ་ཞིག་གསལ་ཞིང་། ཕག་གྲུ་སྤྱན་སྔའི་ཆོས་བྱུང་མིག་འབྱེད་འོད་སྟོང་ན། ཆེ་བཞི་ཆུང་བཞི་འཆད་པ་ལ། ཆེ་བཞི་ནི་སྐལ་ལྡན་ཏར་ཤེས་སེང་གེ་སྭགས་ཡིན་ཞིང་། དམར་པ་དང་། འབོམ་པ། རྡོར་པ། འདྲེན་པ་རྣམས་ཆུང་བཞིའོ། །ཞེས་སློབ་གཙོ་བོ་མ་ཡིན་པར་རྣམ་གཞག་དེ་འདྲ་ཞིག་ཡོད་པར་གསལ་ཡོད། དེ་མིན་གྱི་ཡིག་ཆ་གཞན་ལ་དེ་མཚུངས་སུ་འཁོད་པ་གཅིག་ཀྱང་མི་སྣང་བས། རྗེ་དུས་གསུམ་མཁྱེན་པའི་སློབ་མ་ལ་ལྟོས་ནས་བརྟགས་པར་ཐེ་ཚོམ་མེད་སྙམ། ཞྭ་དམར་བཞི་པ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་མཉམ་མེད་དྭགས་པོ་ལྷ་རྗེའི་རྣམ་ཐར་གསུང་རབ་ཀྱི་བང་མཛོད་ལས། ཆེ་བཞི་ཆུང་བརྒྱད་ཀྱི་ཐ་སྙད་བཀོད་འདུག་སྟེ། སྤྱི་དང་བྱེ་བྲག་གང་ཡིན་གསལ་པོར་བསྟན་མེད་ཀྱང་ཀམ་ཚང་ནང་གསེས་ལ་གོ་དགོས་པར་གསལ། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་གསལ་གྱིས་གངས་རིའི་ཁྲོད་ཀྱི་སྤོང་བ་བསམ་གཏན་པ་རྣམས་ཀྱི་སྙན་དུ་སྤྲིངས་པ་ལས། ཁྲོ་ཕུ་པ་དང་དཔལ་ལྡན་འབྲུག་པ་དང་། །ཚལ་པ་བཀའ་བརྒྱུད་སྤྲུལ་སྐུ་ཀརྨ་པ། །འབྲི་སྟག་རྣམ་གཉིས་གཡའ་ཕག་བཀའ་བརྒྱུད་དེ། །མཉམ་མེད་དྭགས་པོའི་བཀའ་བརྒྱུད་ཉམས་ལེན་གྱིས། །གངས་ཅན་རི་སུལ་ཕལ་ཆེར་མཛེས་པར་བྱས། །ཞེས་གསལ་བ་ལས་ཆེ་ཆུང་གི་སྒྲོས་ཙམ་འཁོད་མེད་ལ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་ཡང་དགོན་འོག་མིན་དུ་མཛད་པར་གྲགས་པའི་གསོལ་འདེབས་ཕུན་ཚོགས་ཤེས་བྱ་ལས། རྒྱལ་བ་གཉིས་པ་རྗེ་བཙུན་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པར་བཅས་རྣམས་དང་། །སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་སྟག་ལུང་པའི། །སྤྲུལ་སྐུ་རིམ་པར་བྱོན་པ་ཐམས་ཅད་མཆོད། །ཅེས་གསུངས་པ་འདི་ཉིད་སྟག་ལུང་ཆོས་སྤྱོད་བསྐལ་བཟང་གདུལ་བྱའི་དགའ་སྟོན་དུ་བཅུག་སྣང་མོད། འདི་ཉིད་ངག་དབང་རྣམ་རྒྱལ་གཞན་ཞིག་གི་གསུང་ཡིན་ན་མ་གཏོགས་འདི་ལ་ཐེ་ཚོམ་གྱི་གཞི་ཞིག་ཡོད་པ་ནི། འདི་ཡི་རྩོམ་ཉམས་ནི་ཆོས་རྗེ་ངག་དབང་རྣམ་རྒྱལ་གྱི་གསུང་རྩོམ་གཞན་དང་གཏན་ནས་མི་འདྲ་ཞིང་། དམ་པ་གང་གིས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ནང་དུ་བཀའ་