logo

༄༅། །བླ་མ་མ་ཎིའི་ཐ་སྙད་ཀྱི་གོ་དོན་དང་བྱུང་ཚུལ། 

རྩོམ་པ་པོ།:གཞན་བུ་བཟང་དགྲ་འདུལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-15 ཀློག་གྲངས།:
བླ་མ་མ་ཎི་ཞེས་པའི་ཚིག་འབྲུ་ཕྲལ་ནས་འགྲེལ་ན། “བླ”ནི་རུང་བ་དང་ཆོག་པ། སྟེང་སོགས་ལ་འཇུག་པ་དང“བླ་མ”ཞེས་པ་ནི་རྩ་བའི་བཤེས་གཉེན་དང་སྤྲུལ་པའི་སྐུ། མཁན་བཙུན་ཅན་ལ་བརྗོད་པ། “མ་ཎི”ཞེས་པ་སྤྱིར་ན་ནང་བསྟན་ལས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་སྟེ“ཨོཾམཎིཔདྨེཧཱུྃ”གི་བསྡུས་ཚིག་ཏུ་འགྲོ་བ་དང་ཡིག་དྲུག་ལས“མ་ཎི”ཞེས་པའི་ཚིག་གཉིས་པོ་ནི་ཡིད་བཞིན་ནོར་བུ་ཟེར་བའང་དེབ་ཁ་ཤས་སུ་འཁོད། འོན་ཀྱང་དཔྱད་རྩོམ་འདིར་སྐབས་སུ་འབབ་པའི“བླ་མ་མ་ཎི”ཞེས་པའི་ཡིག་འབྲུ་བཞི་པོ་ལས་གྲུབ་པའི་ཐ་སྙད་འདི་དུས་ད་ཆའི་སྐབས་སུ་གོང་སྨོས་ཀྱི་འབྲུ་འགྲེལ་དང་འབྲེལ་བ་ཅང་མེད་པ་འགྱུར་འདུག  གང་ལགས་ཞེ་ན། དེ་ལ་དུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ལྟོས་ནས་འགྱུར་བ་བྱུང་ཡོད་པ་སྟེ། ཐོག་མར་ནི་ནང་བསྟན་བླ་མས་དད་ལྡན་ཁྲོད་མ་ཎི་ཡིག་དྲུག་གི་འདོན་པ་བསྐུལ་བ་ལ་བརྗོད་པ་སྙམ། དེ་ནས་ནང་ཆོས་བླ་མས་བསྟན་པའི་ཆོས་ཀྱི་མདོ་དོན་དག་སྒྲུང་གི་ལུས་ལ་མ་ཎི་ཡིག་དྲུག་སྤེལ་མ་བྱས་ནས་འཆད་གྱེར་བྱེད་པ་དེ་ལ་གོ་བ་ཡིན།
དུས་ད་ཆ་ཐ་སྙད་ཀྱི་ཆ་ནས་བླ་མ་མ་ཎི་ནི་བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྒྲུང་རང་བཞིན་གྱི་གླུ་མ་གཏམ་ཞིག་ཡིན་ཞིང་མ་ཎི་ཡིག་དྲུག་ཡིནཅིག་འཆད་གྱེར་གྱི་དགོས་པ་མེད་པའི་ནང་དོན་དང་རྣམ་པའི་ཆ་ནས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པ། འཆད་གྱེར་གདངས་ཉན་རྒྱུ་ཡོད་ལ་ནང་དོན་གྱི་ཐང་གའི་རི་མོ་བལྟ་རྒྱུ་ཡོད་པ་ཞིག་ཡིན། 
བླ་མ་མ་ཎི་འཆད་གྱེར་བྱེད་མཁན་གྱི་སྒྱུ་རྩལ་པར་ལོ་རྒྱུས་ཐོག“མ་ཎི་བ”དང“ལོ་ཆེན་པ”“བླ་མ་མ་ཎི་བཤོད་མཁན”ཞེས་ཟེར་བ་དང་བླ་མ་མ་ཎི་འཆད་གྱེར་བྱེད་པ་ལ“རྒྱལ་རབས་བཤད་པ”ཞེས་ཟེར་བ་འདུག
