༄༅།།རྒྱུད་སྨད་གྲྭ་ཚང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-16
ཀློག་གྲངས།:
རྒྱུད་སྨད་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གཉིས་སུ་དབྱེ་བའི་རྒྱུད་སྨད་གྲྭ་ཚང་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད། རྒྱུད་གྲྭ་བྱ་བའི་གོ་དོན་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་འཛིན་པའི་གོ་དོན་ནོ། རྒྱུད་སྨད་གྲྭ་ཚང་དེ་ཐོག་མར་རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ་༡༤༣༣ལོར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྗེ་ཤེས་རབ་སེང་གེས་བཞེངས། སྐབས་དེར་ཞྭ་སེར་གྱི་བསྟན་པ་ཆེས་ཆེར་འཕེལ་ཞིང་མདོ་སྔགས་སྤྱིའི་གཞུང་ལུགས་ལ་མཁས་པའི་དགེ་འདུན་མང་པོ་བྱུང་བའི་མཐུན་རྐྱེན་བཟང་བའི་སྐབས་ཞིག་ན། བོད་རབ་བྱུང་བདུན་པའི་ས་ཕག་ལོ་སྤྱི་ལོ༡༤༡༩ལོར་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས《འགྲེལ་པ་བཞི་སྦྲགས》ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་ཁྱོད་ཅག་མཁས་པའི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་མཁན་ཅི་ཡོད། བཀའ་ལན་འགའ་ཞིག་བསྩལ་བ་ན། མཁས་པ་གཞན་སུས་ཀྱང་ཞལ་གྱི་བཞེས་མ་ནུས་སོ།། སྐབས་དེར་རྗེ་ཤེས་རབ་སེང་གེས་སྐུ་ཕྱག་དང་སྦྲགས་ཞལ་གྱིས་བཞེས་པས། རྗེ་ཙོང་ཁ་པ་ཆེན་པོ་ཤིན་ཏུ་དགྱེས་བཞིན་གསང་བ་འདུས་པའི་གསེར་སྐུ་དང་། འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་བག འཆམ་གོས། དབྱུག་ཏོ། ཞགས་པ་ལ་སོགས་པ་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་ལོ་འགའ་སོང་རྗེས་རྗེ་ཤེས་རབ་སེང་གེ་གཙང་ཤབ་སྟོད་ལྷུན་པོ་རྩེར་བྱོན། སྲང་རིན་ཆེན་རྩེ་པས་སྦྱིན་བདག་མཛད་དེ་གཞུང་དུ་དགའ་ལྡན་ཕོ་བྲང་ཞེས་པའི་གྲྭ་ཚང་བཏབ་པས་གཙང་གི་བཤད་རྒྱུད་ཅེས་རྒྱུད་སྟོད་རྙིང་པར་གྲགས། འདུལ་ནག་དཔལ་ལྡན་བཟང་པོ་ལ་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་བསྩལ་ནས་འཆད་ཉན་པར་བསྐོ་བཞག་མཛད། དེ་ནས་དབུས་ཕྱོགས་སུ་ཕེབས་ནས་ཆུ་གླང་སྤྱི་ལོ་༡༤༣༣ལོར་ལྷ་སར་རྒྱུད་སྨད་པའི་འཆད་ཉན་བཙུགས། རྗེ་ཤེས་རབ་སེང་གེ་ཉིད་ཀྱིས་མདོ་སྔགས་ཆོས་ཀྱི་འཁོར་ལོ་སྐོར་ཞིང་མི་ལོ་བཅུ་གསུམ་བར་སྐྱངས། རྗེ་ཤེས་རབ་སེང་གེ་སྐུ་འདས་རྗེས་རྒྱུད་ཆེན་སྤྱིན་པ་དཔལ་དང་། གྲགས་བཟང་སོགས་བླ་མ་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་ཕྱག་སྲོལ་ཉམས་མེད་བསྐྱངས། རྒྱུད་སྨད་གྲྭ་ཚང་གི་རྟེན་གཙོ་ནི་རྗེ་ཙོང་ཁ་པས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དེ་ཡིན། རྒྱུད་སྨད་གྲྭ་ཚང་ལ་ཁང་ཚན་ལྔ་ཡོད་པ་སྟེ། ཚ་བ་དང་། གསེར་ཀོང་། ཨ་མདོ། ཏྲེ་ཧོར། རྒྱལ་རོང་བཅས་དང་། ཚ་བ་ཁང་ཚན་ལ་འབྲོག་མི་དང་ལྡན་མ་སོགས་མི་ཚན་བཅུ་དྲུག་དང་། ཨ་མདོ་ཁང་ཚན་ལ་བྱ་ཁྱུང་དང་། གཙང་པ་སོགས་བཞི། ཏྲེ་ཧོར་ལ་དཀར་མཛེས་དང་། རྫ་པ་སོགས་རྒྱུལ་རོང་ལ་དར་མདོ་སོགས་ཡོད། དེ་མིན་རྒྱུད་སྨད་གྲྭ་ཚང་གི་ཆོ་ག་དང་། འཕེལ་རིམ། སྐུ་གསུང་ཐུགས་རྟེན། གྲྭ་ཚང་གི་སྒྲིག་གཞི་དང་བཀོད་པ་སོགས་བརྗོད་ཀྱིས་མི་ལངས་པས་འདིར་ཡིག་ཚོགས་ལ་འཇིགས་པས་མི་བརྗོད་དོ། ཞིབ་པར་གཟིགས་འདོད་ན་མཁས་དབང་སྤྲུལ་སྐུ་དུང་དཀར་རིན་པོ་ཆེས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོར་གཟིགས།
འབྲེལ་ཡོད་འོས་སྦྱོར།