བརྒྱུད་ཆེ་ཆུང་གི་ཐ་སྙད་སྐོར་ཟུར་ཙམ་ཡང་གཏན་ནས་གསུང་མི་སྣང་བས་མཚོན་ཡོད། གལ་ཏེ་ཁོང་གིས་བཀའ་བརྒྱུད་ཆེ་ཆུང་གི་ལྟ་བ་དེ་ཞལ་གྱིས་བཞེས་མཁན་ཞིག་ཡིན་ན། སྟག་ལུང་ཆོས་འབྱུང་གི་བཀའ་བརྒྱུད་སྤྱིའི་སྐབས་སུ་ངེས་པར་དུ་གསལ་པོར་འགོད་ངེས་པའི་ཕྱིར་རོ། །འོན་ཀྱང་སྟག་ལུང་ཆོས་འབྱུང་དུ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་རྣམ་གཞག་རྩ་བ་ནས་གསུངས་མེད་པ་འདི་ཡ་མཚན་ཆེ། རིག་འཛིན་འཇའ་ཚོན་སྙིང་པོས་དྭགས་པོ་བཀའ་བརྒྱུད་བཀའ་གཏེར་གཉིས་ཀྱི་ཆོས་འབྱུང་རྒྱས་པ་ལས།  དྭགས་པོའི་བུ་ཆེན་ཆེ་བཞི་ཆུང་བརྒྱད། ཅེས་བཀོད་པར་མཛད་སྣང་མོད། གྲངས་འདྲེན་དངོས་སུ་མཛད་པ་ནི་མ་གསལ་བས། ཁུངས་གང་ལ་བརྟེན་པ་ཡིན་པའང་ཆ་མ་འཚལ་ཀྱང་། ཕལ་ཆེར་ཕྱིས་སུ་གྲགས་པའི་ཆེ་བཞི་ཆུང་བརྒྱད་ཅེས་པའི་ཐ་སྙད་འདི་དྭགས་པོའི་བུ་ཆེན་ལ་ཟེར་བར་ངོས་བཟུང་པ་ཞིག་ཡིན་པར་སེམས། གཞན་ཡང་ཀར་མ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་མཆེད་བེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ཞེས་པའི་ནང་དུ་བཀའ་བརྒྱུད་སྤྱི་བྱེར་ཆེ་ཆུང་གི་རྣམ་གཞག་དེ་འདྲ་ཡོད་ལུགས་གཏན་ནས་གསུངས་མི་འདུག་པས། དེས་ན་སྐབས་དེ་དང་དེའི་གོང་ན་བཀའ་བརྒྱུད་སྤྱི་བྱེར་ཆེ་ཆུང་དབྱེ་བའི་འགྲེལ་ཚུལ་དེ་ཉིད་ཀམ་ཚང་ཕྱོགས་ནའང་དེ་ཙམ་དར་ཁྱབ་ཆེན་པོ་ཞིག་བྱུང་མྱོང་མེད་པ་གསལ་པོར་མཚོན་ཡོད། དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་གསུང་རབ་རྣམ་ཐར་རྣམས་དང་། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་གསུང་རབ་རྣམ་ཐར་རྣམས་སུ་བཀའ་བརྒྱུད་ཆེ་ཆུང་གི་ཐ་སྙད་དང་རྣམ་གཞག་ཡོད་ལུགས་གཏན་ནས་མཐོང་རྒྱུ་མེད། གཞན་ཡང་དཔའ་ཤོད་རག་ར་སྤྲུལ་སྐུའི་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ལས། བཀའ་ཕྱག་ཆུ་བོ་གཉིས་ཀྱི་གདམས་པས་ཐུགས་རྒྱུད་ལེགས་པར་ཕྱུག་ཅིང་། ངེས་དོན་སེང་གེའི་ང་རོའི་ཆོས་ཀྱི་སྒྲ་སྐད་སྒྲོག་པ་ལ་བསྙེལ་བ་མི་མངའ་བ་ཞིང་། སྒྲུབ་བརྒྱུད་ཡོངས་ཀྱི་འཁོར་ལོས་བསྒྱུར་བའི་ཆོས་ཀྱི་ཤིང་རྟ་ཆེན་པོ་དཔལ་མཉམ་མེད་སྒམ་པོ་པ་ཞེས་མཚན་གྱི་བ་དན་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཡང་སློབ་དང་བཅས་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཙམ་རྣམས་བྱོན་པ་རྣམས་ལས། ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་ཞེས་པ་ལྟར། ཆེ་བ་བཞི་ནི་འབྲི་སྟག་མཚུར་གསུམ་འབྲུག་པ་དང་བཞི་དེང་སང་ཡོངས་གྲགས་ལྟར་དང་། ཆུང་བརྒྱད་ནི་ཚལ་པ། འོག་ནས་འབྱུང་བའི་གདན་རབས་བཀའ་བརྒྱུད་བམ་སྤྱན་སྔ་བཀའ་བརྒྱུད། གཞན་ཡང་འབམ་རོང་། ཁྲོ་ཕུ། ཡེལ་བ། གཡའ་བཟང་སོགས་ཡོད་ལ། ཞེས་གསལ་བས། སྐབས་འདིར་ཆེ་བཞི་ཆུང་བརྒྱད་ཀྱི་རྣམ་གཞག་ནི་དེ་ལྟ་བུ་ལ་བྱེད་ཀྱི་ཡོད་པ་མ་ཟད། དེ་ཡང་གྲུབ་མཐའ་གཞན་གྱི་ལོ་རྒྱུས་སྨྲ་བས་བཀའ་བརྒྱུད་ཀྱི་བསྟན་པའི་ཁྱབ་ཁོངས་ཆེ་ཆུང་ལ་གཞིགས་ནས་བཀའ་བརྒྱུད་པར་བཏགས་པའི་ཐ་སྙད་ཅིག་ཡིན་པ་ལས། བཀའ་བརྒྱུད་པ་རང་ཉིད་ཀྱི་རང་ལ་བཏགས་པའི་རྣམ་གཞག་ཅིག་མིན་པ་ཤེས་ཐུབ་ལ། དེ་བཞིན་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་ཤིང་༧༠༦ལས། སྤྱིར་བཀའ་བརྒྱུད་ལྔར་གྲགས་པ་ལས། དྭགས་བརྒྱུད་ལ་དེ་དག་ལས་འབྲི་སྟག་ཀར་འབྲུག་བཞིར་གྱེས། ཞེས་རྩ་བ་དྭགས་པོ་གདན་ས་དང་། དེ་ལས་གྱེས་པ་བཞི་ནི་དེ་རྣམས་ཡིན་པར་ངོས་འཛིན་པར་གསལ་བ་དང་། ཀློང་བརྡོལ་བླ་མའི་གསུང་འབུམ་ལས། གྲུབ་དབང་མར་པ་མི་ལ་བཞད་རྡོར་གྱི། །སྒྲུབ་བརྒྱུད་བསྟན་འཛིན་བཀའ་བརྒྱུད་ཡ་བཞི་ཡི། །ཞེས་དང་། འབྲི་གུང་འབྲུག་པ་མཚུར་ཕུ་སྟག་ལུང་བཞི། །བཀའ་བརྒྱུད་ཡ་བཞི་ཟེར་ཞིང་དེ་ཇི་ལྟར་བྱུང་བའི་ཚུལ་ཞེས་གསལ་བ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་༣༩༦ལས། བཀའ་བརྒྱུད་པ་ལ་ཀརྨ་པ་དང་། འབྲུག་པ་དང་། འབྲི་ཁུང་པ་དང་། སྟག་ལུང་པ་སྟེ་བཞི་གྱེས། ཞེས་གསུངས་ཡོད་པ་རེད། སུམ་པ་དང་ཀློང་བརྡོལ་བླ་མ། ཞབས་དཀར་བའི་གསུང་དེ་རྣམས་ཕྱོགས་གཅིག་ནས་ཕྱིས་སུ་དེ་རྣམས་མ་གཏོགས་གཞན་རྣམས་མི་མངོན་པའམ་གྲགས་པ་མེད་པར་གྱུར་པའང་བསྟན་ཡོད་སྙམ། དེས་ན་ཕྱིས་སུ་ལོ་རྒྱུས་སྨྲ་བས་རིམ་པས་བཀའ་བརྒྱུད་ལ་ཆེ་ཆུང་གི་རྣམ་གཞག་ཞིག་གླེང་སྲོལ་དར་བས། དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་རྗེ་སྒམ་པོ་པའི་གདན་