logo

༄༅།།བསྟན་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།:བཅོམ་ལྡན་རིགས་པའི་རལ་གྲིས། ཡོང་ཁུངས།:བོད་ཡིག་གནའ་དཔེ། དུས་ཚོད།:2020-09-11 ཀློག་གྲངས།:
ཨོཾ་སྭསྟི། །ཀུན་མཁྱེན་འགྲོ་བ་ཀུན་གྱི་སྟོན་པ་དང་། །བླ་མའི་ཞབས་ཀྱི་པདྨ་ལ་བཏུད་དེ། །སྟོན་དང་བསྟན་པ་དེ་གཉིས་ཇི་སྲིད་དུ། །གནས་པ་དེ་གསུམ་འདིར་ནི་བཤད་པར་བྱ། །འདིར་བསྟན་པ་རྒྱན་གྱི་མེ་ཏོག་ལ། སྟོན་པ། བསྟན་པ། དེ་གཉིས་གནས་པའི་ཚད་བཤད་པའོ། །
དང་པོ་ནི། བདག་ཅག་གི་སྟོན་པ་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནི། མདོ་སྡེ་བསྐལ་པ་བཟང་པོ་ལྟར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ། རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན་བསྐྱེད་པ་ཡིན་ལ། མདོ་སྡེ་སྙིང་རྗེ་པད་དཀར་ལྟར་ན། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། །སྟོན་པ་འདི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བློན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན་བསྐྱེད་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལྟར་ན། རྒྱལ་པོའི་བུ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པ་ན་སངས་རྒྱས་འོད་འཕྲོའི་ཕུང་པོ་ལ་སེམས་བསྐྱེད་པ་ཡིན་ནོ། །
གཉིས་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚུལ་ནི། གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ཏོ། །དེ་ནི་དང་པོ་དང་ཐ་མ་ནི་མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་བྱ་སྟེ། གྲངས་མེད་དང་པོའི་ཐ་མ་ལ་སངས་རྒྱས་རིན་ཆེན་གཙུག་ཏོར། གཉིས་པའི་ཐ་མར་མར་མེ་མཛད། གསུམ་པའི་ཐ་མར་རྣམ་གཟིགས། ཐམས་ཅད་ཀྱི་དང་པོར་ཤཱཀྱ་ཐུབ་ཅེས་པའི་དོན་ཏོ། །ཡང་ན་དེས་སངས་རྒྱས་བསྟེན་པའི་ཐ་མ་ནི་བསྐལ་པ་བཟང་པོ་འདི་ལ་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པ་ནས་སངས་རྒྱས་འོད་སྲུངས་བསྟེན་ཏོ། །
གསུམ་པ་དེ་སངས་རྒྱས་ཚུལ་ཡང་ཐེག་པ་ཆེན་པོར་ལྟར་ན། གྲངས་མེད་དང་པོ་ལ་ས་དང་པོ་མན་ཆད། གཉིས་པ་ལ་ས་བདུན། གསུམ་པ་ལ་ས་བཅུ་པ་མན་ཆད་དང་། ས་བཅུ་པའི་རྟེན་ལ་འོག་མིན་གྱི་གནས་སུ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་སྤྲུལ་པ་བསྟན་པར་འདོད་དེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་འཆི་བ་བསླུ་བ་ལས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ནས། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་བཤད་པའི་ཕྱིར་རོ། །ཐེག་ཆེན་ཐུན་མོང་བ་ནི། རྒྱལ་པོ་དོན་གྲུབ་ཀྱི་དུས་ན་ས་བཅུ་པར་འདོད་དོ། །ཐེག་ཆུང་བ་ནི། དེའི་དུས་ན་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་དུ་འདོད་དེ། མཛོད་ལས། །འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཅེས་གསུངས་པའི་ཕྱིར། དེ་ལ་མཛད་པ་བཅུ་གཉིས་ནི། འཕོ་དང་ལྷུམས་ཞུགས་བལྟམས་པ་དང་། །བཟོ་རིག་དང་ནི་དགྱེས་རོལ་དང་། །ངེས་འབྱུང་དཀའ་སྤྱད་སྙིང་པོར་གཤེགས། །བདུད་བཏུལ་བྱང་ཆུབ་ཆོས་འཁོར་བསྐོར། །མྱ་ངན་འདས་མཛད་བཅུ་གཉིས་ཡིན། །ཅེས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་སུ་བྱམས་མགོན་ལྷ་རྣམས་ཀྱི་སྟོན་པར་བསྐོས་ཏེ། ལྷ་རྣམས་ལ་གདམས་པ་མཛད་ནས་འཛམ་བུའི་གླིང་དུ་འཕོ་བར་རྩོམ་པ་གང་ཡིན་པ་དེ་དགའ་ལྡན་ནས་འཕོ་བའི་མཛད་པ་ཡིན་ནོ། །ཡུམ་ལྷ་མོ་སྒྱུ་མ་ཆེན་མོ་ལ་གླང་ཆེན་ཐལ་ཀར་མཆེ་བ་དྲུག་དང་ལྡན་པ་ལྷུམས་སུ་ཞུགས་པའི་སྣང་བ་བསྟན་པ་དེ་ནི་ལྷུམས་ཞུགས་ཀྱི་མཛད་པའོ། །ལུམ་བིའི་ནགས་སུ་ཡུམ་གྱི་རྩིབ་མའི་བར་ནས་འཁྲུངས་པ་ནི་བལྟམས་པའོ། །གང་གི་ཚེ་གཞོན་ནུར་གྱུར་པས་སྒྱུ་རྩལ་དང་རྩིས་དང་ཡི་གེ་སོགས་སློབ་པ་དེའི་ཚེ་བཟོ་རིགས་ཀྱིའོ། །འཕགས་པ་རྒྱ་ཆེར་རོལ་པ་ལས། །སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཞེས་གསུངས་སོ། །གང་གི་ཤཱཀྱའི་བུ་མོ་ས་འཚོ་མ་སོགས་བུད་མེད་བརྒྱད་ཁྲི་ཁབ་ཏུ་བཞེས་ཏེ་བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པའོ། །གང་གིས་གནས་གཙང་མའི་ལྷ་རྣམས་ཀྱིས་འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། མཁའ་ལ་ཀློག་འགྱུ་རིང་དུ་མི་གནས་བཞིན། །ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱི། །བརྟུལ་ཞུགས་བཟང་པོ་སྔོན་འབྱུང་དུས་ལ་བབ། །ཞེས་བསྐུལ་ནས་གྲོང་ཁྱེར་སེར་སྐྱ་ནས་བྱུང་བ་གང་ཡིན་པ་དེ་རབ་བྱུང་གིའོ། །དེ་ནས་ཆུ་བོ་ནཻཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་དྲུག་མཛད་པ་དེ་དཀའ་སྤྱད་ཀྱིའོ། །དོན་དེ་དག་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། དགའ་བྱེད་ཆུང་མའི་དོན་གྱི་ཕྱིར། །རྒྱ་མཚོའི་ཕ་རོལ་སོང་ཞེས་གྲགས། །ཁྱོད་ཀྱི་བུད་མེད་སྟོང་ཕྲག་ནི། །བརྒྱད་ཅུ་སྤངས་ནས་ནགས་སུ་གཤེགས། །ཞེས་གསུངས་སོ། །དེ་ནས་བསོད་སྙོམས་ཀྱིས་སྐུ་གསེར་མདོག་གསལ་བར་བྱས་ནས། རྩྭ་འཚོང་བཀྲ་ཤིས་ལ་རྩྭ་བླངས་ནས་མ་ག་དྷ་རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པའོ། །དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་འོད་ཟེར་བཀྱེ་ནས་བདུད་རྣམས་བཏུལ་ཏེ། དེ་དག་གི་སངས་རྒྱས་ལ་བར་ཆད་བྱ་བའི་ཕྱིར་འཕངས་པའི་མཚོན་ཆ་རྣམས་བྱམས་པའི་ཏིང་ངེ་འཛིན་གྱིས་མེ་ཏོག་གི་ཆར་དུ་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་བདུད་བཏུལ་བའི་མཛད་པའོ། །དེ་རྒྱ་ཆེར་རོལ་པ་ལས། ཤཱཀྱའི་སྲས་པོ་རྟེན་ཅིང་འབྱུང་བའི་ཆོས། །རང་གི་ངོ་བོ་མེད་པར་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོ་ཅན་དཔུང་ཚོགས་མཐོང་ཡང་གཡོ་བ་མེད། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་སྟེ། ཡེ་ཤེས་གཉིས་ཡོངས་སུ་རྫོགས་པར་བསྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་པའི་འོ། །དོན་དེ་གཉིས་ལན་མི་ལོན་པར་བསྟོད་པ་ལས། ཁྱོད་ཀྱི་དང་པོ་ལྷ་བུ་ཡི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་རྒྱལ་མཚན་མཐོན་པོ་བཏིབ། །ཁྱོད་ཀྱི་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །དབང་ཕྱུག་ཁྱོད་ཉིད་འཇིག་རྟེན་འདིར། །དཔའ་བོ་རྣམས་ཀྱི་དཔའ་རབ་སྟེ། །ཉོན་མོངས་དབང་ཕྱུག་སྐྱེ་བོ་ལ། །དཔའ་བའི་རབ་ཏུ་གང་ཡིན་བརྩི། །ཁྱོད་ཀྱིས་རང་གཞན་གཉིས་ཀ་ཡི། །རྒྱུད་ལ་ཉོན་མོངས་སྡེ་བཅོམ་པས། །ཁྱོད་བས་དཔའ་མཆོག་གཞན་དང་ནི། །མི་བཟད་གཡུལ་རྒྱལ་གཞན་མ་ཡིན། །ཞེས་གསུངས་སོ། །དེ་ནས་ཞག་བདུན་ཝ་ར་ཎ་སི་ལ་སོགས་པར་ཆོས་གསུངས་པ་དེ་ཆོས་འཁོར་བསྐོར་བའི་མཛད་པའོ། །དེ་ནས་གྲོང་ཁྱེར་རྩྭ་མཆོག་ཏུ་འདུས་བྱས་ཡིན་པར་བསྟན་པའི་ཕྱིར་ཞི་བར་གཤེགས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་མཛད་པ་ཡིན་ཏེ། དོན་དེ་ལུང་ཕྲན་ཚེགས་ལས། །རབ་མཁྱེན་ཐུགས་རྗེ་ལྡན་པའི་སྟོབས་མངའ་བ། །ཤཱཀ་འཁྲུངས་མ་ག་དྷ་འདིར་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་སྟེང་གནས་མྱ་ངན་འདས། །ཞེས་གསུངས་སོ། །དེ་ལ་དང་པོ་དགུ་ནི་བྱང་ཆུབ་སེམས་དཔའི་མཛད་པ་སྟེ། དང་པོ་ལྔ་ཁྱིམ་པའི་དང་། དེ་ནས་བཞི་རབ་བྱུང་དང་། ཐ་མ་གསུམ་སངས་རྒྱས་ཀྱི་མཛད་པ་སྟེ། དེའང་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་པ་བྱེ་བ་ཕྲག་བརྒྱའི་ལ་ལ་ནས་དགའ་ལྡན་ནས་འཕོ་བ་དང་། ལ་ལ་ནས་སངས་རྒྱས་པ་དང་། ལ་ལ་ནས་མྱ་ངན་ལས་འདའ་བ་ལ་སོགས་པ་ཡོད་པ་ལས་གླིང་བཞི་པ་བཅོམ་པ་དང་ལྡན་པ་འདི་ན་མྱ་ངན་ལས་འདས་ནས་དམ་པའི་ཆོས་གནས་པ་ཡིན་ནོ། །
གཉིས་པ་བསྟན་པ་བཤད་པ་ལ། འདིར་བསྟན་པ་ནི་དམ་པའི་ཆོས་ཏེ། དེ་ལ་བཀའ་བཤད་པ་དང་། དེ་ཇི་ལྟར་བསྡུས་ཚུལ། དེ་ལ་འགྲེལ་པ་བྱུང་ཚུལ་དང་གསུམ་ལས། དང་པོ་ལའང་། གནས་གང་དུ། ཆོས་གང་གི། ཚད་ཇི་ཙམ་གནས་པ། སྐད་གང་གིས། འཁོར་གང་ལ། དུས་ཇི་སྲིད་དུ་གསུངས་པ་དང་དྲུག་གོ །