དེང་གི་སྐབས་སུ་བླ་མ་མ་ཎིའི་ཐ་སྙད་འགྲེལ་པའི་ཐད་ཁོ་བོའི་མཐོང་ཆོས་སུ་འགྱུར་བ་ལ། བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་མཁས་པ་བསོད་ཚེ་ལགས་ཀྱིས《བོད་རིགས་ཀྱི་གཞས་མ་གཏམ་སྒྱུ་རྩལ》ལས“བླ་མ་མ་ཎིའི་གདངས་ནི་དགོན་པའི་ཞལ་འདོན་གདངས་ནས་གོང་འཕེལ་བྱུང་བ་ཞིག་ཡིན་པས་དགེ་འདུན་པས་ཞལ་འདོན་སྐབས་སུ་ཡིན་ཅིག་མ་ཎི་ཡིག་དྲུག་གི་གཟུངས་སྔགས་གྱེར་དགོས་པས་ན་བླ་མ་མ་ཎི་ཞེས་མིང་ཐོག་ལ་བླ་མ་མ་ཎི་འཆད་གྱེར་བྱེད་མཁན་སྒྱུ་རྩལ་པར་མ་ཎི་བ་ཞེས་མིང་ཐོག”པ་གསུངས། 《ལྷོ་ཁའི་དམངས་ཁྲོད་གཞས་མ་གཏམ་ཕྱོགས་བསྡུས》ལས“བླ་མ་མ་ཎི་ཞེས་པ་འདི་ནི་སྔར་སྒྱུ་རྩལ་བརྗོད་གཏོང་ལ་བརྟེན་ནས་འཚོ་བར་བྱེད་པའི་མིས་གཏོང་བའི་གཞས་མ་གཏམ་གྱི་རིགས་ཤིག་ཡིན། དེ་ཡང་བརྗོད་གཏོང་བས་བརྗོད་བྱའི་ནང་དོན་རི་མོར་འཁོད་པའི་ཞལ་ཐང་ཞིག་འཁྱེར་ནས་དེར་འགྲེལ་བཤད་ཚུལ་གྱིས་བརྗོད་གཏོང་བྱེད” ཅེས་འཁོད། བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་པ་དཔལ་ཆོས་ལགས་ཀྱིས“སྒྱུ་རྩལ་པས་འཆད་གྱེར་བྱེད་པའི་ནང་གཟུངས་སྔགས་མ་ཎི་ཡིག་དྲུག་ཡང་ཡང་འདོན་གྱི་ཡོད་པ་ན་མིང་དེ(བླ་མ་མ་ཎི)ཐོག་པ”འཁོད། དེ་དག་ནི་ད་ཕན་བོད་ཀྱི་དམངས་ཁྲོད་རྩོམ་རིག་བླ་མ་མ་ཎིའི་སྐོར་ལ་དེང་རབས་ཀྱི་རིག་གཞུང་ཞིབ་འཇུག་གི་ཐ་སྙད་ཐོག་མ་བཞག་པ་ཞིག་ཡིན།
དེང་སྐབས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་སྤྱི་སྤྱོད་དམངས་ཁྲོད་རྩོམ་རིག་གི་རྒྱ་ཡིག་སློབ་གཞི་དང་ཡང་ན་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཆེན་མོའི་དམངས་ཁྲོད་རྩོམ་རིག་གི་བོད་ཡིག་སློབ་གཞི་གང་རུང་ནང་བླ་མ་མ་ཎི་ཞེས་པའི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རྩོམ་རིག་དེའི་ཐ་སྙད་ཙམ་ཡང་མ་འཁོད་པ་ནི་བློ་ཕངས་སུ་སོང་འདུག  ཐ་ན་བླ་མ་མ་ཎི་དེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པའི་ཚིག་ཐག་བཅད་པ་ཞིག་ཀྱང་མིག་ཟིན་མ་བྱུང་བས་མཚམས་འདིར་བླ་མ་མ་ཎི་ཅི་ཕྱིར་དམངས་ཁྲོད་རྩོམ་རིག་ཡིན་པའི་སྐོར་གླེང་རྒྱུ་དེའང་རང་བཞིན་དུ་གལ་ཆེན་པོ་ཆགས་འདུག