ས་དྭགས་ལྷ་སྒམ་པོའི་ཆོས་བརྒྱུད་དེ་ཆེ་ཆུང་གཉིས་ཀྱི་ནང་དུ་མི་གཏོགས་པ་ཤེས་ནས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་འདི་ལ་རྩ་བའི་བརྒྱུད་འཛིན་ཞེས་པའི་ཐ་སྙད་ཅིག་གསར་དུ་བཏགས་གནང་ཡོད་ཅིང་། དེའི་གོང་དུ་ཐམས་ཅད་དྭགས་པོ་བཀའ་བརྒྱུད་ཀྱི་གདུགས་གཅིག་གིས་ཡོངས་སུ་ཁྱབ་པའི་རང་བཞིན་དུ་འཛིན་པ་ལས། རྩ་བ་དང་ཡན་ལག་གི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་ཀྱང་། དེ་ལྟ་བུའི་རྣམ་གཞག་ཀྱང་ཆེར་མ་གྲགས་པས། རྩ་བ་དངོས་ཡིན་ཀྱང་རྩ་བའི་བརྒྱུད་འཛིན་ཞེས་པའི་མིང་འདི་ཐོན་མྱོང་མེད་པར་གྲགས། དེ་ཡང་ཀོང་སྤྲུལ་རིན་པོ་ཆེས་ཤེས་བྱ་ཀུན་ཁྱབ་ཀྱི་རྩ་བ་ལས། ཆེ་བཞི་རྩ་བའི་བརྒྱུད་འཛིན་བཅས་ཏེ་ལྔ། །ཞེས་གསལ་པོར་གསུངས་ཤིང་། དེའི་འགྲེལ་བ་ལས་ཀྱང་། སྒམ་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན་གསུམ། དྭགས་པོ་འདུལ་འཛིན། ཕྱིས་ཀྱི་མཁས་གྲུབ་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་སོགས་ཟམ་མ་ཆད་པར་བྱོན་པས་དྭགས་པོ་བཀའ་བརྒྱུད་བཅས་ཏེ་ལྔའོ། །ཞེས་གསལ་བ་འདི་བྱུང་ཡོད་ལ། གསུང་ཚུལ་འདི་ལ་བརྟེན་ནས་ཕྱིས་སུ་གོ་འཇོ་མཁར་ལེགས་པད་མ་རང་གྲོལ་གྱིས་རིས་མེད་གྲུབ་མཐའི་ཆོས་འབྱུང་ལས་ཀྱང་། དེ་ལ་དབོན་སྒོམ་པ་ཚུལ་ཁྲིམས་སྙིང་པོ་ནས་བཟུང་། དྭགས་པོའི་གདན་རབས་རིམ་བྱོན་དྭགས་པོ་རྩ་བའི་བཀའ་བརྒྱུད་ཡིན་ནོ། །ཞེས་གསུངས་ཡོད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་གིས་རྣམ་གཞག་དེ་ཉིད་བརྗོད་པ་བདེ་བའི་ཆེད་དུ་སྦྱར་བར་ཐེ་ཚོམ་མེད་མོད། དེང་དུས་ལོ་རྒྱུས་སྨྲ་བ་ལ་ལས་འཁྱོགས་བཤད་ཀྱིས་ཆེ་ཆུང་བར་ལ་ཁྱད་པར་ཆེན་པོ་ཡོད་ལུགས་དང་། ཆུང་བ་ནི་ཆེ་བའི་འོག་ཏུ་འདུ་དགོས་པ་སོགས་ལོག་འགྲེལ་བྱས་དངབྱེད་བཞིན་པ་ནི་རྒྱལ་བ་བཀའ་བརྒྱུད་པའི་རྗེས་འབྲངས་པའི་ཆོས་བརྒྱད་བློས་མི་ཐོངས་པའི་ནང་རྟགས་ཕྱིར་ཤར་པའི་ངོ་ཚ་ཆེ་ཤོས་ཡིན་པས། སླད་ནས་ཆེ་ཆུང་གི་རྣམ་གཞག་དེ་དག་ངལ་གསོས་སུ་བཅུག་ན་ལེགས་པར་མངོན་ནོ། །
