logo

༄༅།།རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་ཉར་བའི་གཏོར་གཟུགས་རྩ་ཆེན།

རྩོམ་པ་པོ།:གངས་དབང་། ཡོང་ཁུངས།: ཁམས་པའི་དྲ་བ། དུས་ཚོད།:2021-01-26 ཀློག་གྲངས།:
         གཏོར་མ་ནི་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་མཚོན་ལ། མི་རིགས་རིག་གནས་ཀྱི་སྒྱུ་རྩལ་གྲས་སུ་བརྩི་ཆོག་པར་མ་ཟད། ནང་བསྟན་ཆོས་ལུགས་ནས་བཤད་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དམིགས་བསལ་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད། ཡུལ་གྲུ་གཞན་གྱིས་བོད་ལ་ཡོད་པའི་གཡག་དང་གཏོར་མ་གཉིས་ནི་ཡ་མཚན་ཅན་དང་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་འཛིན་བྱས་སྲོལ་ཡོད་པ་ཞིག་རེད། གཏོར་མ་ཆུང་ངུ་ཡུངས་འབྲུ་ཙམ་དང་ཆེ་ཤོས་རིགས་མཐོ་ཚད་ཆེ་ཙམ་ཡོད་པ་འཕྲལ་དུ་བཟོ་མི་ཐུབ་པའི་གཏོར་མ་ཡོད་ཅིང་། ཉིན་ཞག་མང་པོའམ་ཟླ་བ་ཁ་ཤས་དཀའ་ལས་བརྒྱབ་ནས་བཞེངས་དགོས་པའང་ཡོད། གཏོར་མའི་མཚོན་ཚུལ་དང་དམིགས་བྱ་ལ་ནང་བསྟན་ཆོས་ལུགས་དང་། གདོད་མའི་བོན་ཆོས། བོད་རིགས་ཀྱི་ཡུལ་གོམས་གཤིས་ལུགས་བཅས་མང་པོ་གཞི་གཅིག་ཏུ་འདྲེས་པ་ཞིག་ཡིན་པ་རེད།
 

         གཏོར་མའི་གཟུགས་དབྱིབས་ཐད་བོད་ཀྱི་གྲུབ་མཐའ་ཁག་གི་ཕྱག་བཞེས་རྣམ་པ་སྣ་ཚོགས་ཀྱིས་བཅའ་ཚུལ་བགྲང་ལས་འདས་ཤིང་། ཆེ་བ་ཐོག་ཚད་ལ་མཉམ་པར་མར་རྒྱན་ཚོན་སྤྲས་མཛེས་པ་དང་། ཆུང་བ་གཏོར་རིལ་སོགས་ཡུངས་འབྲུ་ལ་འགྲན་བཟོད་པ་སོགས་ཀྱིས་མཚོན་ཚུལ་མང་དུ་ཡོད་ལ། སྤྱིར་བླ་མའི་གཏོར་མ་མང་ཆེ་བ་ཟླུམ་གཟུགས་བབ་ཆགས་ཤིང་བརྗིད་ཉམས་ལྡན་པ། ཡི་དམ་གྱི་གཏོར་མ་གཟུགས་དབྱིབས་སྣ་ཚོགས་གཅིག་ཏུ་མ་ངེས་པ། མཁའ་འགྲོའི་གཏོར་མའི་མཛེས་སྡུག་ཡིད་ལ་ཉམས་དགའ་བ། ཆོས་སྐྱོང་གི་གཏོར་མ་རྒྱུ་ནས་ནག་རྗེན་པ་སོགས་ཀྱིས་གྲུ་གསུམ་ཅན་མང་ལ་མཐོང་བ་ཙམ་གྱིས་བྲེད་ཤ་སྦྱིན་པ། བགེགས་ཀྱི་གཏོར་མ་ཉམས་ཐག་གི་རྣམ་པ་ཅན། གླུད་གཏོར་ཁ་ཟས་ཀྱིས་བསྐོར་བའི་གཟུགས་དབྱིབས་མཐའ་ཡས་པ། མཆོད་པའི་གཏོར་མ་ཡིད་དུ་འོང་ཞིང་སེམས་ལ་དགའ་བ་བསྐྱེད་པ། ཆབ་གཏོར་གྱི་རིགས་སྲོག་ཆགས་རྣམས་ཀྱིས་ཟ་བདེ་བ་དང་ཁྱབ་ཆེར་དམིགས་པའི་རིལ་མ་ཞིབ་པ། ཟོར་གྱི་རིགས་འཇིགས་རུང་ཟིལ་རྔམ་ཆེ་བ་སོགས་དང་། གཞན་ཡང་ལྷ་བཤོས་དང་ཀླུ་བཤོས་དཀར་ཟླུམ། བཙན་བཤོས་དམར་པོ་གྲུ་གསུམ། བདུད་བཤོས་ནག་པོ། ཐེའུ་བྲང་མཁར་ཐབ། འབྱུང་པོ་ལན་ཆགས་ལ་འཆང་བུ་སོགས་བཅའ་བ། ཞི་བའི་ཚུལ་དུ་ཟླུམ་པོ། དབང་གི་ཚུལ་དུ་ཟླ་གམ། རྒྱས་པར་གྲུ་བཞི། དྲག་པོར་གྲུ་གསུམ་བཅས་མང་ཞིང་། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་དང་། གཉན་ཆེན་ཐང་ལྷ་སོགས་གཞི་བདག་འགའ་ཡི་མཆོད་གཏོར་གངས་རིའི་གཟུགས་དང་། ཕོ་བྲང་། རི་རབ་བང་རིམ་ཅན་གྱི་རྣམ་པ་བཅས་བོད་དུ་བླ་མ་གོང་མ་རྣམས་ལ་ལྷག་པའི་ལྷ་དང་ཆོས་སྲུང་སོགས་ཀྱིས་འདི་ལྟར་བཤམས་ཞེས་དངོས་ཉམས་རྨི་ལམ་དུ་གསུངས་པ་སོགས་ལ་བརྟེན་ནས་སོ་སོར་དབྱིབས་སོགས་མི་འདྲ་བའི་ཕྱག་ལེན་མང་དུ་དར་བ་རེད་ཅེས་བཤད་སྲོལ་ཡོད་པ་ཞིག་རེད།།

གངས་དབང་གིས་པར་བླངས།
འབྲེལ་ཡོད་འོས་སྦྱོར།