སྤྱིར་གང་ཞིག་དམངས་ཁྲོད་རྩོམ་རིག་ཡིན་ན་དེ་ལ་ནང་དོན་ཐད་མི་དམངས་ཀྱི་ཐད་ཀའི་རང་བཞིན་ལྡན་པ་དང་རྣམ་པའི་ཐད་ངག་ཐོག་དང་མཉམ་སྡེབ། འགྱུར་བ། བརྒྱུད་འཛིན། མིང་རྟགས་མེད་པ་བཅས་ཀྱི་རང་བཞིན་འཛོམས་དགོས་པ་ཡིན། འོ་ན་བླ་མ་མ་ཎིར་ཁྱད་ཆོས་དེ་དག་ལྡན་ཡོད་དམ་ཞེ་ན། བླ་མ་མ་ཎིའི་ནང་དོན་ཐད་ལོ་རྒྱུས་གཏམ་རྒྱུད་དང་། འཚོ་བའི་སྒྲུང་གཏམ། ཆོས་ལུགས་གཏམ་རྒྱུད་སོགས་དུས་རབས་ཤིག་གི་རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་དང་བསམ་བློ། བདེ་སྡུག ཆབ་སྲིད་ཁེ་ཕན་དང་འཚོ་བའི་ཁེ་ཕན་མཚོན་གྱི་ཡོད། དེ་ལྷ་མོའི་འཁྲབ་གཞུང་གི་ནང་དོན་ཡིན་རུང་ལྷ་མོའི་རྣམ་ཐར་མ་ཡིན་ལ་ཆོས་སྤེལ་མཁན་དང་དབང་འཛིན་པས་བེད་སྤྱོད་བྱས་རུང་དེ་ཆོས་ལུགས་ཀྱི་ཆོ་ག་མིན། བླ་མ་མ་ཎི་འཆད་གྱེར་གྱི་རྒྱུན་འཛིན་ཐད་དམངས་ཁྲོད་དུ་མ་སྐུལ་དང་བླངས་ཀྱིས་ཕ་ཤུལ་བུས་འཛིན་དང་ཡང་ན་ཅུང་གཏན་འཇག་གི་དགོན་སྡེའམ་གྲོང་ཚོ་ག་གེ་མོ་ཞིག་གིས་མཉམ་སྡེབ་རྒྱུན་འཛིན་བྱེད་སྲོལ་ལྡན། དེ་བཞིན་འབྱུང་ཁུངས་སྣ་ཚོགས་ལས་བྱུང་བའི་ནང་དོན་ཞིག་དམངས་ཁྲོད་དུ་དར་ནས་རྒྱུན་འཛིན་བྱུང་བ་ལ་ཁག་ཅིག་ལ་ཡིག་ཐོག་བཀོད་པའང་ཡོད།  ཁག་ཅིག་ནི་མི་ཐོག་མང་པོར་ངག་ཐོག་རྒྱུན་འཛིན་བྱེད་རིམ་ཁྲོད་བླངས་དོར་རམ་ཁ་སྣོན་དང་འཐེན་འཕྲིའི་འགྱུར་བ་བྱུང་ཡོད། དེས་ན་བླ་མ་མ་ཎིར་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་ཆ་ཚང་བར་འཛོམས་པས་དེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་འཁྲུལ་མེད་ཡིན་པ་བརྗོད་ཆོག
སློབ་གྲྭ་ཆེན་མོའི་སློབ་གསོའི་རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞི《དམངས་ཁྲོད་རྩོམ་རིག་གི་ལམ་ཁྲིད》 