༈  བཀའ་བརྒྱུད་ཀྱི་ཡིག་ཆ་ཕྱི་མ་སྟེ་བཀའ་བརྒྱུད་རིང་སྲོལ་མང་པོ་ནུབ་ཟིན་པའི་ལྷག་མ་རྣམས་ཀྱི་ཕྱག་བཞེས་རྣམས་སུ་བརྟགས་ན། དུས་རབས་བཅུ་གསུམ་ཙམ་ནས་བཀའ་བརྒྱུད་ཅེས་པའི་མཚན་སྙན་ཐོས་པ་དོན་ལྡན་འདི་ཉིད་བཀོལ་སྤྱོད་དེ་ཙམ་མི་བྱེད་པར་སྒྲུབ་བརྒྱུད་ཅེས་པ་འདི་ཉིད་བཀོལ་སྲོལ་དར་ཞིང་། ཕྱིས་སུ་དེ་ཁོ་ན་གཙོ་བོར་བཀོལ་བ་ཞིག་དར་ཁྱབ་ཆེན་པོ་བྱུང་ཡོད་དེ། སྒྲུབ་བརྒྱུད་ཀར་མ་ཀམ་ཚང་ཞེས་པ་དང་། སྒྲུབ་བརྒྱུད་སྙིང་པོ་དམ་པ་མགོན་པོ་འབྲི་གུང་པ་ཞེས་པ་དང་། སྒྲུབ་བརྒྱུད་དཔལ་སྟག་ལུང་པ་ཞེས་པ་ལྟ་བུ་བརྒྱུད་པ་སོ་སོའི་ཡིག་ཆ་མང་པོར་བཀོད་པ་རང་གཞན་གྱི་གཟུགས་འཛིན་དབང་པོ་ལམ་དུ་མཇལ་རྒྱུ་ཡོད་པ་འདི་ཡིན། དེའི་ཐོག་ནས་ཕྱིས་སུ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལྷག་མ་རྣམས་ཀྱིས་སྒྲུབ་བརྒྱུད་གོང་མའམ་དཔལ་ལྡན་བླ་མ་མར་མི་དྭགས་གསུམ་སོགས་ཀྱི་བཀའ་བརྒྱུད་རིན་པོ་ཆེའི་རིང་སྲོལ་རྐྱང་པ་ཉམས་སུ་ལེན་པའི་ཁོར་ཡུག་ལས་ཡོངས་སུ་བརྒལ་ནས། བཀའ་བརྒྱུད་པ་མ་ཡིན་པར་སྒྲུབ་བརྒྱུད་ཀྱི་ལུགས་གཞན་མང་པོ་ཞིག་ཉམས་ལེན་བྱེད་པའི་ངང་ཚུལ་མངོན་གྱི་ཡོད་འདུག་སྙམ་ཏེ། བཀའ་རྙིང་གཉིས་ལྡན་དང་། བཀའ་རྙིང་ཟུང་འབྲེལ་ཞེས་པ་དང་།གསང་ཆེན་རྙིང་མའི་བསྟན་འཛིན་ཆེན་པོ་ཞེས་པའི་མཚན་སྙན་དེ་ཉིད་བཀའ་བརྒྱུད་ཀྱི་བླ་ཆེན་རྣམས་ཀྱི་བདག་གིར་བཞེས་པའི་རྣམ་ཐར་བསྐྱངས་པའི་མང་དུ་མང་དུ་ཕྱིན་ཅིང་། བཀའ་བརྒྱུད་པའི་གདན་ས་རྣམས་སུ་ཡང་རྙིང་མའི་གཏེར་ཆོས་རྒྱ་ཁྱབ་ཏུ་སྤེལ་བ་སོགས་བྱུང་བའི་ཡིནཔ་སྟེ་ཞར་དུ་འཕྲོས་པ་ཙམ་ཡིན་ནོ། །    
༈བཀའ་བརྒྱུད་གོང་མ་རྣམ་ལྔ་ཞེས་ཡོངས་སུ་གྲགས་པ་ནི། འགྲོ་མགོན་བཀའ་བརྒྱུད་པའི་སྤྱི་མེས་ནི་རྗེ་མར་མི་དྭགས་གསུམ་ཡིན་ལ། དེ་ནི་མར་པ་ཆོས་ཀྱི་བློ་གྲོས་དཀའ་སྤྱད་བརྒྱུད། །བཀའ་བབས་བཞི་ཡི་གདམས་པ་བོད་ལ་དྲངས། །མི་ལའི་དཀའ་སྤྱད་འབྲས་སུ་གཡུར་དུ་ཟ། །དྭགས་པོ་ལྷ་རྗེས་ས་བོན་ཕྱོགས་ཀུན་བཏབ། །ཞེས་པའི་དོན་ཡིན་ལ། རྗེ་མར་མི་དྭགས་གསུམ་ནི་བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་ཡིན་པས་ཡོངས་གྲགས་ཡིན་ལ། ཕྱིས་སུ་བཀའ་བརྒྱུད་གོང་མ་རྣམ་ལྔ་ཞེས་པའི་ཐ་སྙད་ཅིག་བྱུང་བ་དང་། དེ་ནི་རྗེ་བཙུན་མར་མི་དྭགས་གསུམ་གྱི་ཐོག་ཏུ་རྗེ་བཙུན་གསང་བདག་རས་ཆུང་པ་ལས་བཀའ་བཞིའི་གདམས་པའི་སྙིང་པོ་བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་པ་དང་། འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་བཀའ་བརྒྱུད་མང་དུ་གྱེས་ནས་ས་ཆེན་ཁྱབ་པའི་འཕྲིན་ལས་བྱུང་བ་ལ་བརྟེན་ནས། རྗེ་བཙུན་ཡབ་སྲས་རྣམ་པ་ལྔ་ལ་བཀའ་བརྒྱུད་གོང་མ་རྣམ་ལྔ་ཞེས་ལོ་རྒྱུས་གཟུར་བོར་སྨྲ་བས་བཏགས་པ་ཡིན་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བོད་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ལས། གངས་རིའི་ཁྲོད་ཀྱི་གྲུབ་རིགས་རྒྱ་མཚོའི་འབྱུང་གནས་བཀའ་བརྒྱུད་རིན་པོ་ཆེ་དེ་རྣམས་ཀྱི་སྐྱེས་བུ་དམ་པ་བསྟན་པ་ལ་བཀའ་དྲིན་ཆེ་བ་ནི། སྤྱིར་མར་མི་དྭགས་གསུམ་རས་ཆུང་པ་དང་། དཔལ་ཕག་མོ་གྲུ་པ་རྣམས་ནི་བཀའ་བརྒྱུད་རིན་པོ་ཆེའི་སྤྱི་མེས་ལྟ་བུ་ཡིན། ཞེས་གསུངས་པ་དང་། ཡང་ཁོང་གིས་བརྩམས་པའི་གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔའི་གསོལ་འདེབས་ལས། དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་ཕག་མོ་གྲུ། །བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །ཞེས་ཀྱང་གསུངས་སྣང་བས། སྐབས་འདིར་རས་ཆུང་པའི་ཚབ་ལ་རྗེ་དུས་གསུམ་མཁྱེན་པ་འདྲེན་པ་ནི་དུས་གསུམ་མཁྱེན་པ་ནི་བཀའ་བརྒྱུད་ཙམ་་མ་ཟད། བོད་ལྗོངས་དང་ཐུབ་བསྟན་ཡོངས་ཀྱི་དབུས་སུ་སྤྲུལ་སྐུའི་མཛད་པ་ཐོག་མར་སྲོལ་འབྱེད་པ་པོ་ཡིན་པས། དེ་ལ་བརྟེན་ནས་ཀར་མ་པག་ཤིས་ལུང་བསྟན་པ་བཟུང་སྤྲུལ་པའི་སྐུ་རིམ་པར་བྱོན་པའི་མཛད་འཕྲིན་གཞན་ལས་ཆེ་བ་དང་། ཁོང་གིས་སྤྲུལ་སྐུའི་སྲོལ་འབྱེད་པ་ལ་བརྟེན་ནས་ཕྱིས་སུ་དགེ་ཕྱོགས་དང་། ས་སྐྱ་བ། རྙིང་མ། བོན་པོ་སོགས་གང་སར་སྤྲུལ་སྐུའི་ལམ་ལུགས་རྒྱ་ཁྱབ་ཏུ་བྱུང་བ་ཡིན་པས།  གོང་མ་རྣམ་ལྔའི་གྲས་སུ་འདྲེན་པ་འདི་ཡིན་པར་སྙམ་ཡང་རྒྱུ་མཚན་གཞན་མ་རྙེད་དོ། །
སྨྲས་པ།   བཀའ་ལུང་མདོ་རྒྱུད་གདམས་པའི་གནད་འདུས་ཤིང་།  །
བཀའ་བབས་བཞི་ཡི་ཟབ་གསང་བརྒྱུད་པའི་སྲོལ། །
བཀའ་ཕྱག་གདམས་པར་དྲིལ་ནས་ཉམས་ལེན་པའི། །
བཀའ་བརྒྱུད་ཅེས་པའི་མཚན་མཆོག་དོན་དང་ལྡན། །ཞེས་སོ།།
འབྲེལ་ཡོད་འོས་སྦྱོར།