༄༅།།འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-08
ཀློག་གྲངས།:
22356


འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ཀྱི་ལོ་རྒྱུས་ནི་ལོ་ངོ་༨༧༠ཡར་སྔོན་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་བའི་དུས་ལ་གཏུགས་ཆོག་ཏེ། སྤྱི་ལོ་༡༡༧༩ལོར་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་སྲོལ་བཏོད་ཅིང་གསར་དུ་བཞེངས་པའི་མཚམས་ཁང་དུ་འབུད་དཀྲོལ་བྱེད་པའི་སྲོལ་དུ་ཆགས་པ་རེད། འབྲི་གུང་ཆོས་རྒྱལ་སྐུ་ཕྲེང་བཅུ་བདུན་པ་རིན་ཆེན་ཕུན་ཚོགས་ཀྱི་དུས་སུ་ལོ་རེ་བཞིན་རྡོ་རྗེ་གྲོ་ལོ་འཁྲབ་པའི་སྲོལ་བཏོད་པ་དང་མཉམད་དུ་འབྲི་གུང་བཀའ་བརྒྱུད་ཆོས་ལུགས་རོལ་དབྱངས་ཀྱིས་ལྷ་འཆམ་ལ་རམ་འདེགས་བྱས་ཤིང་རིམ་བཞིན་ཅུང་ཆ་ཚང་དང་ཚད་ལྡན་གྱི་རོལ་ཚོགས་ཤིག་ཏུ་གྱུར་ཡོད། དུས་རབས་བཅོ་ལྔ་པའི་རྗེས་སུ་རོལ་ཚོགས་ཏེ་རིམ་བཞིན་གཏན་འཇགས་དང་སྒྲིག་གཞི་ཅན་དུ་གྱུར་ཞིང་རོལ་ཆས་བཅུ་ཕྲག་ལྷག་ཇེ་མང་དུ་སོང་བ་དང་བསྟུན་ནས་འབུད་དཀྲོལ་གྱི་སྒྱུ་རྩལ་ནུས་པ་མུ་མཐུད་ནས་ཇེ་མཐོར་སོང་བས་བོད་ལྗོངས་དགོན་སྡེ་ཁག་གི་ཆོས་ལུགས་མཛད་སྒོ་དག་ཏུ་གོ་གནས་གལ་ཆེན་བཟུང་ཡོད་པ་མ་ཟད། མཚན་སྙན་ཡང་ཧ་ཅང་ཆེ།

འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་ཆོ་ག་དང་དགོན་པའི་བྱ་འགུལ་གྱིས་ལོ་༨༠༠ལྷག་ལ་བརྒྱུད་འཛིན་བྱས་པའི་འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་བོད་ལྗོངས་ནང་བསྟན་འབྲི་གུང་བཀའ་བརྒྱུད་པའི་རོལ་ཆས་སྒྱུ་རྩལ་དང་གསོན་ཤུགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཡོད་པའི་རྒྱལ་ཁབ་དང་ས་གནས་སོ་སོར་ཤུགས་རྐྱེན་ཆེན་པོ་ཐེབས་པས་བོད་བརྒྱུད་ནང་བསྟན་གྱིས་ས་གནས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ། མཐའ་མཚམས་རྒྱལ་ཁབ་དང་ས་གནས་ཀྱི་རོལ་མོའི་རིག་གནས་སོགས་ལ་གསར་གཏོད་རང་བཞིན་དང་བོད་ཀྱི་དགོན་སྡེའི་རོལ་མོའི་ཁྲོད་ཚབ་བྱེད་རང་བཞིན་གྱི་ནུས་པ་ཐོན་ཡོད། འདི་ལ་འབུར་དུ་ཐོན་པའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་ཞིང་སྒྱུ་རྩལ་གྱི་ཆ་ནས་ཅུང་མ་ལག་ཅན་དང་ཆ་ཚང་ཅན། རྣམ་པའི་ཐོག་ནས་ཅུང་སྣ་མང་དང་ཚད་ལྡན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་མངོན་ཡོད།
འདི་ལའང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་སོགས་ལྡན་པས་གཤམ་དུ་ཕྱོགས་གསུམ་ནས་ཕྱོགས་བསྡུས་བྱས་ཡོད།
༡ ལོ་རྒྱུས་ཀྱི་རིན་ཐང་ལྡན་པ། འབྲི་གུང་བཀའ་བརྒྱུད་པ་ནི་བོད་ཀྱི་ནང་བསྟན་གྲུབ་མཐའི་ཁྲོད་ཀྱི་གྲུབ་མཐའ་གཙོ་བོ་ཞིག་ཡིན་པས་གཅིག་ནས་བོད་ཀྱི་སྤྱི་ཚོགས་ཐོག་གོ་གནས་ངེས་ཅན་དང་། འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་ལོ་ངོ་༨༠༠ལྷག་གི་ལོ་རྒྱུས་ཡོད་པས་ན་བོད་སྤྱི་དང་བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ཀྱི་ལོ་རྒྱུས་ཁྲོད་རིན་ཐང་ཆེན་པོ་ལྡན་ལ་དོན་སྙིང་གལ་ཆེན་བཟུང་ཡོད།
༢ རིག་གནས་སྒྱུ་རྩལ་གྱི་རིན་ཐང་། འབྲི་གུང་མཐིལ་དགོན་པའི་རོལ་ཆས་ལ་སྲོད་རྒྱུན་དམངས་ཁྲོད་རོལ་ཆས་སྒྱུ་རྩལ་གྱི་ཉིང་བཅུད་མང་པོ་འཛོམས་ཡོད་པ་མ་ཟད། རྒྱ་ནང་། རྒྱ་གར། དབྱི་སི་ལན་རྒྱབ་ཁབ་དང་ས་གནས་ཀྱི་རོལ་ཆས་ཀྱི་ཉིང་བཅུད་ཀྱང་བསྡུ་ལེན་བྱས་ཏེ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པས་རིག་གནས་འབྲེལ་འདྲིས་དང་བརྒྱུད་བསྒྲག་གི་ནུས་པ་བླ་ལྷག་ཐོན་ཡོད་ལ་སྒྱུ་རྩལ་གྱི་ཆ་ནས་རིན་ཐང་མངོན་པར་འཕགས་ཡོད། གཞན་ད་དུང་རིག་གནས་སྣ་མང་གི་འདོད་བློ་སྐུང་བའི་རིན་ཐང་་སོགས་ཀྱང་ཡོད་དོ།།
འབྲི་གུང་དགོན་པས་ལོ་རེར་སྤེལ་བཞིན་པའི་ལྷ་འཆམ་དང་ཆོས་ལུགས་ཆོ་ག་མང་པོས་ཕྱི་ནང་གི་དད་ལྡན་མང་པོའི་མིག་གིས་ལྟ་ས། རྣ་བས་ཉན་སར་གྱུར་ཞིང་༢༠༠༤ལོར་མི་འབོར་ཁྲི་༢༢ཙམ་མིང་དུ་གྲགས་པའི་བྱ་འགུལ་འདིར་ཞུགས་ཡོད་པས་ན་འདི་ལ་རིག་གནས་སྣ་མང་གིས་འདོད་བློ་སྐུང་བར་ཁྱད་ཆོས་དང་རིན་ཐང་སོགས་ཀྱང་ལྡན་ནོ།།
འབྲེལ་ཡོད་འོས་སྦྱོར།