དང་པོ་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ལས། །ཆོས་འཁོར་གནས་དང་ཡངས་པ་ཅན། །པད་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་དགྲར་བཅས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་གཅིག་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པ་བཞུགས་པའི་ཕྱིར། །བསོད་ནམས་དག་གི་གནས་དེ་ལ། །རྟག་ཏུ་ལུས་དང་ངག་དང་ཡིད། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཞེས་གསུངས་པའི་དཀའ་བ་སྤྱད་པ་དང་། ཁབ་ཀྱི་གནས་མ་གཏོགས་པར་སྡེ་སྣོད་གསུམ་ཅི་རིགས་པར་གསུངས་སོ། །རྒྱུད་རྣམས་ཁ་ཅིག་ན་རེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་འདུལ་བའི་དོན་དུ་ཐུབ་པས་བཀའ་བསྒོས་ནས་ཕྱག་ན་རྡོ་རྗེས་ཨཽ་རྒྱན་དུ་གསུངས་ཟེར་རོ། །ཁ་ཅིག་ན་རེ། དང་པོའི་སངས་རྒྱས་ལས། །སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །དེ་བཞིན་དཔལ་ལྡན་འབྲས་སྤུངས་སུ། །ཆོས་བསྟན་སྔགས་ཀྱི་ཚུལ་རབ་གསུངས། །ཞེས་གསུངས་པའི་ཕྱིར་རོ། །རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་སྤུངས་སུ་གསུངས་ཞེས་ཟེར་ཏེ། དེའང་སྡེ་སྣོད་གསུམ་དང་། བྱ་རྒྱུད་སྤྱོད་པའི་རྒྱུད་ནི་རབ་བྱུང་གི་སྐུས་གསུངས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་སོགས་པ་ནི་འཁོར་ལོས་བསྒྱུར་བ་ཁྱིམ་པའི་སྐུར་སྤྲུལ་ནས་གསུངས་སོ། །
གཉིས་པ་བསྟན་བཅོས་ལ། མཚན་ཉིད། དབྱེ་བ། བསྡུ་བ། སྒྲ་དོན་དང་བཞི་ལས། དང་པོ་ནི། རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ཟློག་པ་གཞན། །ཅེས་གསུངས།
གཉིས་པ་དབྱེ་བ་ནི། སྔགས་ཕར་ཕྱིན་གཉིས་སམ། ཐེག་པ་ཆེ་ཆུང་གཉིས་སམ། སྡེ་སྣོད་གསུམ་མམ། གསུང་རབ་ཡན་ལག་བཅུ་གཉིས་སོ། །
དང་པོ་གཉིས་ཀས་སངས་རྒྱས་ཐོབ་པར་དོན་གཅིག་ཀྱང་གྲུབ་ཆེན་བརྒྱད་ལ་སོགས་པ་ཐབས་སྣ་ཚོགས་ལ་མ་རྨོངས་པ་དང་། ཕྲིན་ལས་བཞི་ལ་སོགས་པ་གཞན་གྱི་ཐབས་མང་བ་དང་། འདོད་ཡོན་ལམ་དུ་བྱེད་པས་དཀའ་བ་མེད་པ་དང་། དབང་པོ་ཤིན་ཏུ་རྣོན་པོས་བསྒྲུབ་པར་བྱ་བ་བཞིས་ཕར་ཕྱིན་ལས་ཁྱད་པར་འཕགས་པ་ཡིན་ཏེ། སློབ་དཔོན་ཏྲི་པ་ཏི་ཀ་མ་ལའི་ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཞེས་འཆད་དོ། །དེའང་སློབ་དཔོན་འཕགས་པ་ལྷ་ནི་རིག་པ་སྡེ་སྣོད་ཅེས་བྱ་བ་བཞི་ཡིན་པར་བཞེད་དོ། །སློབ་དཔོན་ཤནྟི་པ་ནི། ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེ་ཡིན་གསུང་། སློབ་དཔོན་ཨ་བྷྱ་ཀ་ར་ནི་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀར་བཞེད་དོ། །ཁ་ཅིག་ནང་གི་མངོན་པ་ཡིན་ཟེར་རོ། །
གཉིས་པ་ནི། ཐེག་པ་གང་ཡིན། སངས་རྒྱས་ཐོབ་པར་བྱེད་པ་དང་མི་བྱེད་པ་ཡིན་ལ་ཉན་རང་གི་ཐེག་པའི་ཁྱད་པར། ཐེག་པ་གང་གི་ཉན་ཐོས་དང་། རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཐེག་པ་ནི་འདིས་འགྲོ་བའི་ལམ་ལ་བྱའོ། །
གསུམ་པ་ནི། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུས་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་གསུང་། དང་པོ་ནི། གསུམ་པོ་ཐེག་པའི་བྱེ་བྲག་གིས་གཉིས་སུ་འགྱུར་ལ། ཤེས་བྱ་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་དོ། །དེ་ནི་རྒྱུ་དགུས་གསུམ་དུ་བཞག་སྟེ། ལས་འབྲས་སོགས་ལ་ཐེ་ཚོམ་སྐྱེ་བའི་གཉེན་པོར་མདོ་སྡེ། སྤྱོད་པ་མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བ། རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་མངོན་པའོ། །རྒྱུ་གཉིས་པ་ནི། བསླབ་པ་གསུམ་ལ་ལྟོས་ཏེ་གསུམ་མོ། །
གསུམ་པ་ནི་མདོ་སྡེས་རྒྱུ་འབྲས་སོགས་ཞིབ་པར་འཆད་དོ། །འདུལ་བས་ཆོས་དེ་དག་དེ་དང་སྤང་བླང་གིས་སྒྲུབ་བོ། །མངོན་པས་ཆོས་རྣམས་ཀྱི་འབེལ་བའི་གཏམ་ལ་མཁས་པར་བྱེད་དོ། །དེ་དག་ལ་ཐོས་པ་བྱས་པས་སེམས་ལ་བག་ཆགས་འཇོག བསམ་པ་བྱས་པས་རྟོགས་པར་བྱེད། སྒོམ་པས་ནི་ཞི་གནས་ཀྱིས་སེམས་ཞི་བར་བྱེད། ལྷག་མཐོང་གིས་གྲོལ་བར་བྱེད། ཅེས་སྟོན་པ་ཡིན་ནོ། །ཡང་མདོ་སྡེ་རྒྱན་ལས། མཚན་ཉིད་བཞི་བཞི་དང་ལྡན་པར་གསུངས་སྟེ། མདོ་དང་ཆོས་མངོན་འདུལ་བ་དང་། །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུངས་སོ། །དེ་ལ་ཉན་ཐོས་པ་རྣམས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་པས་ཀྱང་ཟག་པ་ཟད་པ་ཐོབ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡེ་སྣོད་གསུམ་མ་ལུས་པར་ཤེས་ན་ཐམས་ཅད་མཁྱེན་པ་འཐོབ་བོ། །
བཞི་པ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་སོ། །དེ་ལ་མདོ་སྡེ་ནི། ཚིག་ལྷུག་པས་དོན་ཟབ་མོ་མདོ་ཙམ་དུ་སྟོན་པའོ། །དབྱངས་སུ་བསྙད་པ་ནི། དེ་ཉིད་ལ་འདི་སྐད་ཅེས་བྱ་སྟེ། ཞེས་བར་དང་ཐ་མར་ཚིགས་བཅད་བྱས་པའོ། །ལུང་བསྟན་པ་ནི་ཉན་རང་བྱང་སེམས་ལ་སོགས་པ་དུས་གསུམ་དུ་ཅིར་འགྱུར་བར་ལུང་བསྟན་པའོ། །ཚིགས་སུ་བཅད་པ་ནི། ཚིགས་རྐང་པ་གཉིས་ནས་དྲུག་གི་བར་སྦྱར་བའོ། །ཆེད་དུ་བརྗོད་པ་ནི་གཞན་གྱིས་མ་ཞུས་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་པ་གནས་པར་བྱ་བའི་ཕྱིར་གསུངས་པ་སྟེ། དཔེར་ན་ཕྱི་དྲོའི་དུས་སུ་ཡང་དག་འཇོག་ལས་བཞེངས་ཏེ། གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཞེས་པ་ལྟ་བུ་ཡིན་ནོ། །གླེང་གཞི་ནི། བསླབ་པ་དང་བཅས་པ་བརྗོད་པའོ། །རྟོགས་པ་བརྗོད་པ་ནི། གོ་བར་བྱ་བའི་ཕྱིར་དཔེ་དང་བཅས་པ་བརྗོད་པའོ། །དེ་ལྟ་བུ་བརྗོད་པ་ནི་སྔོན་བྱུང་བའི་གཏམ་བརྗོད་པའོ། །སྐྱེས་རབས་ནི། སྔོན་སངས་རྒྱས་ཉིད་བྱང་ཆུབ་སེམས་དཔར་སྐྱེས་པའི་སྤྱོད་པ་བརྗོད་པའོ། །ཤིན་ཏུ་རྒྱས་པ་ནི། ཆོས་ཤིན་ཏུ་རྒྱས་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་རྒྱ་ཆེ་ཞིང་ཡངས་པ་འཆད་པའོ། །རྨད་དུ་བྱུང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མཁྱེན་པ་དང་། རྫུ་འཕྲུལ་དང་བྱིན་རླབས་ལ་སོགས་པ་ངོ་མཚར་བ་དུ་མ་བརྗོད་པའོ། །གཏན་ལ་དབབ་པ་ནི། མདོ་ཙམ་དུ་བསྟན་པའི་དོན་ཤིན་ཏུ་ཞིབ་པར་འཆད་པའོ། །དེ་དག་སྡེ་སྣོད་གསུམ་གང་གི་མཚན་ཉིད་ལྡན་པ་དེ་ནི་དེའི་ནང་དུ་བསྡུའོ། །
གསུམ་པ་བསྡུ་བ་ནི་ཕྱེ་བ་ན་དེ་དག་ཀྱང་འཕགས་པ་སྡུད་པ་ལྟ་བུ་ཞལ་ནས་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པའི་བཀའ་སྡུད་པའི་མན་ངག་ལྟ་བུ་རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་སྡེ་སྣོད་གསུམ་དུ་འདུ་ལ། འདི་ལའང་སྐུས་བྱིན་གྱིས་བརླབས་པ་མདོ་སྡེ་ས་བཅུ་པ། གསུང་གིས་བརྒྱད་སྟོང་པའི་ཆ་ཤས། ཐུགས་ཀྱིས་ཤེས་རབ་སྙིང་པོ་ལྟ་བུའོ། །
བཞི་པ་སྒྲ་དོན་ནི། ཆོས་སྒྲ་རྣམ་པར་བཤད་པའི་རིགས་པ་ལས། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་གྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་གསུངས་པའི་དོན་ནི། འདི་ལྟར་ཆོས་ཐམས་ཅད་བདག་མེད་ཅེས་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་པ་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ཞེས་པ་དང་། བསོད་ནམས་བྱེད་པ་ལ་ཆོས་བྱེད་ཅེས་པ་དང་། མཐོང་བའི་ཆོས་ལ་མྱོང་བ་མཐོང་ཆོས་ཞེས། ལུས་འདི་ནི་རྣམ་པའི་ཆོས་ཞེས་པ་དང་། བཞི་པོ་འདི་ནི་ངེས་པར་བྱ་དགོས་པའི་དགེ་སློང་གི་ཆོས་བཞི་སྟེ། ཞེས་པ་རྣམས་ཡིན་ལ། ཡིད་ཀྱི་ཡུལ་དང་། གསུང་རབ་དང་། ཆོས་གསུམ་ནི་གསལ་ལོ། །དེ་ལེགས་པར་སྦྱར་བའི་སྒྲ་ལས། དྷརྨ་ཅེས་པའི་ར་དཀྱུས་སུ་བཀླག་སྟེ། མ་མེད་པར་བྱས་ན་དྷ་ར་ཅེས་པ་འཛིན་པ་ལ་འཇུག་ལ། ཤེས་བྱ་རྣམས་ནི་རང་གི་མི་ཟད་འཛིན། ལམ་རྣམས་ནི་འཁོར་བར་ལྟུང་བའི་ལས་དང་། ཐེག་ཆེན་གྱི་ལམ་ནི་ཐེག་དམན་དུ་ལྟུང་བའི་ལས་དང་། བསོད་ནམས་ཀྱི་ངན་སོང་དུ་ལྟུང་བའི་ལས་དང་། གསུང་རབ་བརྗོད་བྱ་འཛིན་པས་ན་འཛིན་པ་ཞེས་པར་འགྱུར་རོ། །བཀའི་མིང་གི་རྣམ་གྲངས་གསུང་རབ། གཙུག་ལག་བསྟན་བཅོས་ལ་སོགས་པ་ཡི་གེ། བསྟན་བཅོས་ནི་ཤ་ཏྲ་ཅེས་པའི་ཤ་ནི་འཆོས་པ་དང་། ཏྲ་ཡ་ཏི་ཅེས་པ་སྐྱོབ་པ་ལ་འཇུག་པས། འདི་ནི་སྒྲ་བཤད་དུ་ཡོད་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །
གསུམ་པ་ཚད་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་དེ་སྙེད་གསུངས་པ་ལས། ཆོས་ཕུང་གཅིག་གི་ཚད། ཐེག་ཆུང་པ་ཁ་ཅིག བསྟན་བཅོས། ཆོས་ཀྱི་ཕུང་པོ་ཞེས་པ། ཤ་རིའི་བུས་བྱས་པ་དེ་དང་མཉམ་པ་སྟེ། ཤླཽ་ཀ་དྲུག་སྟོང་ཡོད་ཅེས་ཟེར་རོ། །ཁ་ཅིག་ན་རེ། ཕུང་པོ་ཁམས་སྐྱེ་མཆེད། རྟེན་འབྲེལ་བདེན་བཞི། བསྟན་ནམ་གཟུགས་མེད། ཚད་མེད། མངོན་ཤེས་ལ་སོགས་པའི་གཏམ་རྒྱུད་རེ་རེ་ཡིན་ཟེར་རོ། དེ་ཡང་མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཅེས་གསུངས་སོ། །ཐེག་པ་ཐུན་མོང་བ་རྣམས་དེའི་ཚད་ཚིགས་སུ་བཅད་པ་སྟོང་ཡིན་ཏེ། ཆོས་ཕུང་ཐམས་ཅད་ལ་ཚིགས་སུ་བཅད་པ་བྱེ་བ་ཕྲག་བརྒྱད་དང་། ས་ཡ་ཕྲག་བཞིར་འགྱུར་རོ་ཞེས་ཟེར་རོ། །ཐེག་ཆེན་པ་ནི། གླང་པོ་ཆེ་རབ་བརྟན་གྱི་ཐེགས་པའི་སྣག་ཚས་ཆོས་ཕུང་གཅིག་བྲི་བར་ནུས་ཏེ། མདོ་དྲིན་ལན་བསབ་པ་ལས། ལྷ་སྦྱིན་ལ་སྤོས་ཀྱི་གླང་པོ་ཆེ་དྲུག་ཁྲིས་ཐེགས་པའི་མདོ་བློ་ལ་ཡོད་པར་བཤད་དོ། །དེ་དག་ནི་ལྷའི་གནས་དང་། མིའི་གླིང་ཕྲན་དང་། ཀླུ་རྣམས་ཀྱི་གནས་ན་བཞུགས་ཏེ། ཙནྡྲ་གོ་མིའི་སློབ་མ་ལ་སྤྲིངས་བ་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་གསུངས་སོ། །དེའང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟེང་ཕྲག་བཞི། གཉིས་ཀའི་རྒྱུད་སྟེང་ཕྲག་དྲུག རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྟོང་ཕྲག་བཅུ་བཞི་གསུངས་པར་བཤད་པ་ལས། དགྱེས་པ་རྡོ་རྗེ་འབུམ་ཕྲག་ལྔ་པ་ནི། འདར་བྱེད་ཀྱི་གླིང་ན་བཞུགས་སོ། །བདེ་མཆོག་མཁའ་འགྲོ་མ་དྲ་བ་སྡོམ་པ་རྒྱ་མཚོའི་རྒྱུད་དང་། གཤིན་རྗེ་གཤེད་དམར་འབུམ་ཕྲག་གསུམ་དང་། དོན་ཞགས་ཀྱི་རྒྱུད་འབུམ་ཕྲག་བདུན་ལ་སོགས་པ་རྒྱུད་ཕལ་ཆེ་བ་ནི། ཨཽ་རྒྱན་ན་བཞུགས་སོ། །སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་ནི་ཁ་ཆེའི་ཀླུའི་རྒྱལ་པོ་བ་སུ་ཏའི་གནས་ན་བཞུགས་སོ། །མདོ་སྡེ་རྣལ་འབྱོར་སྤྱོད་པ་ས་ཆེན་པོ་ལ་སོགས་པ་ནི་དགའ་ལྡན་ན་བཞུགས་སོ། །རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་བརྒྱ་པ་ནི། དྲི་ཟའི་རྒྱལ་པོའི་རྣམ་པར་རྒྱལ་བའི་གནས་ན་ཡོད་ལ། འབྲིང་འབུམ་ཕྲག་བྱེ་བ་བརྒྱ་པ་ནི། ལྷའི་དབང་པོའི་གནས་ན་ཡོད་ཅེས་གྲག་གོ །འབུམ་ནི་ཀླུ་ཡུལ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྱན་དྲངས་སོ། །དེ་དག་ལས་སྡུག་བསྔལ་གྱི་ཕུང་པོའི་མདོ་དང་། འཆར་བྱེད་ཀྱིས་ཞུས་པ་དང་། བླ་བ་དང་། ཀུན་དགའ་བོའི་མདོ་ལ་སོགས་པ་མང་པོ་ཞིག་ནི་གཏན་ནུབ་པར་གྱུར་ཏེ། རྣམ་བཤད་རིགས་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཅེས་གསུངས། སངས་རྒྱས་ཕལ་པོ་ཆེ་དང་དཀོན་མཆོག་བརྩེགས་པ་དང་། མྱ་ངན་ལས་འདས་པ་དང་། ལང་ཀར་གཤེགས་པ་ལ་སོགས་པ་རེ་རེ་ལའང་ཤླཽ་ཀ་དང་ལེའུ་ཅི་རིགས་པ་འབུམ་ཡོད་པ་ལ། སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་མེས་བསྲེག་པའི་ལྷག་མ་ཇི་ཙམ་རྙེད་པ་བསྡུས་ཤིང་། ཆོས་མངོན་པའི་མདོ་རྣམས་ནི་མེ་དགྲ་ལན་གསུམ་བྱུང་བས་ནུབ་བོ་ཞེས་གྲག་གོ །
བཞི་པ་སྐད་ནི། གདུལ་བྱ་སྣ་ཚོགས་པའི་སྐད་ཀྱིས་གསུངས་ཏེ། དང་པོའི་སངས་རྒྱས་ལས། རང་རང་སྐད་ཀྱི་ཁྱད་པར་རྣམས་ཀྱིས་ནི། །སྲིད་གསུམ་མ་ལུས་ལམ་ལ་ལེགས་བཀོད་ནས། །ཀུན་མཁྱེན་གསུང་ནི་ཞི་བདེའི་འབྲས་བུ་སྟེར། །ལྷ་ཡི་སྐད་པས་དེ་དག་ག་ལ་འགྱུར། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་སྡེ་སྣོད་གསུམ་མངྒ་དྷ་དང་། སིན་དྷུའི་སྐད་ཀྱིས་གསུངས་སོ། །མདོ་སྡེ་འགའ་ཞིག་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པ་དང་སྔགས་གཉིས་ནི་ལེགས་པར་སྦྱར་བ་དང་། པྲ་ཏི་ཏ་དང་། རི་ཁྲོད་ལ་སོགས་པ་སྐད་དུ་མས་གསུངས་སོ། །ཞེས་འགྲེལ་ཆེན་དྲི་མེད་འོད་ལས་བཤད་དོ། །
ལྔ་པ་འཁོར་ནི། བཀའ་དང་པོ་བདེན་པ་བཞི་ནི། ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ཀཽ་ཌི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་ལྔ་སྡེ་ལ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །རྣམ་པ་བཅུ་གཉིས་ནི། དང་པོ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ། །ཞེས་སོགས་བདེན་བཞིའི་ངོ་བོ་ཙམ་དུ་གསུངས་པ་ཡིན་ལ། གཉིས་པ་ནི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་འཆད་པ་ཡིན་ནོ། །གསུམ་པ་ནི་དེ་དག་གི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་སྡུག་བསྔལ་ཤེས་པར་བྱ་ཞེས་པ་ནས་ལམ་སྒོམ་དུ་མེད་དོ་ཞེས་པའི་བར་དུ་འཆད་པ་ཡིན་ནོ། །འདི་ནི་བརྗོད་བྱ་གང་ཟག་གི་བདག་མེད་ཙམ་དང་། རིགས་མ་ངེས་པ་འཆད་པ་ཡིན་ནོ། །བར་པ་མཚན་ཉིད་མེད་པ་ནི། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལ་སོགས་པ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་གསུངས་སོ། །དེ་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། ཐེག་པ་གཅིག་ཏུ་འཆད་པ་ཡིན་ནོ། །ཐ་མ་དོན་དམ་རྣམ་ངེས་ནི་རྒྱ་མཚོའི་རི་མ་ལ་ཡ་ལ་སོགས་པར་ལྷ་ཀླུ་སོགས་ཐེག་ཆེན་གྱི་འཁོར་སྣ་ཚོགས་ལ་གསུངས་པ་ཡིན་ནོ། །དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་གསུམ་དུ་བསྟན་པ་ཡིན་ནོ། །དྲུག་པ་དུས་ཇི་སྲིད་དུ་གསུངས་པ་ནི། ཐུབ་པ་ལོ་བཅུ་དྲུག་པ་ལ་སངས་རྒྱས་ནས་བརྒྱད་ཅུའི་བར་དུ་གསུངས་སོ། །དེ་ལ་ཁ་ཅིག་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལ། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །ཞེས་གསུངས་པའི་ཕྱིར། དུས་གཅིག་ཏུ་གསུངས་སོ། །ཞེས་གསུངས་སོ། །གཞན་དག་ན་རེ། རྒྱལ་བའི་ཡུམ་ལས། ཨེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བྱུང་ཞེས་གསུངས་པས་རིམ་གྱིས་གསུངས་ཞེས་ཟེར་རོ། །འདི་ལ་ཁ་ཅིག བཀའ་དང་པོ་མི་ལོ་བདུན། གཉིས་པ་ལ་སུམ་ཅུ། གསུམ་པ་ལ་བརྒྱད་གསུངས་ཟེར་ཏེ་འདི་ལ་ལུང་མ་མཐོང་ངོ་། །གསུམ་པ་དེ་དག་བསྡུ་བ་བྱས་པའི་ཚུལ་ནི། ཐེག་པ་ཁ་ཅིག རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སམྦྷ་ཝ་ཞེས་བྱ་བར་བྱམས་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དུ་མས་བསྡུས་པ་ཡིན་ཟེར་རོ། །ཉན་ཐོས་པ་དང་། ཐེག་པ་ཐུན་མོང་བ་ཁ་ཅིག སངས་རྒྱས་མྱ་ངན་ལས་འདས་པའི་དབྱར་ནྱ་གྲོ་དྷའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་ནས་དགྲ་བཅོམ་པ་ལྔ་བརྒྱར་འཕགས་པ་བ་ལང་བདག་གིས་མ་ཚང་བས་བསྡུས་སོ་ཞེས་འདོད་དོ། །དེ་ལ་འཕགས་པ་བ་ལང་བདག་སུམ་ཅུ་རྩ་གསུམ་གྱི་གནས། ཤི་རི་ཀའི་གཞལ་མེད་ཁང་ན། དབེན་པར་གནས་པའི་ཚེ། ཚེ་དང་ལྡན་པ་གང་པོས་བྱོན་ཏེ། དགེ་འདུན་གྱི་བྱ་བ་ལ་འཛམ་བུ་གླིང་དུ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས། དེས་སངས་རྒྱས་མྱ་ངན་ལས་འདས་པར་དགོངས་ཏེ། ཨ་རོག་ཀྱ་སངས་རྒྱས་འཇིག་རྟེན་གྱི་ཁམས་གཞན་དུ་མ་གཤེགས་སམ། ཆོས་ཀྱི་འཁོར་ལོ་མུ་སྟེགས་པས་མ་བཟློག་གམ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀློག་འདོན་གྱི་བྱ་བ་ལས་བློ་བསྒྱུར་ནས་བྲེ་མོའི་གཏམ་གྱིས་དུས་འདའ་བར་མི་བྱེད་དམ། སད་པར་བྱེད་པའི་མགོན་པོ་མ་གཟིགས་སམ། ཞེས་དྲིས་སོ། །གང་པོས་སྨྲས་པ། །གྲུ་ཆེན་རྒྱལ་བ་དེ་ཞིག་སྟེ། །ཡེ་ཤེས་རི་ཡང་རྣམ་པར་ཉིལ། །བསྟན་པ་རབ་མཆོག་ལྡན་པ་ཡི། །དགེ་སློང་མང་པོ་རྣམས་ཀྱང་ཞི། །གྱི་ན་མ་ལེགས་པ་མང་ནི། །བདག་ནི་ཕོ་ཉར་འདིར་འོངས་ན། །བསྟན་པ་གནས་པར་བྱ་བའི་ཕྱིར། །དེ་བས་ཁྱོད་ནི་ལེགས་པར་བཞུད། །ཅེས་སྨྲས་པས། བ་ལང་བདག་གི་ཞལ་ནས། འགྲོ་བའི་མགོན་པོ་སྒྲོན་མ་བཞུགས་ན་དེར། །བདག་ནི་འགྲོ་བར་བྱ་ཞེས་བློ་ཡོད་ཀྱང་། །དེ་བས་རབ་ཞི་ཕ་རོལ་གཤེགས་གྱུར་ན། །བློ་ལྡན་སུ་ཞིག་དེར་ཡང་འགྲོ་བར་བྱེད། །ལྷུང་བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་རྣམས་ལ་འབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་ཉེས་པ་འཕགས་ལ་བཟོད་པར་གསོལ། །ཞེས་སྨྲས་ནས། ཡོངས་སུ་མྱ་ངན་ལས་འདས་ཏེ། ལུས་ཡེ་ཤེས་ཀྱི་མེས་བསྲེགས་སོ། །དེ་ནས་མེ་དེ་བསིལ་བར་བྱེད་པ་ཆུ་བོའི་རྒྱུན་བཞི་ལས། ཚིགས་སུ་བཅད་པ་བཞི་བྱུང་སྟེ། དང་པོ་ལས། འདི་ལྟར་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་རང་གི་ལས་ལ་བརྟེན། །འགྲོ་བའི་སྒྲོན་མ་དེ་འདས་པས། །ཐམས་ཅད་འགྲོ་བ་འཇུག་པར་རྟོགས། །ཞེས་གསུངས་སོ། །གཉིས་པ་ལས། འདུས་བྱས་བསགས་པ་སྐད་ཅིག་འཇིག་འགྱུར་ཏེ། །སྐྱེ་ལ་སོགས་པའི་ཉོན་མོངས་སྡུག་བསྔལ་ལྡན། །སོ་སོ་སྐྱེ་བོ་བདག་ཏུ་ང་རྒྱལ་ཏེ། །དེ་དག་བྱེད་པ་མེད་པར་རིགས་པར་བྱེད། །ཞེས་སོ། །གསུམ་པ་ལས། མཁས་རྣམས་རྟག་ཏུ་དགོངས་པ་བག་ཡོད་པའི། །བསོད་ནམས་ཡིད་ལ་བྱེད་པ་དེ་བརྩོན་བྱ། །འབྱུང་པོའི་ཚོགས་ཀུན་སོང་ཞིང་འཇིག་འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་འགྱུར། །ཞེས་འབྱུང་ངོ་། །བཞི་པ་ལས། ཐུབ་པ་དེ་ལ་བློ་མཆོག་ཡང་དག་འདུད། །རང་གི་དགོས་པ་མ་ལུས་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དང་བས་བླ་མ་ཡི། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང་། །ཞེས་འབྱུང་ངོ་། །དེ་ནས་གང་པོ་ལྷུང་བཟེད་དང་ཆོས་གོས་རིང་བསྲེལ་བསྡུས་ཏེ། འཛམ་བུ་གླིང་དུ་འོངས་ནས་དགེ་སློང་རྣམས་ལ་ཕུལ་ཏེ་ཇི་ལྟར་འབྱུང་བ་སྨྲས་པ། འཕགས་པ་འོད་སྲུང་ཆེན་པོས་དགྲ་བཅོམ་པ་རྣམས་ལ་རེ་ཞིག་མྱ་ངན་ལས་མི་འདའ་བར་ཁྲིམས་བྱས་ཏེ། འཕགས་པ་ཀུན་དགའ་བོ་དགྲ་བཅོམ་གྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། འབྲི་རྫིའི་གནས་སུ་བསྐྲད་དོ། །དེས་དེར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ཏེ། སླར་ཡང་དགྲ་བཅོམ་རྣམས་ཀྱི་ནང་དུ་འོངས་ནས། བསྡུ་བ་མཛད་པ་ནི། ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱི་འདུལ་བ། འོད་སྲུངས་ཆེན་པོས་མངོན་པ་བསྡུས་སོ། །ཡང་སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རང་དང་། ཀུན་སྤྱོད་སྣོད་དང་ལན་ཚན་དང་། ལམ་དང་སོར་གྱིས་དཀྲུགས་པ་གདིང་། གསེར་གྱི་རུང་བ་བྱ་བ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་མི་རུང་བའི་གཞི་བཅུ་བྱས། དེ་བསལ་བའི་ཕྱིར་ཡངས་པ་ཅན་དུ་དགྲ་བཅོམ་པ་བཞི་ལྡན་ལ་སོགས་པ་བདུན་བརྒྱས་དེ་དག་བསལ་ནས་བསྡུ་བ་གཉིས་པ་མཛད་དོ། །དེ་དག་ནི་ཕྲན་ཚེགས་ལས་འབྱུང་ངོ་། །ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ཁ་ཆེའི་ཡུལ་ཛ་ལནྡྷ་རར་རྒྱལ་པོ་ཀ་ནིས་ཀས་སྦྱིན་བདག་མཛད་ནས། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱས་བསྡུ་བ་གསུམ་པ་མཛད་དོ། །གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་དེའི་ཚེ་གསུང་ཡི་གེར་བཀོད་དོ་ཞེས་གྲག་གོ །
གསུམ་པ་དེ་དག་ལ་འགྲེལ་པ་ཇི་ལྟར་བྱུང་བའི་ཚུལ་ལ་གསུམ་ལས། དང་པོ་ནང་རིག་པའི་བསྟན་བཅོས་ཀྱི་མཚན་ཉིད་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐུབ་པས་གསུངས་པའི་ཚིག་དོན་བཤད་པས་གདུལ་བྱའི་བློ་ཐར་པ་དང་མཐུན་པར་འཆོས་པ་ཡིན་ཏེ། རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །ཅེས་སོགས་གསུངས་སོ། །
གཉིས་པ་དབྱེ་བ་ནི། བརྗོད་བྱ་བཀའི་སྒོ་ནས་དབྱེ་ན། བཀའི་དབྱེ་བ་ལྟར་རོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་ན། མངོན་རྟོགས་རྒྱན་ལྟ་བུ་བཀའ་ཟབ་མོའི་དོན་རྣམ་པར་འབྱེད་པ་དང་། སྤྱོད་འཇུག་ལྟ་བུ་འཁྲུག་པ་གོ་རིམ་དུ་སྡེབ་པ་དང་། ཆོས་མངོན་པ་ལྟ་བུ་རྒྱ་ཆེན་པོ་སྡུད་པ་སྟེ་གསུམ་མོ། །
གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ལ། ནང་རིག་པའི་སྡེ་སྣོད་གསུམ་ལ་འགྲེལ་པ་བྱུང་ཚུལ་དང་། རྒྱུད་སྡེ་བཞི་ལ་བྱུང་ཚུལ། ཕྱི་རིག་པའི་བསྟན་བཅོས་ཇི་ལྟར་བྱུང་ཚུལ་ལོ། །
དང་པོ་ནི། སངས་རྒྱས་བཞུགས་པའི་དུས་ན་ཆོས་མངོན་པ་སྡེ་བདུན་གྱི་བསྟན་བཅོས་བརྩམས་པ་ནི། །ཆོས་ཀྱི་ཕུང་པོ་ཤ་རིའི་བུས། །གདགས་པའི་བསྟན་བཅོས་མོ་གལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷས་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲག །ཅེས་གསུངས། ཁ་ཅིག་འདི་དག་བྱིན་གྱིས་བརླབས་པའི་བཀའ་ཡིན་པར་འདོད། སངས་རྒྱས་འདས་ནས་ལོ་བརྒྱ་ལྷག་ནས། དགྲ་བཅོམ་པ་ཉི་མ་གུང་པ་དང་། ཉེ་སྦས་ལ་སོགས་ཀྱིས་ཐེག་པ་ཆུང་ངུའི་བསྟན་བཅོས་བྱེ་བྲག་གི། བཤད་མཛོད་ཆེན་མོ་འབུམ་དང་མཉམ་པ་གཅིག་མཛད་དོ། །སངས་རྒྱས་འདས་ནས་ལོ་དྲུག་ཅུ་ནས་གྲོང་ཁྱེར་མེ་ཏོག་རྒྱས་པར། རྒྱལ་པོ་མྱ་ངན་མེད་པ་ཞེས་བྱ་བ་བྱུང་ངོ་། །དེ་ནི་སྔོན་མཉན་ཡོད་ཀྱི་བྱིས་པར་གྱུར་པ་ན། སངས་རྒྱས་ལ་ས་སྙིམ་པ་གང་ཕུལ་བས། དེ་འཛམ་བུ་གླིང་ལ་དབང་བའི་རྒྱལ་པོར་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་གདུང་བྱེ་བ་བྱེད་པར་ལུང་བསྟན་ནོ། །དོན་དེ་ཉིད་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པར། ས་འདི་རྒྱ་མཚོ་བཞིའི་སྐེ་རགས་ཆེན་པོས་བསྡམ་པའི་ལྗིད་ཀྱིས་ནི། །ལྕི་ལྕི་འདྲར་འདུག་ཁྱབ་འཇུག་བྱིན་ཡང་སྟོབས་ཆེན་སྡུག་བསྔལ་གནས་སྐབས་གྱུར། །ཐུབ་པ་ལ་ནི་རྡུལ་ཙམ་ཕུལ་ཡང་རྒྱལ་པོ་མྱ་ངན་མེད་པས་པ། །ཟླ་བའི་དཀྱིལ་འཁོར་ཐལ་གྱིས་འོད་ཟེར་གོས་ཅན་ས་སྟེང་མཐའ་དག་ཐོབ། །ཅེས་འབྱུང་ངོ་། །དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་ནས་འདོད་པ་མི་འདྲ་བ་སྣ་ཚོགས་བྱུང་སྟེ། སྡེ་པ་ཐ་དད་ཀློག་པའི་འཁོར་ལོ་ལས་ཤེས་པར་བྱའོ། །ཡང་དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་སྡེ་སྣོད་གསུམ་ཀ་ལས་བཏུས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་མཛད་ཅིང་། དེ་དག་ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་གཉིས་ཀྱི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་དོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏིས། ཡེ་ཤེས་གྲུབ་པ་མཛད་དོ། །དེ་གཉིས་སངས་རྒྱས་ཀྱི་དངོས་སློབ་ཡིན་ནོ། །སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ལྷག་ཙམ་ན། བྲམ་ཟེ་ས་ར་ཧ་བྱོན་ནས། དོ་ཧ་དང་། དོ་ཧའི་ཆིངས་ལ་སོགས་པ་མཛད། དེ་ནས་སློབ་དཔོན་མཚོ་སྐྱེས་བྱོན་ནས་གསང་བ་གྲུབ་པ་དང་། ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་སོགས་མཛད་དོ། །ལོ་བཞི་བརྒྱ་ནས་སློབ་དཔོན་ཀླུ་སྒྲུབ་བྱོན་ནས། རིགས་ཚོགས་དྲུག རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད། ས་ལུ་ལྗང་པ་ཚིགས་བཅད་དུ་བསྡེབས་པ་རྩ་འགྲེལ། མདོ་ཀུན་ལས་བཏུས། རིན་ཆེན་ཕྲེང་བ། བཤེས་སྤྲིང་། རྟེན་འབྲེལ་བཤད་པ། འདོད་ཡོན་གྱི་ཉེས་དམིགས། དཔེ་མེད་པར་བསྟོད་པ། ཆོས་ཀྱི་དབྱིངས་སུ་བསྟོད་པ། སེམས་ཀྱི་རྡོ་རྗེ་ལ། གནས་ཆེན་བརྒྱད་ཀྱི། རྣམ་པར་མི་རྟོག་པར། འཇིག་རྟེན་ལས་འདས་པར་བསྟོད་པ་སོགས་བསྟོད་ཚོགས་མཛད་དོ། །སློབ་དཔོན་འཕགས་པ་ལྷས། བཞི་བརྒྱ་པ། འཁྲུལ་པ་འཇོམས་པ། རྣམ་དག་ཆེན་པོ། ལག་པའི་བོལ་ཚད། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་སོགས་མཛད་དོ། །དབུ་མ་རྩ་བ་ལ་སློབ་དཔོན་དེ་བ་ཤར་མས་འགྲེལ་པ་དཀར་པོ་འཆར་བ་མཛད། དེ་དག་མཐུན་པར་འབའ་བཅས་ཤེས་རབ་སྒྲོན་མ། རྟོག་གེ་ལ་འབར་བ་གཉིས་མཛད། ཤེས་རབ་སྒྲོན་མེ་ལ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཊཱི་ཀ་ཡོད། ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འགྲེལ་པ་མཛད་དོ། །དེ་དག་མཐུན་པར་སློབ་དཔོན་ཟླ་བས་ཚིག་གསལ། དོན་གསལ། བཞི་བརྒྱ་པའི་འགྲེལ་པ། རིགས་པ་དྲུག་ཅུ་པའི་འགྲེལ་པ། སྐྱབས་འགྲོ་བདུན་ཅུ་པ་སོགས་མཛད་དོ། རིན་ཕྲེང་ལ། མི་ཕམ་བཤེས་གཉེན་གྱི་འགྲེལ་པ། བཤེས་སྤྲིང་ལ། སློབ་དཔོན་བློ་གྲོས་ཆེན་པོས་འགྲེལ་པ། འཇུག་པ་ལ། ཛ་ཡ་ཨ་ནནྡའི་འགྲེལ་པའོ། །ཡང་སློབ་དཔོན་ཡེ་ཤེས་སྙིང་པོས། དགོངས་འགྲེལ་གྱི་བྱམས་པའི་ལེའུའི་བཤད་པ་དང་། བདེན་གཉིས་དང་། སློབ་དཔོན་ཞི་བ་འཚོས། རྒྱན་ཀཱ་མ་ལ་སྣང་བ་ཐམས་ཅད་རང་བཞིན་རང་བཞིན་མེད་པར་སྒྲུབ་པའི་སྒོམ་རིམ་གསུམ་མཛད་དོ། །བདེན་གཉིས་ལ། ཞི་བ་འཚོ་དང་རྒྱན་ལ་ཀཱ་མ་ལའི་ཊཱི་ཀ་ཡོད་དོ། །ཞི་བ་ལྷས། བསླབ་བཏུས། སྤྱོད་འཇུག མདོ་ཀུན་ལས་བཏུས་གསུམ་མཛད། སྤྱོད་འཇུག་ལ་ཤེས་རབ་འབྱུང་གནས་བློ་གྲོས་དང་། དྷ་ན་ཤྲཱི། དགེ་བའི་ལྷ་ནག་པོ་པའི་ཊཱི་ཀ་ཡོད་དོ། །སློབ་དཔོན་བྱང་ཆུབ་བཟང་པོས། ཏིང་ངེ་འཛིན་ཚོགས་ལེའུ་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་པ་དང་། སྡོམ་པ་ཉི་ཤུ་པའི་འགྲེལ་པ་མཛད་དོ། །སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ནས་ཐོགས་མེད་བྱོན་ཏེ། དེའི་ཚེ་བྱམས་པས་ཆོས་ལྔ་མཛད་དོ། །ཐོགས་མེད་ཀྱི་ས་བཅུ་བདུན་ཡོད་པའི་སའི་དངོས་གཞི། རྣམ་པར་གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་སྟེ་ས་སྡེ་ལྔ་མཛད་དོ། །བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ས་གཉིས་ནི་སའི་དངོས་གཞི་བཅུ་བདུན་གྱི་ཡ་གྱལ་རེ་ཡིན་ནོ། །ཡང་མདོ་དགོངས་པ་ངེས་འགྲེལ་གྱི་ཊཱི་ཀ་དང་། ཐེག་བསྡུས། ཀུན་ལས་བཏུས་མཛད་དོ། །བྱང་ཆུབ་སེམས་དཔའི་ས་ལ་རྒྱ་མཚོ་སྤྲིན་གྱི་འགྲེལ་པ་ཡོད་དོ། །ཀུན་ལས་བཏུས་ལ་སློབ་དཔོན་རྒྱལ་པོ་སྲས་ཀྱི་ཡོད། ཐེག་བསྡུས་ལ་སློབ་དཔོན་དབྱིག་གཉེན་གྱིས་དོན་གསང་དང་། དགེ་བསྙེན་བཙུན་པས་བཤད་སྦྱར་མཛད་དོ། །དབྱིག་གཉེན་གྱིས། དམ་ཆོས་པད་དཀར་གྱི་འགྲེལ་པ་དང་། རང་བཞིན་གསུམ་གྲུབ་པ་མཛད་དོ། དེས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ནི། ཉི་ཤུ་