ཞེས་པའི་ནང་དམངས་ཁྲོད་གཞས་མ་གཏམ་ལ“ཆེད་ལས་རང་བཞིན་དང་དམངས་ཁྲོད་རང་བཞིན། ངག་ཐོག་རང་བཞིན་དང་དེབ་ཐོག་རང་བཞིན། སྲོལ་རྒྱུན་རང་བཞིན་དང་སྟབས་བསྟུན་རང་བཞིན། རྩོམ་རིག་རང་བཞིན་དང་འཁྲབ་སྟོན་རང་བཞིན། བེད་སྤྱོད་རང་བཞིན་དང་སྒྱུ་རྩལ་རང་བཞིན”བཅས་ཁྱད་ཆོས་ཁག་ལྔ་ལྡན་པ་བསྟན་པ་མ་ཟད“ཁྱད་ཆོས་དེ་དག་དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་གཞན་དང་མི་གཅིག་པའི་ཆ་ལྡན་རུང་ངོ་བོའི་ཐད་ནས་གཅིག་འགྱུར་ཡིན། ”ཞེས་འཁོད་པ་དེ་ནི་བོད་ཀྱི་གླུ་མ་གཏམ་བླ་མ་མ་ཎི་ཞེས་པ་དེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁོངས་སུ་འཇོག་རྒྱུར་ལུང་ཁུངས་བརྟན་པོ་ཞིག་མཁོ་འདོན་བྱུང་བ་མཐོང་། བླ་མ་མ་ཎིར་གོང་སྨྲོས་ཀྱི་ཁྱད་ཆོས་ལྔ་པོ་ཆ་ཚང་ལྡན་པ་ན། ཁོ་བོས“བླ་མ་མ་ཎི”ཞེས་པ་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གླུ་མ་གཏམ་བླ་མ་མ་ཎིའི་བསྡུས་མིང་ཡིན་པ་བརྗོད་རྒྱུ་ཡིན།
དམངས་ཁྲོད་རྩོམ་རིག་དེ་འཆད་གྱེར་བྱེད་སྐབས་མ་ཎི་བས་དམིགས་བསལ་གྱི་ཆས་གོས་གྱོན་པ་དང་ཐོག་མར་ས་ཆ་རྒྱ་ཆེ་ས། མི་མང་ལམ་བརྒྱུད་འཁེལ་ས། བླ་མ་མ་ཎིའི་ཐང་ག་འགེལ་ས་ཡོད་པ་ཞིག་འདམས་ནས་ཐང་ག་དེ་གར་བཀྲམ་པ་དང་ཐང་གའི་གཡས་སུ་མཆོད་རྟེན་དཀར་པོ་ཞིག་སྒྲིག་པ། ཐང་གའི་གཡོན་དུ་སྒྲོལ་མའི་སྐུ་སྒྲིག་པ། མདུན་ངོས་སུ་མཎྜལ་སྒྲིག་ཅིང་སྤོས་སྤར་བ། ཡོན་ཆབ་དང་མཆོད་མེ་སྒྲིག་གཤོམས་བྱས་ཚར་མཚམས། དུང་དཀར་ལན་གསུམ་འབུད་དེ་ཉེ་འཁོར་གྱི་གསན་གཟིགས་པ་འདུ་ཚོགས་སུ་ཡོང་རྒྱུའི་བརྡ་གཏོང་བ་དང་དེ་ནས་ཕྱག་གཡས་སུ་མ་ཎི་ལག་སྐོར་རམ་མ་ཎིའི་ལག་ཕྲེང་དང་ཕྱག་གཡོན་དུ་ལྕགས་མདའ་བསྣམས་ནས་ཐང་གའི་རི་མོའི་ཐོག་བཙུགས་ནས་ཐང་གའི་ནང་དོན་གང་ཞིག་འགོ་མཇུག་བར་གསུམ་ཆ་ཚང་ལྡན་པ་གསན་གཟིགས་པ་ཚོར་འགྲེལ་བཤད་ཀྱི་ཚུལ་དུ་གླུ་མ་གཏམ་གྱིས་ངག་ཐོག་ནས་འཆད་གྱེར་བྱེད་འགོ་འཛུགས་ཀྱི་ཡོད་པ་རེད། དེར་རྟེན་བླ་མ་མ་ཎི་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་ལུས་ཤིག་ཡིན་པ་ལས་མི་འགའ་རེའི་ནོར་འཁྲུལ་ཅན་གྱི་ངོས་འཛིན་ལྟར་བླ་མ་མ་ཎི་ཡིན་ན་ཆོས་ལུགས་ཡིན་པས་ཁྱབ་པ་ཞིག་དང་རྨོངས་དད་ཡིན་པས་ཁྱབ་པ་ཞིག་རྩ་བ་ནས་མིན། 
འབྲེལ་ཡོད་འོས་སྦྱོར།