པ། སུམ་ཅུ་པ། ལས་གྲུབ་པའི་རིགས་པ། རྣམ་བཤད་རིགས་པ། ཕུང་པོ་ལྔ་དང་། མདོ་སྡེ་རྟེན་འབྲེལ་ཆེན་པོའི་ཊཱི་ཀ། མདོ་སྡེ་རྒྱན་དང་། དབུས་མཐའི་འགྲེལ་པ་སྟེ་བརྒྱད་དོ། །རྒྱུད་བླ་མ་ལ་ཐོགས་མེད་ཀྱི་འགྲེལ་པ། ཕུང་པོ་ལྔ་དང་། དབུས་མཐའི་འགྲེལ་པ་ལ། བློ་བརྟན་གྱི་འགྲེལ་པ། ཕུང་པོ་ལྔ་ལ་ཡོན་ཏན་འོད་ཀྱིའང་ཡོད་དོ། ཆོས་ཉིད་ལ་དབྱིག་གཉེན་གྱི། མདོ་སྡེ་རྒྱན་ལ་དགེ་བསྙེན་བཙུན་པའི་ཊཱི་ཀ་ཉི་ཤུ་པ་དང་། སུམ་ཅུ་པ་ལ་འདུལ་བའི་ལྷའི་ཊཱི་ཀ་ཡོད་དོ། །དེ་དག་གི་རྩ་བ་ལ་ནི་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཟེར་རོ། །ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལ། དབྱིག་གཉེན་གྱིས་མངོན་པ་མཛོད་དང་རང་འགྲེལ། འདུལ་བཟང་ནི་འགྲེལ་པ་མདོ་དང་མཐུན་པ། ཕྱོགས་གླང་གི་འགྲེལ་པ་དང་གསུམ་ཡོད། རང་འགྲེལ་ལ། བློ་བརྟན་གང་སྤེལ། རྒྱལ་པོ་སྲས། གྲགས་པ་བཤེས་གཉེན་རྣམས་ཀྱི་ཊཱི་ཀ་ཡོད་དོ། །མདོ་དང་སྦྱར་བ་བལ་པོ་ཞི་གནས་ལྷས་བྱས་པ་ཡོད་དོ། །ཡང་ཐོགས་མེད་ཀྱི་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། དབྱིག་གཉེན་གྱིས་དེ་གསུམ་གྱི་གཞུང་འགྲེལ། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ། འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་དོ། །འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བ། བཙུན་པས་ཉི་ཁྲི་རྣམ་འགྲེལ། སློབ་དཔོན་སེང་བཟང་གིས། ཉི་ཁྲི་ལེ་བརྒྱད་མའི་བསྡུས་དོན་འགྲེལ་པ། བརྒྱད་སྟོང་འགྲེལ་པ་འགྲེལ་ཆུང་། སྡུད་འགྲེལ་བཞི་མཛད་པ་ལས། འདི་པུ་ཎ་ཤྲཱི་དང་། གོ་མི་འཆི་མེད་དང་། བལ་པོ་ཙ་ཧ་ངུ་དང་། པུ་ཎ་ཏ་ཤྲཱི་བཞི་ནི་བཟང་པོ་དང་སྒྲ་སྒྲོས་མཐུན་པར་བྱས་ཟེར་ལ། འབུམ་དང་རྡོག་གཉིས་མ་བྱས་པར་བཞེད་དེ། གནད་ཀྱི་ཟླ་འོད་ལས་བྱས་པར་བཤད་དོ། །འགྲེལ་ཆུང་ལ་ཊཱི་ཀ། ཆོས་ཀྱི་བཤེས་གཉེན་རིག་སྦྱིན། རིན་ཆེན་གྲགས་པ་ཤེས་འབྱུང་བློ་གྲོས། ཀུ་མ་ར་ཤྲཱི་སྡེ་ལྔ་ཡོད་དོ། །སངས་རྒྱས་ཡེ་ཤེས་ཀྱི་སྡུད་པའི་འགྲེལ་པ། བི་མ་ལས་ཤེས་རབ་སྙིང་པོའི་འགྲེལ་པ། ཤཱནྟི་པས་བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག ཉི་ཁྲི་དག་ལྡན་ཤེར་ཕྱིན་གྱི་མན་ངག དབུ་མ་རྒྱན་ཏེ་བཞི་མཛད་དོ། །བཟང་སྤྱོད་ལ། ཕྱོགས་གླང་། ཤཱཀྱ་བཤེས་གཉེན། ཡོན་ཏན་འོད། རྒྱན་བཟང་པོ་དང་བཞིས་འགྲེལ་པ་མཛད་དོ། །བདུན་བརྒྱ་པ་ལ། བི་མ་ལ། བློ་བརྟན་གྱིས་ལང་ཀར་གཤེགས་པ་ལ། འཇམ་དཔལ་གྲགས་པས། ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་མཛད་དོ། །ཀཱ་མ་ལས། ཤེས་རབ་སྙིང་པོ། རྡོ་རྗེ་གཅོད་པ། སཱ་ལུ་ལྗང་པའི་འགྲེལ་པ་མཛད་དོ། །སློབ་དཔོན་ཨ་བྷྱ་ཀ་རས་བརྒྱད་སྟོང་པ། གནད་ཀྱི་ཟླ་འོད། ཐུབ་པའི་དགོངས་རྒྱན། དབུ་མའི་སྙེ་མ་སོགས་མཛད་དོ། །དཔའ་བོས་སྐྱེས་རབས། ཟ་མ་ཏོག་བཀོད་པའི་གཏམ། ཕར་ཕྱིན་གྱི་བཤད་པ་སོགས་མཛད་དོ། །རྟ་དབྱངས་ཀྱིས། བླ་མ་ལྔ་བཅུ་པ། འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ། མྱ་ངན་བསལ་བ། བསྟོད་པ་བརྒྱ་ལྔ་བཅུ་པ། དད་པ་ལ་སྤོབས་པ་བསྐྱེད་པ། ལན་མི་ལོན་པ་ཕན་པ་མཛད་པ། སྐུ་ཕྱོགས་གཅིག་ལ། གསུང་ལ། ལྗགས་ལ། ཚེམས་ལ་བསྟོད་པ་སོགས་དུ་མ་མཛད་དོ། །སྐྱེས་རབས་ཀྱི་འགྲེལ་པ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་དོ། །སློབ་དཔོན་བདེ་བྱེད་བདག་པོས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེས། ཁྱད་པར་འཕགས་པར་བསྟོད་པ། མི་གཡོ་སེང་གེས། གུར་གུམ་གཞོན་ནུའི་བསྟོད་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས། མེ་ཏོག་ཕྲེང་འཛིན། ཁ་ཆེའི་རཱ་ཛ་ཤྲཱི་ཧ་རི་ཤ་དེ་བས་ནམ་ལངས་པའི་བསྟོད་པ། གནས་བརྒྱད་ཀྱི་བསྟོད་པ་མཛད་པ་ཡིན་ནོ། །སློབ་དཔོན་དཀོན་མཆོག་འབངས་ཀྱིས། ཡོན་ཏན་མཐའ་ཡས་པར་བསྟོད་པ། དེའི་འགྲེལ་པ་ཕྱོགས་གླང་གིས་མཛད་དོ། །ཡང་ཕྱོགས་གླང་གི་བརྒྱ་ལྔ་བཅུ་པ་དང་སྤེལ་མར་བསྟོད་པ་ཞེས་བྱ་བ་མཛད་དོ། །སློབ་དཔོན་ཀླུའི་བཤེས་གཉེན་གྱིས། སྐུ་གསུམ་གྱི་བཤད་པ། སྒོམ་རིམ་ལ་སོགས་པ་མཛད་དོ། །བྲམ་ཟེ་དེ་བའི་དབང་པོ་དང་། མི་གཡོ་སེང་གེ་གཉིས་ཀས། སྐྱེས་རབས་མཛད་དོ། །སློབ་དཔོན་གསང་བ་སྦྱིན་པས་གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། སློབ་དཔོན་ཙནྡྲས་སློབ་མ་ལ་སྤྲིང་བ། སྡོམ་པ་ཉི་ཤུ་པ། བཤགས་པའི་བསྟོད་པ། འཇམ་དཔལ། ཛམྦྷ་ལའི་བསྟོད་པ་སོགས་མཛད་དོ། །འདུལ་བ་ལུང་སྡེ་བཞི་ལ། དུལ་ལྷ་དགེ་ལེགས་བཤེས་གཉེན་ཚུལ་ཁྲིམས་བསྐྱངས་ལ་སོགས་པས་མཛད་དོ། །སོ་སོར་ཐར་པ་ལ། བི་མ་ལ་དང་ཁྱད་པར་བཤེས་གཉེན་ལ་སོགས་པས་མཛད་དོ། །ཡོན་ཏན་འོད་ཀྱིས། འདུལ་བ་མདོ་ལས་ཀརྨ་ཤ་ཏི་གཉིས་ལས། མདོ་ལས་རང་འགྲེལ་དང་། ཆོས་ཀྱི་བཤེས་གཉེན་གྱི་འགྲེལ་པ་སྟེ་གཉིས་སོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་ལ་རང་འགྲེལ། འོད་ལྡན་སློབ་མ་ལ་ཕན་པའི་འགྲེལ་པ་སྟེ་གཉིས་སོ། །ཡང་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ་དགྲ་བཅོམ་པ་ས་གའི་ལྷས་བྱས་པ། དགེ་འདུན་བཟང་པོའི་ཀཱ་རི་ཀ། དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་བྱས་པའི་འདུལ་བའི་བསྟོད་པ། དེའི་འགྲེལ་པ་དུལ་ལྷས་བྱས་པ། སྡེ་པ་ཐ་དད་བཀླག་པའི་འཁོར་ལོ་ལ་སོགས་པ་ཡོད་དོ། །གཞན་ཡང་རྩ་བའི་སྡེ་བཞི་ལ་འདུལ་བ་མི་འདྲ་བ་བཞི། སོ་སོར་ཐར་པ་མི་འདྲ་བ་བཞི་དང་། བོད་ན་ཡོད་པའི་འདུལ་བ་དང་། སྡེ་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། བྱེ་བྲག་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་ཡིན་ནོ། །
གཉིས་པ་རྒྱུད་སྡེའི་འགྲེལ་པ་བྱུང་ཚུལ་ནི། རྣལ་འབྱོར་བླ་མེད་གསང་འདུས་ལ། ཟླ་གྲགས་ཀྱི་སྒྲོན་གསལ། དེ་ལ་འཕགས་པ་ལྷ་དང་། སྐལ་ལྡན་གྲགས་པའི་ཊཱི་ཀ་ཡོད་དོ། །སློབ་དཔོན་ཀླུས་མདོར་བྱས། རིམ་ལྔ། མདོ་བསྲེ། དཀྱིལ་འཁོར་ཆོ་ག་ཉི་ཤུ་པ། རྩ་བ་དང་སྦོམ་པོའི་ལྟུང་བ། བྱང་ཆུབ་སེམས་འགྲེལ་ལ་སོགས་པ་དུ་མ་མཛད་དོ། །སློབ་དཔོན་ནཱ་ག་བོདྡྷིས་དཀྱིལ་ཆོག བསྐྱེད་རིམ་བཤད་པ། ལས་རྣམ་འབྱེད་སོགས་མཛད་དོ། །འཕགས་པ་ལྷས་སྤྱོད་བསྡུས། བདག་བྱིན་གྱིས་བརླབས་པའི་རིམ་པ། མངོན་པར་བྱང་ཆུབ་པའི་རིམ་པ་སེམས་ཀྱི་སྒྲིབ་སྦྱོང་སོགས་མཛད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས། འཇམ་དཔལ་ཞལ་གྱི་ལུང་དང་། སྒྲུབ་ཐབས་ཀུན་ཏུ་བཟང་པོ། བཟང་མོ་གསུམ་དང་། བདག་བསྒྲུབ་པར་བྱ་བ་འབྱུང་བ་དང་། སྣ་ཚོགས་འཁོར་ལོ་དང་། རཏྣ་འབར་བ་དང་། རྩ་བའི་ཡེ་ཤེས་ཆེན་པོ་དང་། ཚིགས་སུ་བཅད་པའི་མཛོད་དང་། གྲོལ་བའི་ཐིག་ལེ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། བཀྲ་ཤིས་ཀྱི་རྣམ་བཤད་དང་། བཞི་པ་ལ་འཇུག་པ་དང་། གཏོར་མ་དང་། སྦྱིན་སྲེག་མཆོད་པ་དང་། དཀྱིལ་འཁོར་ཆོ་ག ཆུ་དབང་བའི་སྒྲུབ་ཐབས་ལ་སོགས་པ་ལུང་དང་མཐུན་པའི་ཆོས་བཅུ་བཞི་མཛད་དོ། །དེའི་འགྲེལ་པ་ཐ་ག་ན་དང་། སྨན་པའི་ཞབས་ཀྱིས་མཛད་དོ། །གསང་འདུས་ལ། སློབ་དཔོན་ཐ་ག་ན་དང་། རྒྱལ་བའི་སྦྱིན་དང་། དྲི་མེད་སྦས་པས་རྒྱན་དང་། སྨན་པའི་ཞབས་ཀྱིས་འགྲེལ་པ་ལྗོན་ཤིང་མཛད་ལ། དཀྱིལ་ཆོག་མར་མེ་མཛད་བཟང་པོ་དང་ཤཱནྟི་པས་འགྲེལ་པ་དང་། འདུས་པའི་འགྲེལ་པ་སྙིམ་པའི་མེ་ཏོག་ལ་སོགས་པ་མཛད་དོ། །དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལ་ཤམྦྷ་ལའི་རྒྱལ་པོ་ཟླ་བཟང་གིས། འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད་དེ། བསྡུས་རྒྱུད་ལས། རྒྱལ་པོ་པད་དཀར་གྱིས་འགྲེལ་པ་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་མཛད་དོ། །སློབ་དཔོན་དུས་ཞབས་པས་འགྲེལ་ཆུང་པདྨ་ཅན་མཛད་དོ། །དགྱེས་པ་རྡོ་རྗེ་ལ་ལེའུ་ལྔ་ཡན་ཆད་ལ་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་དང་། ཌཾ་ཀ་ཌཾ་ཤས་ཤིན་ཏུ་དྭང་བའི་ཁ་སྦྱོར་ཞེས་བྱ་བ་སྟོང་ཕྲག་དྲུག་པ་དང་། སློབ་དཔོན་མཚོ་སྐྱེས་དང་། པདྨའི་མྱུ་གུ་དང་། བྷ་བ་བྷ་ཏ་དང་། ནཱ་རོ་པ་དང་། ཤཱནྟི་པ། མི་ཐུབ་ཟླ་བ། ཀྲྀཥྞ་པས་འགྲེལ་པ་སྒྲུབ་ཐབས་དུ་མ་མཛད་དོ། །བདེ་མཆོག་རྩ་རྒྱུད་ལ། ཕྱག་རྡོར་གྱི་ལེའུ་དང་པོའི་འགྲེལ་པ། ལ་བ་པའི་ན་བཟའ་ཅན་དང་། ཨིནྡྲ་བྷཱུ་ཏི་ལང་ཀ་རྒྱལ་བ་བཟང་པོ་མི་ཐུབ་ཟླ་བ་ལ་སོགས་པས་མཛད་དོ། །མཱ་ཡཱ་དང་གདན་བཞི་ལ་ཀུ་ཀུ་རི་པ་དང་། ཤཱནྟི་པའི་འགྲེལ་པ་ཡོད་དོ། །དགྲ་ནག་ལག་ལ། དཔལ་འཛིན་དང་ཡོན་ཏན་བཤེས་གཉེན་ལ་སོགས་པ་ཡོད་དོ། །མཚན་བརྗོད་ལ། འཇམ་དཔལ་གྲགས་པའི་འགྲེལ་ཆེན། སྒེག་པའི་སྔགས་དོན་རྣམ་གཟིགས། ཉི་མ་སྦས་པའི་བདུད་རྩི་ཐིགས་པ། ལེགས་སྔགས་དོན་ཟབ་ལ་སོགས་པ་དུ་མ་ཡོད་དོ། །རྣལ་འབྱོར་གྱི་རྒྱུད་དེ་ཉིད་འདུས་པ་ལ་ཤཱཀྱ་བཤེས་གཉེན་གྱིས་ཀོ་ས་ལའི་རྒྱན་མཛད་དོ། །ཀུན་དགའ་སྙིང་པོས་དེ་ཉིད་སྣང་བ་སྟོང་ཕྲག་བཅོ་བརྒྱད་པ་དང་། དཔལ་མཆོག་དང་པོའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་དང་། གསང་བ་འདུས་པ་ལ་འགྲེལ་པ་མཛད་དོ། །སློབ་དཔོན་ཞི་བ་འཚོས་དེ་ཁོ་ན་ཉིད་གྲུབ་པ་དང་ཏོག་ཙེ་པས་བསམ་མི་ཁྱབ་པ་མཛད་དོ། །ངག་གི་དབང་ཕྱུག་གྲགས་པས། འཆི་བསླུ། སྐུ་གསུམ་བདུན་ལྡན། བཞི་པ་སྣང་བ། དབང་གི་རབ་བྱེད། དེ་ཉིད་བཅུ་པ། སངས་རྒྱས་སྒྲུབ་བྱེད་ཀྱི་དབུ་མ་ལ་སོགས་མཛད་དོ། །མེ་ཏྲི་པས། དགྱེས་མཛད་སྒྲུབ་ཐབས་རྣམ་པར་དག་པའི་གཏེར། བདེ་མཆོག་སྒྲུབ་ཐབས། ལྷན་ཅིག་སྐྱེས་གྲུབ། བདེ་ཆེན་གསལ་བ། དབང་གཏད་པ། ཡིད་ལ་མི་བྱེད་པའི་བསྟོད་པ། ལྟ་བ་ངན་སེལ། ཕྱག་རྒྱ་བཞི་པ་ལ་སོགས་སྙིང་པོའི་སྐོར་རྣམས་མཛད་དོ། །སློབ་དཔོན་ཨ་བྷྱ་ཀ་རས། སཾ་བུ་ཊའི་འགྲེལ་པ་མན་ངག་གི་སྙེ་མ། སངས་རྒྱས་ཐོད་པའི་འགྲེལ་པ་འཇིགས་མེད་གཞུང་འགྲེལ། ཕྲེང་བ་སྐོར་གསུམ། དུས་འཁོར་ལ་འཇུག་པ། བྱང་ཆུབ་གཞུང་ལ་སོགས་པ་མཛད་དོ། །གཞན་ཡང་མདོ་རྒྱུད་དབྱེ་བ་མང་པོ་དང་། འགྲེལ་པ་ཆེ་ཆུང་། བསྟན་བཅོས། བསྟོད་པ། སྒྲུབ་ཐབས་ཤིན་ཏུ་མང་ན་ཡང་ཚིག་མང་པོར་འགྱུར་བས་མ་བྲིས་སོ། །གསུམ་པ་ཕྱི་རིག་པའི་བསྟན་བཅོས་བྱུང་ཚུལ་ལ། སྒྲ། ཚད་མ། བཟོ། གསོ་བ་དང་བཞི། དང་པོ་ནི། ལྷའི་དབང་པོས་མཛད་པའི་ཨིནྡྲ་བྱཱ་ཀ་ལ་ར་དང་། བྲམ་ཟེ་པཱ་ནིའི་མཛད་པའི་པཱ་ཎི། དེའི་འགྲེལ་པ་ཀླུ་ནོར་རྒྱས་ཀྱིས་བྱས་པ། ཙནྡྲའི་ཙནྡྲ་པ་དེའི་འགྲེལ་པ་རཏྣ་མཱ་ཏི། ཎི་མཱཾ་ས་ན། གང་བ་ཟླ་བས་མཛད་པ། ཤརྦ་ཝརྨས་བྱས་པའི་ཀ་ལཱ་པ་སྟེ། སྒྲའི་མདོ་བཞི་དང་། དྭ་ཛ་ཤྲཱིས་བྱས་པ་དང་། ཟླ་བའི་ཀུན་བཟང་ཞེས་བྱ་བ་ཡོད་དོ། །སྙན་ངག་གི་བསྟན་བཅོས་དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བརྒྱད་པ། དཎྜིའི་བསྟན་བཅོས་སྣང་བའི་ཉི་མ། གཞོན་ནུ་མ་འབྱུང་བ། སྙན་ངག་གི་མེ་ལོང་། ཟློས་གར་གྱི་བསྟན་བཅོས། རྟ་དབྱངས་ཀྱིས་བྱས་པའི་ཡུལ་འཁོར་སྐྱོང་དང་། ཀླུ་རྣམས་དགའ་བ་དང་། གཟུངས་ཀྱི་སྙེ་མ་དང་། ཐ་ར་ཏ་ལ་ལ་སོགས་པའོ། །སྡེབ་སྦྱོར་གྱི་བསྟན་བཅོས། །ཕྱི་རོལ་པའི་དམར་སེར་དང་། རྒྱལ་བའི་ལྷས་བྱས་པ་དང་། ཤཱནྟི་པས་བྱས་པའི་རཏྣ་འབྱུང་བ་དང་། བྱིད་ཏ་མ་ལ་དང་། སྡེབ་སྦྱོར་གྱི་ཚོགས་ས་སོགས་པ་དང་། མིང་གི་མངོན་བརྗོད་ཀྱི་བསྟན་བཅོས། ཨ་མ་ར་ཀོ་ཥ་དང་། སྣ་ཚོགས་གསལ་བ་སོགས་དེ་ལ་ཕན་པའི་ཡན་ལག་དང་བཅས་པ་རྣམས་སྒྲའི་བསྟན་བཅོས་སོ། །དེ་དག་ནི་སཾ་སྐྲྀ་ཏའི་བསྟན་བཅོས་ཡིན་ལ། སཾ་ཀྲྀ་ཏའི་བསྟན་བཅོས་ནི། སློབ་དཔོན་སྐྱེས་བུ་མཆོག་གི་ལྷས་བྱས་པ་ཡོད་དོ། །གཉིས་པ་ལ། སྤྱིར་ཚད་མ་ལ་སྔ་བ་སྟོན་པ་སེར་སྐྱས་བརྩམས་པ་ཡིན་ལ་ནང་པ་ལ་སྔ་བ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྟན་པ་བསྲུང་བ། དབྱིག་གཉེན་གྱིས་རིགས་སྨྲའི་སྒྲོམ། རྩོད་གྲུབ་ཞེས་བྱ་བ་མཛད་དོ། །ཞེས་གྲག་གོ །དེའི་སློབ་མ་ཕྱོགས་གླང་གིས་ཀུན་ལས་བཏུས་པ་ལ་སོགས་རབ་ཏུ་བྱེད་པ་བརྒྱ་རྩ་བརྒྱད་ཙམ་མཛད་པ་ལས། ཀུན་ལས་བཏུས་ལ་རང་འགྲེལ། དེ་ལ་དབང་སྡེ་དང་རྒྱལ་དབང་བློའི་ཊཱི་ཀ་ཡོད། ཡང་དོན་འགྲེལ་ཆོས་གྲགས་ཀྱིས་སྡེ་བདུན་མཛོད། སྡེ་བདུན་ཀ་ལ། སློབ་དཔོན་དུལ་ལྷ་དང་། ཞི་བ་བཟང་པོ་བྲམ་ཟེ་ཤན་ཀ་ར་ནན་ཏས་འགྲེལ་པ་མཛད་དོ། །རྣམ་འགྲེལ་ལེའུ་དང་པོ་ལ་རང་འགྲེལ། ཐ་མ་གསུམ་ལ་ལྷ་དབང་བློ། ཤེས་རབ་འབྱུང་གནས་བརྒྱན། ཉི་མ་སྦས་པའི་ཊཱི་ཀ་གསུམ་ཡོད་དོ། །ལྷ་དབང་བློའི་ལ་ཤཱཀྱ་བློའི་ཊཱི་ཀ་ཡོད་དོ། །རྒྱན་ལ་ཛ་མ་རི་ཛ་རནྡ་གཉིས་ཀྱི་ཊཱི་ཀ་ཡོད་དོ། །ལེ་དང་གི་རང་འགྲེལ་ལ་ཀ་ལུ་ཀ་དང་ཤཱཀྱ་བློ་གཉིས་ཀྱི་ཊཱི་ཀ་ཡོད་དོ། །རྣམ་ངེས་ལ་ཆོས་མཆོག་དང་། དེའི་ཊཱི་ཀ་ཛ་མ་རིས་བྱས་པ་ཡོད་དོ། །གཏན་ཚིགས་ཐིགས་པ་ལ་བྲམ་ཟེ་ཨརྫ་ཐའི་འགྲེལ་པ་ཡོད་དོ། །འབྲེལ་བ་བརྟག་པ་ལ་རང་འགྲེལ་དུ་གྲགས་པ་ཅིག་ཡོད་དོ། །རྒྱུད་གཞན་གྲུབ་པ་ལའང་རང་འགྲེལ་ཡོད་དོ། །གཞན་ཡང་དེ་དག་ཏུ་མ་འདུས་པ་སློབ་དཔོན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་འགྲེལ་པ་སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པ་དང་། ཡུལ་དབུས་ཀྱི་ཡེ་ཤེས་དཔལ་གྱིས་ཚད་མ་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པ་དང་། རིན་ཆེན་གྲགས་པའི་རབ་ཏུ་བྱེད་པ། ཛེ་ཏ་རིའི་རབ་ཏུ་བྱེད་པ། དགེ་སྲུངས་གིས་ཐམས་ཅད་མཁྱེན་པ་གྲུབ་པ། སངས་རྒྱས་བསྟན་པར་གྲུབ་པ། འཇིག་རྟེན་ཕ་རོལ་གྲུབ་པ། ཕྱི་རོལ་གྱི་གྲུབ་པ། གཞན་སེལ་བརྟག་པ། རིག་བྱེད་བརྟག་པ། དབང་ཕྱུག་བརྟག་པ་སོགས་དུ་མ་མཛད་དོ། །དེའི་སློབ་མ་སློབ་དཔོན་ཚོགས་ཀྱིས་ཚད་མ་བརྟག་པ། གཞན་སེལ་གྲུབ་པ་སོགས་གྲུབ་ཆེན་བརྒྱད་མཛད་དོ། །བྲམ་ཟེ་ཤཱན་ཀ་ར་ནན་ཏས་རབ་ཏུ་བྱེད་པ་ཤེས་རྒྱན་དང་། གཞན་སེལ་གྲུབ་པ། འབྲེལ་བ་གྲུབ་པ་ལ་སོགས་པ་མཛད་དོ། །ཤཱནྟི་པས་ནང་གི་ཁྱབ་པ་གྲུབ་པ་མཛད་དོ། །གསུམ་པ་བཟོ་རིག་པའི་བསྟན་བཅོས་ནི། རི་མོ་དང་། སྐུ་གཟུགས་ཀྱི་ཆགས་ཚད་དང་། བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་དང་། ཡི་གེ་རྣམས་ཀྱི་ཆགས་ཚད་དང་། ཨང་ཀ་ར་དང་། འཕྲི་བསྣན་འོག་བསྒྱུར་ལ་སོགས་པ་ཡི་གེ་ཡན་ལག་ལྔ་དང་། གཟའ་ལ་སོགས་པ་རྩིས་ཀྱི་ཡན་ལག་ལྔ་དང་ཀླུས་མཛད་པའི་གསེར་འགྱུར་རྩིའི་བསྟན་བཅོས་དང་། སྤོས་སྦྱོར་གྱི་བསྟན་བཅོས་ལ་སོགས་པའོ། །བཞི་པ་གསོ་བ་ནི། འཕགས་པའི་སྦྱོར་བ་བརྒྱ་པ་དང་རིག་པ་རྩ་མདོ། །འཚོ་བ་ཟས་ཀྱི་མདོ། །ཕན་པ་སྨན་གྱི་མདོ་ལ་སོགས་པ་མཛད་དོ། །ཡང་དྲང་སྲོང་རྒྱུན་ཤེས་ཀྱི་བུ་དང་། དྲང་སྲོང་ལན་ཚྭའི་མཆོག་ལ་སོགས་པ་དྲང་སྲོང་ཉི་ཤུ་རྩ་གཅིག་གིས་སྨན་དཔྱད་ཙ་ར་ཀ་འབུམ་སྡེ་དང་། ཡན་ལག་བརྒྱད་པ་མཛད་དོ། །དེ་ནས་སྨན་པའི་བདག་པོ་དགེ་འདུན་གསང་བའི་བུ་སྨན་པ་ཆེན་པོ་སློབ་དཔོན་ཕ་གོལ་གྱིས། ལུས་དང་བྱིས་པ་གདོན་ལུས་སྟོད། མཚོན་དང་མཆེ་བ་རྒས་རོ་ཙ། གསོ་དཔྱད་གང་ལ་གནས་པ་ཡི། ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་ཡན་ལག་བརྒྱད་བརྗོད་བྱར་བྱེད་པའི་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ལ་སོགས་གསོ་བ་སྡེ་བདུན་མཛད་དོ། །བརྒྱད་སྙིང་པོའི་འགྲེལ་པ་སློབ་དཔོན་ཟླ་བ་ལ་མངོན་པར་དགའ་བས་མཛད་དོ། །སློབ་དཔོན་སེང་གེ་སྦས་པས་ཡན་ལག་བརྒྱད་པ་སྦྱོར་བའི་ཕྲེང་བ་དང་། འཚོ་བའི་སྙིང་པོ་དང་། བདུད་རྩི་ཟ་མ་ཏོག་ཁ་ཕྱེ་བ་ལ་སོགས་པ་མཛད་དོ། །དེ་དག་ནི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་རྩོད་པ་མེད་པའི་བསྟན་བཅོས་རྣམས་ཡིན་ལ། རྩོད་པ་དང་བཅས་པའི་མདོ་རྒྱུད་བསྟན་བཅོས་སྒྲུབ་ཐབས་བསྟོད་པ། མན་ངག་སོགས་བོད་ཀྱི་བརྩམ་པ་རྒྱ་གར་དུ་བསྡུས་པ་མང་པོ་སྣང་ན་ཡང་དེ་དག་གི་དབྱེ་བ་འདིར་མ་བྱས་སོ། །
གཉིས་པ་གནས་པའི་ཚད་ལ། ཡུལ་འཛིན་པ་སྲུང་བའི་གང་ཟག འདིར་བྱུང་ཚུལ། ཇི་སྲིད་གནས་བའི་ཚད་དངོས་སོ། །དང་པོ་ནི་རྒྱ་གར། བལ་པོ། ཁ་ཆེ། ཨུ་རྒྱན། ཐོ་གར། བྲུ་ཤ བོད། ལི། ཡུ་གུར། ཤམྦྷ་ལ། ཙམ་པ་ཀ། མི་ཉག ཁྱི་དན། རྒྱ་ནག གྷནྡྷ་ར། གསེར་ཞེས་བྱ་བ། རུག་མའི་ཡུལ། འོད་བཟང་གི་གླིང་ཕྲན་ལ། གསེར་གླིང་ཟླ་བའི་གླིང་། ཀམ་པོ་ཆེའི། མ་ལ་ཡའི་ཟངས་གླིང་། སིང་ག་ལའི་གླིང་ལ་སོགས་པ་ན་ཡོད་དོ། །དུས་འཁོར་ནས་སྒྲ་མི་སྙན་མ་གཏོགས་ཐམས་ཅད་ན་ཡོད་པར་བཤད་དོ། །གཉིས་པ་འཛིན་པ་དང་བསྲུང་བ་ནི། ལུང་གི་ཆོས་རྣམས་སྡེ་སྣོད་འཛིན་པ་རྣམས་ཀྱིས་འཛིན་པར་བཤད་ལ། མངོན་པར་རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྒྲུབ་པར་བྱེད་པ་རྣམས་ཀྱིས་འཛིན་པ་ཡིན་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང་། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་སོ། །བསྲུང་བ་ནི། སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་ཕྱག་ན་རྡོ་རྗེས་བསྲུང་བ་ཡིན་ལ། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པ་ལས་བཤད་དོ། །ཁྱད་པར་དུ་ཐུབ་པའི་བསྟན་པ་གནས་བརྟན་བཅུ་དྲུག་གིས་བསྲུང་བ་ཡིན་ཏེ། སུམ་ཅུ་རྩ་གསུམ་གནས་ན་གནས་བརྟན་ལམ་པ་བཞུགས། །
གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ། །བ་ལང་སྤྱོད་ན་གསེར་ཅན་བྷ་ར་དྷྭ་ཛ། །སྒྲ་མི་སྙན་ན་དཔལ་ལྡན་བ་ཀུ་ལ། །ལུས་འཕགས་གླིང་ན་བྷ་ར་དྷྭ་ཛ་བཞུགས། །ཟངས་གླིང་དབུས་ན་དུས་ལྡན་ཆེན་པོ་བཞུགས། །སིངྒ་གླིང་ན་རྡོ་རྗེ་མོ་ཡི་བུ། །པྲི་ཡང་ཀུ་ན་སྒྲ་གཅན་འཛིན་པ་བཞུགས། །ཆུ་བོ་ཡ་མུ་ན་ན་དཔལ་བེ་བཟང་། །རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་དེ། །ངོས་ཡངས་གླིང་ལ་སྡོམ་བརྩོན་ཀླུ་སྡེ་བཞུགས། །ལོ་མ་བདུན་རིར་བཙུན་པ་ནགས་གནས་ཡིན། །བྱ་རྒོད་ཕུང་པོའི་རི་ལ་འཕགས་པ་ལམ་ཕྲན་ནོ། །ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེའུ། །ཏི་སེ་གངས་ལ་གནས་བརྟན་ཡན་ལག་འབྱུང་། །དྲང་སྲོང་ཤེལ་ནགས་དགེ་སྦྱོང་མ་ཕམ་པ། །དགྲ་བཅོམ་གནས་བརྟན་ཆེན་པོ་བཅུ་དྲུག་ནི། །རེ་རེའི་ཞིང་ཡང་དགྲ་བཅོམ་དུ་མས་བསྐོར། །ཉན་ཐོས་ཆ་བྱད་རྒྱལ་སྲས་ཕྲིན་ལས་ཀྱིས། །ཆོས་སྲུང་འཇིག་རྟེན་སྐྱོང་རྣམས་ལ་ནཱ་མ། །འདི་དག་ཐུབ་པའི་དབང་པོས་བཀའ་བསྒོས་ནས། །ཐ་དད་ཡུལ་དུ་མྱ་ངན་མི་འདའ་བར། །ལྷ་མིའི་བསོད་ནམས་ཆེན་པོའི་ཞིང་མཛད་ཅིང་། །བཞུགས་ནས་ཐུབ་པའི་བསྟན་པ་སྲུང་བ་ཡིན། །ཞེས་བྱའོ། །
འདིར་བྱུང་ཚུལ་ནི། སྔ་དར། བར་དར། ཕྱི་དར་གསུམ། དང་པོ་ནི། གཉའ་ཁྲི་བཙན་པོའི་བརྒྱུད་པ། ཐོ་ཐོ་རི་གཉན་བཙན་ཞེས་བྱ་བ་བྱུང་སྟེ། དེ་ཡར་ལུང་ཡུམ་འབུ་བླ་སྒང་དུ་ནམ་མཁའ་ལས་ཤེལ་གྱི་མཆོད་རྟེན་དང་། དགེ་བཅུའི་མདོ་དང་། ཟ་མ་ཏོག་གི་སྙིང་པོ་དང་གསུམ་བབས་ཏེ། རྨི་ལམ་ན་མི་རབས་ལྔ་ན་འདི་ཤེས་པ་འབྱུང་ངོ་། །ཞེས་ལུང་བསྟན་ནོ། །དེ་ནས་མི་རབས་ལྔ་ནས་དྲང་སྲོང་བཙན་པོས་ལྷ་ས་ཁྲ་འབྲུག་ལ་སོགས་པ་མང་པོ་བཞེངས། བཙུན་མོ་གཉིས་ཀྱིས་ཐུབ་པའི་སྐུ་གཉིས་སྤྱན་དྲངས་སོ། །ལོ་ཙ་བ་ཐོན་མིས་ལྷོ་བལ་དུ་པཎྜི་ཏ་ལྷའི་རིགས་སེང་གེ་ཞེས་པ་ལ་སྒྲ་བསླབས་ཏེ་བོད་ཡིག་སུམ་ཅུ་ལྷ་སའི་སྐུ་མཁར་མ་རུ་བཅོས་ནས་མདོ་སྡེ་ཟ་མ་ཏོག་དང་། དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །དེ་ནས་མི་རབས་བཞི་ནས། ཁྲི་ལྡེ་གཙུག་ལྡན་བྱོན་ནས་བསམ་ཡས་ཀ་ཆུ་ཡར་ལུང་སུ་ཕོ་བྲང་འཕང་ཐང་ཀ་མེད་ལ་སོགས་པ་བཞེངས་སོ། །དེའི་སྲས་ཁྲི་སྲོང་ལྡེ་བཙན་གྱིས། སློབ་དཔོན་ཞི་བ་འཚོ་དང་། པདྨ་ལ་སོགས་པ་སྤྱན་དྲངས་ནས་བསམ་ཡས་བཞེངས་སོ། །བསམ་ཡས་ལྕགས་ཕོ་སྤྲེའུ་ལ་བརྩིགས་ནས་ལོ་ལྔ་བརྒྱ་དང་མི་རབས་བཅོ་ལྔ་ལྷག་ཙམ་སོང་ངོ་། །སློབ་དབོན་བཻ་རོ་ཙ་ན། རྨ་རིན་ཆེན་མཆོག ལས་གསུམ་རྒྱལ་བ་བྱང་ཆུབ། འབའ་དཔལ་དབྱངས་ལ་སོགས་པ་གསུམ་ཡང་། ཞི་བ་འཚོས་རབ་ཏུ་བྱུང་སྟེ་བསམ་ཡས་སུ་སྡེ་སྣོད་གསུམ་བསྒྱུར་རོ། །དེ་དག་ལ་སྒྲོ་སྐུར་སྤང་བའི་ཕྱིར་ཀ་ཅོག་གིས་དཀར་ཆག་བཏབ་པ་ནི། ཤེར་ཕྱིན་གྱིས་ཕྱོགས་ལ་བཅུ་དྲུག དཀོན་བརྩེགས་ལ་ཞེ་དགུ། ཕལ་ཆེན་ལ་ལྔ། མདོ་སྡེ་ལ་ཉིས་བརྒྱ་སུམ་ཅུ་རྩ་དྲུག གཟུངས་ལ་བརྒྱ་ལྔ་བཅུ་ང་དྲུག །འདུལ་བ་ལ་ལྔ་བཅུ་དགུ། མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པ་ལ་ལྔ་བཅུ་རྩ་ལྔ། དབུ་མའི་བསྟན་བཅོས་ཉི་ཤུ་རྩ་དགུ། སེམས་ཙམ་གྱི་བསྟན་བཅོས་སུམ་ཅུ་ཐམ་པ། ཐེག་ཆུང་བའི་བསྟན་བཅོས་བཅོ་ལྔ། རིགས་པའི་ཕྱོགས་སུ་སུམ་ཅུ། སློབ་དཔོན་དུ་མས་བགྱིས་པའི་བསྟན་བཅོས་སྣ་ཚོགས་ལ་ཉི་ཤུ་རྩ་དགུ། སློབ་དཔོན་དག་གི་བསྟོད་པ་སུམ་ཅུ་རྩ་དྲུག མདོ་སྡེ་བསྟན་བཅོས་བསྒྱུར་བ་ལ་ཞུ་ཆེན་མ་བྱས་ཤིང་གཏན་ལ་ཕབ་པ་ལྔ། མདོ་སྡེ་དང་། འདུལ་བ་དང་། རྒྱུད་འགྲེལ་དང་། བསྟན་བཅོས་རྣམས་བསྒྱུར་འཕྲོ་དང་། ཞུ་ཆེན་མ་བྱས་པ་སུམ་ཅུ། འགྱུར་བྱང་གཞན་ལས་སྨོས་པའི་གསུང་རབ་གསུམ། འགྱུར་བྱང་ལས་མི་འབྱུང་བ་བཞུགས་པའི་ཚད་ལྔ། དགེ་བཅུ་དང་དུ་བླང་བ་ལ་སོགས་པ་མདོ་བཅུ་བདུན། གཟུངས་གཉིས་སློབ་དཔོན་དག་གིས་མཛད་པ་སུམ་ཅུ་རྩ་ལྔ། མདོ་སྡེ་དང་། བསྟན་བཅོས་ཀྱི་ཊཱི་ཀ་བརྒྱ་ཉི་ཤུ་རྩ་བརྒྱད། སྔགས་སྒོ་གསུམ་ལ་སུམ་ཅུ་ཐམ་པ། དེ་དག་ཐམས་ཅད་བསྡོམས་ན་སྟོང་ཕྲག་གཅིག་དང་ལྔ་བཅུ་རྩ་གསུམ་བསྒྱུར་ཏེ། འདི་དག་གི་སོ་སོའི་མིང་དཀར་ཆག་ཉིད་དུ་བལྟ་བར་བྱའོ། །
དེ་ལ་པཎྜི་ཏ་ཀཱ་མ་ལ་བི་མ་ལ། དཱ་ན་ཤཱི་ལ། མུ་ན་བར་མ། པྲཛྙཱ་བར་མ། ཤྲཱི་ལེནྡྲ་བོ་དྷི། སརྦ་ཛྙ་དེ་ཝ། སུ་ལེནྡྲ་བོ་དྷི། ཛྙ་ན་གརྦྷ། ཨསྨ་གརྦྷ། བི་ཤུདྡྷ་སིདྷ་། ཛི་ན་མི་ཏྲ། བི་རྒྱ་གརྦྷ་པྲ་བྷ། ཤཱཀྱ་སིདྷི། ཛྙཱ་ན་སིདྡྷི་ལ་སོགས་པ་ཡིན་ནོ། །ལོ་ཙ་བ་བཻ་རོ་ཙ་ན་ལ་སོགས་པ་བཞི་དང་། དབའ་མཉྫུ་ཤྲཱི་བརྨ། རྒྱལ་བ་མཆོག་དབྱངས། བནྡེ་ནམ་ཀ རྣམ་པར་མི་རྟོག་པ། མགོ་ཆོས་དྲུག ལྕེ་ཁྱི་འབྲུག མདའ་ཡེ་ཤེས་དབང་པོ་བསྲུང་བ། འཁོན་ཀླུའི་དབང་པོ། དེ་ཝ་ཙནྡྲ། ཀ་ཅོག་ཞང་གསུམ་ལ་སོགས་པ་བྱུང་ངོ་། །དེའི་སྲས་ཁྲི་སྲོང་ལྡེ་བཙན། དེའི་སྲས་རལ་པ་ཅན་གཉིས་ཀྱིས་ཀྱང་། ལྷ་ས་དཀར་ཆུ། འོན་འཇང་རྡོ་ལ་སོགས་པ་བཞེངས། སྔར་གྱི་ལོ་པཎ་སྐུ་ཚེ་རིང་བ་རྣམས་དེའི་ཚེ་བཞུགས་པས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་བོ། །དེའི་ནུ་བོ་དར་མས་བསྟན་པ་བསྣུབས་ནས། ལོ་བདུན་ཅུ་ན་མི་ཁ་བྱུང་བའི་ཚེ། དབུས་པའི་རྒན་མོ་ལོ་བདུན་ཅུ་རྩ་དྲུག་ལོན་པ་ཅིག་ན་རེ། ང་ལོ་དྲུག་ལོན་པའི་ཚེ་བཙུན་པ་མཐོང་བས་བདུན་ཅུ་ལོན་ཙ་ནའི་བར་བསྟན་པ་བསྣུབས་པར་གྱུར་ཏོ། །དེའི་སྲས་འོད་སྲུང་ཡུམ་བསྟན་གཉིས་ལས། དེའི་ཚེ་མདོ་སྨད་ན་དགེ་སློང་གསུམ་ཡོད་དེ། གཙང་རབ་གསལ། གཡོ་དགེ་འབྱུང་། དམའ་ཤཱཀྱ་མུ་ནིའོ། །དེ་གསུམ་ལ་དགེ་བ་རབ་གསལ་གྱིས་སྡོམས་པ་བསླངས་སོ། །ཡང་དེའི་ཚེ་འོད་སྲུང་ཀྱི་སྲས་ཁྲི་དཔལ་འཁོར་བཙན་གྱིས་སྨན་ལུང་ལ་སོགས་པ་བརྩིགས་སོ། །དེའི་ཚེ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་དགེ་ཤེས་རབ་སེང་གེ་སྟེ་དབུས་པའི་མི་གཉིས། དབུས་པའི་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རྦ་ཡེ་ཤེས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས་དང་དྲུག་གིས་མདོ་སྨད་དུ། དགེ་བ་རབ་གསལ་གྱི་སློབ་མ་གྲུམ་ཡེ་ཤེས་རྒྱལ་མཚན་ལ་སྡོམ་པ་བླངས་ནས་དབུས་གཙང་དུ་སྡེ་པ་མང་དུ་བཙུགས་སོ། །དེ་ལ་ཁྲི་དཔལ་འཁོར་གྱི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་ཀྱི་སྡེ་ཉི་མགོན་གཉིས་ལས། དང་པོས་དབུས་གཙང་བཟུང་། ཕྱི་མས་མངའ་རིས་སུ་བྱོན་པའི་སྲས་ནི་ཁྲི་བཀྲ་ཤིས་མགོན་ཡིན་ནོ། །དེ་ལ་དར་མ་དང་འོད་སྲུང་ཀྱི་དུས་བསྟན་པ་མེད་དོ། །དཔལ་འཁོར་བཙན་ནས་བཀྲ་ཤིས་མགོན་གྱི་བར་ཉན་བཤད་མེད་པས་བསྟན་པའི་གཟུགས་བརྙན་ཙམ་ཡིན་ནོ། །
གཉིས་པ་བར་དར་ནི། བཀྲ་ཤིས་མགོན་གྱི་སྲས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐོ་ལྡིང་བཞེངས་ཏེ། པཎྜི་ཏ་དྷརྨ་བ་ལ་སྤྱན་དྲངས་ནས། རཏྣ་བ་ལ་སོགས་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་སློབ་ཏུ་བཅུག་གོ །དེའི་ཚ་བོ་ལྷ་ལྡེས། པཎྜི་ཏ་སུ་བྷ་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་ཞི་བ་འོད་དང་། བྱང་ཆུབ་འོད་དོ། །དེས་ཇོ་བོ་རྗེ་སྤྱན་དྲངས་སོ། །དེའི་ཚེ་པཎྜི་ཏ་པྲ་ཏ་ཀ་ར་བརྨ་དང་། པདྨ་ཀ་ར་བརྨ་དང་། ལོ་ཙ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས། དགེ་བ་བློ་གྲོས་སོགས་ཀྱིས་རྒྱུད་སྡེ་བཞི་བསྒྱུར་རོ། །དེ་གཉིས་ཀྱི་གཅུང་པོ་མདོ་སྡེས་ཀྱང་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་རྩེ་ལྡེས་ཀྱང་སུ་ན་མ་ཤྲཱི་སྤྱན་དྲངས་སོ། །དེའི་ཕ་སྤུན་དབང་ལྡེས་ཀྱང་། རྔོག་ལོའི་འགྱུར་གྱི་ཡོན་བདག་མཛད་དོ། །གསུམ་པ་ཕྱི་དར་ནི། རྒྱལ་པོས་བྱས་པ་མ་ཡིན་ཏེ། པཎྜི་ཏ་སྨྲི་ཏི་སོགས་དང་། ལོ་ཙ་བ་འབྲོག་མི་མགོས། རྔོག་ཟངས་དཀར། གཉན། ཁྱུང་པོ། ས་ཚབ། མལ་གྱོ་ལ་སོགས་པས་འགྱུར་དུ་མ་མཛད་དོ། །
བཞི་པ་ཇི་སྲིད་གནས་པའི་ཚད་དངོས་ནི། སྟོན་པ་བཞུགས་པའི་ཚད། བསྟན་པ་གནས་པའི་ཚེ། ནུབ་པའི་དུས། ནུབ་ནས་ཅིར་འགྱུར་བཤད་པའོ། །དང་པོ་དྲུག་ཅུའི་བར་དང་། ལོ་བཅུ་གཉིས་ཀྱི་མེ་མོ་ཡོས་ལ། ལྷུམས་སུ་ཞུགས་ཏེ། ཆུ་ཕོ་སྟག་དཔྱིད་ཟླ་ཐ་ཆུང་ཉའི་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་དྲུག་ཅུའི་ཀུན་འཛིན་དང་། བཅུ་གཉིས་ཀྱི་ས་ཕོ་བྱི་བའི་སྟོན་ཟླ་འབྲིང་པོའི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་དགུང་ཟླ་བ་ནུབ་པའི་ཚེ། སིང་ག་གླིང་པའི་ལུགས་ཀྱིས་མྱ་ངན་ལས་འདས་སོ། །མདོ་སྡེ་མྱ་ངན་ལས་འདས་པ་ནས། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་བར་འདས་པར་བཤད་དོ། །དེའང་འདི་ལྟར་བཅོམ་ལྡན་འདས་ཀྱིས་མཆོག་གི་ཤིང་ས་ལའི་དྲུང་དུ་བྱོན་ཏེ་བཞུགས། སྤྲུལ་པའི་དྲི་ཟ་ལྟ་བུར་སྣང་བས་སུམ་ཅུ་རྩ་གསུམ་དུ་བྱོན་ཏེ་དྲི་ཟའི་རྒྱལ་པོ་རབ་དགའི་པི་ཝང་གི་རྫུ་འཕྲུལ་གྱིས་རྒྱུན་བཞུགས་ཀྱི་འབྲས་བུར་བཀོད་དེ་མར་བྱོན། ཀུན་ཏུ་རྒྱུ་རབ་བཟང་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་དོ། །དེས་ན་བཅོམ་ལྡན་འདས་ཀྱི་གདུལ་བྱའི་ཐོག་མ་ལྔ་སྡེ་ཡིན་ལ། ཐ་མ་ནི་རབ་དགའ་དང་། རབ་བཟང་ཡིན་ནོ། །ཆོས་གསུངས་པའི་དང་པོ་གྲོལ་རྒྱུའི་ཚ་གདུང་། ལྷའི་བཀྲ་ཤིས་དོན་གྲུབ་ལ་སོགས་པ་ཚོང་པ་རྣམས་ལ་བཀྲ་ཤིས་གསུངས་པ་དེ་ཡིན་ལ། ཐ་མ་མདོ་སྡེ་མྱ་ངན་ལས་འདས་པ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གདུང་བྲེ་བོ་ཆེ་བརྒྱད་བྱོན་པ་ནི། རྒྱལ་པོའི་ཁབ། ཡངས་པ་ཅན། སེར་སྐྱ། སྒྲ་སྒྲོགས། རྩྭ་ཅན། སྡིག་པ་ཅན། རྟོག་པ་གཡོ་བ། ཁྱབ་འཇུག་གི་གླིང་རྣམས་ན་བཞུགས་སོ། །གདུང་བླུགས་པའི་བུམ་པ་ནི་བྲམ་ཟེ་བྲེ་བོ་ཞེས་པས་ཐོགས་པའོ། །དེ་དག་ཕྲན་ཚེགས་ལས། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པས་མཆོད་པ་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་གསུངས་སོ། །ཚེམས་མཆེ་བ་བཞི་མེ་ལྷས་མེ་མ་གསོལ་བར་བྱོན་པ་ནི། ཕྲན་ཚེགས་ལས། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་པ་ལྟར་བཟུང་ངོ་། །དུས་ཕྱིས་སྐུ་གདུང་དེ་དག་མྱ་ངན་མེད་ཀྱིས་སྤེལ་བས་ཡུལ་ཀཽ་ཤམྦྷི། ཀོ་ས་ལ། ཀ་མ་རུ། ཀན་ཙམ་བཟང་པོ། ཨོ་ཊེ་བི་ཤ སིནྡྷུ། ཁ་ཆེ། རྒྱ་ཡུལ། བལ་ཡུལ། ཁ་བ་ཅན། སིངྒ། ལྷ་ཀླུ་གནོད་སྦྱིན་གྱི་གནས་ལ་སོགས་པ་དུ་མ་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་བཞུགས་པ་ཡིན་ཏེ་ཕྲན་ཚེགས་ལས། མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། །མཆོད་རྟེན་ཆེན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དག་ཀླུ་དབང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། ཅེས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་ནི། དོན་ཆེ་ལ། སྐུ་གདུང་དང་དམ་པའི་ཆོས་གསུངས་པས་ནི། ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་མཐོ་རིས་ཐར་པ་ལ་འགོད་པས་འགྲོ་བ་ཀུན་ལ་ཕན་པ་ཉི་མའི་དཀྱིལ་འཁོར་བས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཡོན་ཏན་མཐའ་ཡས་པའི་བསྟོད་པ་ལས། ཇི་སྲིད་ཉི་མའི་སྣང་བ་གང་ལེགས་དེ་ནི་ནུབ་ཀྱི་རི་དབང་གིས། །ཉི་མ་ནུབ་པར་མ་བགྱིས་དེ་སྲིད་རབ་རིབ་རབ་ཏུ་ཞི་བར་བགྱིད། །ཁྱོད་ཀྱི་སྐྱེ་ཤི་མཐར་ཐུག་བགྱི་སླད་ཐབས་ཚུལ་བསྟན་པ་གང་ལགས་པ། །དེ་ཉིད་ཁྱོད་ཉིད་ཞི་བར་གཤེགས་ཀྱང་སྙིང་གི་མུན་པ་ཞི་མཛད་ལགས། །ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་འོད་སྲུང་ཆེན་པོ་དང་། ཀུན་དགའ་པོ་དང་། འཕགས་པ་སློབ་པ། སོ་སོ་སྐྱེ་བོ་དག་དགེ་བ་ཅན་གསུམ་ལ་དབྱེ་བ་རེ་རེའོ། །དེས་རང་གི་སློབ་མ། དགྲ་བཅོམ་པ་རྒྱལ་པོའི་ཁབ་ཀྱི་དེད་དཔོན་གྱི་བུ་ཤ་ནའི་གོས་ཅན་དང་། དྲང་སྲོང་ལྔ་བརྒྱའི་འཁོར་ཅན་སངས་རྒྱས་འདས་ནས། ལོ་བརྒྱ་ལོན་ནས་འབྱུང་བཞི་ལས། ལིའི་སངས་རྒྱས་འདས་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ན་འབྱུང་ངོ་། །དགྲ་བཅོམ་པ་ཉི་མ་གུང་པ་ལ་སོགས་པ་ལ་བསྟན་པ་གཏད་དོ། །ཤ་ནའི་གོས་ཅན་གྱིས་ཀྱང་དགྲ་བཅོམ་པ་ཉེ་བའི་སྦས་པ་ལ་གཏད་དོ། །དེས་དྷི་དྷི་ཀ། དེས་ནག་པོ་པ། དེས་ལེགས་མཐོང་ལ་གཏད་དོ། །ཉེར་སྦས་ཀྱིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་དོ། །དགྲ་བཅོམ་པ་ཉི་མ་གུང་པས་རྒྱལ་པོ་ཧུ་ལུ་ཧུ་ལུ་ལ་ཁ་ཆེའི་ཡུལ་བླངས་ཏེ། དེར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་སོ། །དེ་ནས་རིམ་གྱིས་འཕགས་པ་ཀླུ་སྒྲུབ་དང་། ཐོགས་མེད་ལ་སོགས་པ་མཁས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བཟུང་སྟེ་རྒྱས་པར་མཛད་དོ། །
གཉིས་པ་གནས་ཚད་ནི། བསྐལ་བཟང་ལས། ཡང་དག་ལོ་ལྔ་བརྒྱ་དང་། ལྟར་སྣང་ལྔ་བརྒྱ་སྟེ། སྟོང་གནས་པར་བཤད་མོད། དེ་ནི་དྲང་དོན་ཡིན་གྱི། སློབ་དཔོན་ཐོགས་མེད་བྱོན་པའི་ཚེ་ཡང་ཡང་དག་ཏུ་གནས་པའི་ཕྱིར་རོ། །ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། ལོ་ཉིས་སྟོང་གནས་པར་གསུངས་ཤིང་། འདིར་ཕྲན་ཚེགས་ལས། ལོ་བདུན་སྟོང་དུ་གནས་པ་ལས་སྐྱེ་དགུའི་བདག་མོ་ལ་སོགས་པ་བུད་མེད་རབ་ཏུ་བྱུང་བས། ཉིས་སྟོང་འགྲིབ་སྟེ། ལྔ་སྟོང་གནས་སོ་ཞེས་བཤད་དོ། །དེའི་དོན་སློབ་དཔོན་དབྱིག་གཉེན་གྱིས་འཆད་པ་ལ། ལྔ་བརྒྱ་ཕྲག་བཅུ་པོ་དེ་ལ་དང་པོ་གསུམ་ནི་རྟོགས་པའི་དུས་ཡིན་པས། དང་པོ་དགྲ་བཅོམ། གཉིས་པ་ཕྱིར་འོང་། གསུམ་པ་རྒྱུན་ཞུགས་ཀྱི་ལེའུ་ཞེས་ཟེར་རོ། །གཉིས་པ་གསུམ་ནི་སྒྲུབ་པའི་དུས་ཡིན་པས། དང་པོ་ལྷག་མཐོང་། གཉིས་པ་ཏིང་ངེ་འཛིན། གསུམ་པ་ཚུལ་ཁྲིམས་ཀྱི་ལེའུ་ཞེས་ཟེར་རོ། །གསུམ་པ་ལུང་གིས་དུས་ཡིན་པས། དང་པོ་མངོན་པ། གཉིས་པ་མདོ་སྡེ། གསུམ་པས་འདུལ་བའི་ལེའུ་ཞེས་ཟེར་རོ། །ཚེ་ལོ་བརྒྱ་པའི་ལྔ་བཅུ་ལ། གཟུངས་སྟོབས་ཤེས་རབ་གསུམ་འཕེལ། ལྔ་བཅུ་ལ་དེ་དག་འགྲིབ་པ་བཞིན་དུ་མཐའི་བསྟན་པ་འགྲིབ་ཀྱང་། ཐ་མ་དང་འདྲ་བས་ལྔ་བརྒྱ་ཐ་མ་ཞེས་སློབ་དཔོན་ཞི་བ་འཚོས་བཤད་དོ། །ལྔ་བརྒྱ་ཐ་མ་བཅུ་པ་ནི། རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་དོ། །དེ་ལ་དུས་འཁོར་གྱི་ལུགས་ཀྱི་སངས་རྒྱས་འདས་ནས་ལོ་ཉིས་སྟོང་དང་དགུ་བཅུ་རྩ་གསུམ་སོང་སྟེ། ཏིང་ངེ་འཛིན་གྱི་དུས་ལ་དགུ་བཅུ་རྩ་ལྔ་སོང་ངོ་། །ཉིས་སྟོང་བརྒྱ་ཕྲག་དགུ་དང་ལོ་བདུན་དུ་གནས་ཏེ། ལྕགས་མོ་བྱའི་ལོ་བརྩིས་སོ། །སིང་ག་གླིང་པའི་ལུགས་ཀྱིས་སྟོང་བརྒྱད་བརྒྱ་དང་ལོ་བཞི་སོང་ངོ་། །སློབ་དཔོན་ཀཱ་མ་ལའི་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། བསྟན་པ་ལྔ་བརྒྱ་ཕྲག་ལྔར་གནས་པར་གྲགས་པ་ལས། ལྔ་བརྒྱ་ཐ་མ་ལ་སྙིགས་མ་ལྔ་ཤས་ཆེ། ཆོས་སྤྱོད་བཅུ་ཉམས། དམ་པའི་ཆོས་འཇིག་པར་བཤད་དོ། །གསུམ་པ་ནུབ་པའི་དུས་ནི། འཛམ་བུ་གླིང་པའི་ཚེ་ལོ་བཞི་བཅུ་ལ་ནུབ་པར་བཤད་པ་ལས་དེའི་ཚེ། ཁ་ཆེ་དང་ལི་དང་བྲུ་ཤའི་དགེ་སློང་རྣམས་བོད་དུ་འོང་ངོ་། །དེ་ནས་བོད་ཀྱི་དགེ་འདུན་དང་བཅས་པ་ཀླུ་ཨེ་ལའི་འདབ་ཀྱིས། ལམ་བྱས་ནས་ཡུལ་གནྡྷ་རར་འགྲོའོ། །དེ་ནས་ཀཽ་ཤམ་བྷིར་འགྲོའོ། །དེའི་ཚེ་ན་རྒྱལ་པོ་བཟོད་པར་དཀའ་བ་ཞེས་པ་གཅིག་ཡོད་པ་དེ་རྒྱལ་པོ་གཞན་དང་འཐབ་པས། དེས་དེ་དག་དམག་དང་བཅས་པ་གསོད་པར་འགྱུར་རོ། །དེའི་སྡིག་པ་སྦྱང་བའི་ཕྱིར་འཛམ་བུ་གླིང་གི་དགེ་འདུན་ཐམས་ཅད་བསྡུས་པས་འབུམ་ཕྲག་གཅིག་འདུས་པར་འགྱུར་རོ། །དེ་ལ་གཙོ་བོ་དགྲ་བཅོམ་པ་དེས་པ་དང་། སྡེ་སྣོད་འཛིན་པ་སློབ་མ་ཅན་བྱ་བ་གཉིས་བྱུང་བ་ལས། དེ་དག་གིས་གསོ་སྦྱོང་གི་དུས་སུ་སློབ་མ་ཅན་གྱི་སློབ་མ་དགེ་སློང་དཔུང་རྒྱན་ཅན་ཞེས་པས་དགྲ་བཅོམ་པ་དེས་པ་གསོད་པར་འགྱུར་རོ། །དེ་ནས་ཕན་ཚུན་མཚོན་འདེབས་རེས་བྱས་པས་རབ་ཏུ་བྱུང་བ་ཐམས་ཅད་འཆི་བར་འགྱུར་རོ། །བཞི་པ་ནི། གོས་དུར་སྨྲིག་ཐམས་ཅད་སུམ་ཅུ་རྩ་གསུམ་དུ་ལྷས་འཁྱེར་རོ། །སུམ་ཅུ་རྩ་གསུམ་དུ་ལྷ་མོ་སྒྱུ་མ་ཆེན་མོ་མྱ་ངན་བྱེད་དོ། །སྐུ་ལུགས་མ་ལ་སོགས་པ་ནི། ཀླུའི་ཡུལ་དུ་སྤྱན་འདྲེན་ནོ། །ཡི་གེ་ཐམས་ཅད་རང་བྱི་བར་འགྱུར་རོ། །གོས་ཐམས་ཅད་རྩུབ་མོར་འགྱུར་རོ། །རོ་ཁ་བ་དང་སྐ་བ་མ་གཏོགས་གཞན་པ་ཐམས་ཅད་ནུབ་པར་འགྱུར་རོ། །དེ་ནས་རྒྱལ་པོས་མྱ་ངན་བྱས་པས་འབངས་ལྔ་བརྒྱ། བ་ལང་དམར་པོའི་ཀོ་བ་གྱོན་ནས་སྐྲ་མས་བཞར་ཏེ། རབ་ཏུ་བྱུང་བ་ད་དུང་ཡོད་དེ་ཞེས་རྒྱལ་པོ་ལ་སྟོན་པར་འགྱུར་རོ། །དེར་རྒྱལ་པོ་ཐམས་ཅད་འདུས་ཏེ་རབ་ཏུ་བྱུང་བའི་ལྟ་བ་དང་ཚུལ་ཁྲིམས་གང་ཡིན་དྲིས་པས་དེ་དག་གིས་མ་ཤེས་ཏེ། རྒྱལ་པོ་བསྟན་པ་ནུབ་པའི་མྱ་ངན་གྱིས་འཆི་བར་འགྱུར་རོ། །དེ་ནི་རྟགས་ཙམ་འཛིན་པ་ལྔ་བརྒྱ་ཐ་མའི་དུས་ཡིན་ནོ། །དེ་དག་ནི་དགེ་འདུན་འཕེལ་ལུང་བསྟན་པ་དང་། ཟླ་བ་སྙིང་པོས་ཞུས་པའི་མདོ་ལ་སོགས་པ་ནས་འབྱུང་ངོ་། །དེ་ནས་རིམ་གྱིས་ཚེ་ལོ་བཅུ་པར་འགྱུར་རོ། །ཤཱཀྱ་ཐུབ་པ་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ས་ཡ་ཕྲག་དྲུག་ནས་བྱམས་པ་སངས་རྒྱས་པའི་ལོ་རྒྱུས་ནས་བཤད་དོ། །ཚེ་ལོ་བཅུ་པ་ཞེས་བྱམས་པ་མ་བྱོན་གྱི་བར་ལ་བསྐལ་པ་ཡར་འཕེལ་ལ་རང་སངས་རྒྱས་བརྒྱད་ཁྲི་འབྱུང་བར་འགྱུར་རོ། །ཞེས་བྱང་ཆུབ་སེམས་པའི་སྡེ་སྣོད་ནས་བཤད་དོ། །དེ་དག་ནི་གནས་པའི་ཚད་དོ། །
འབྲེལ་ཡོད་འོས་སྦྱོར།