དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ལགས་ཀྱི་དཔྱད་རྩོམ།
རྩོམ་པ་པོ།:ཁྱུང་ཕྲུག་བློ་བཟང་དར་རྒྱས།
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-03-28
ཀློག་གྲངས།:
༄༅། །ཀུན་མཁྱེན་ཇོ་ནང་ཏཱ་ར་ནཱ་ཐའི་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་གདེང་འཇོག་གི་ཡིག་རྙིང་ལ་གསར་དུ་དཔྱད་པ།
ཁྱུང་ཕྲུག་བློ་བཟང་དར་རྒྱས།
ཁྱུང་ཕྲུག་བློ་བཟང་དར་རྒྱས།
ནང་དོན་གནད་བཏུས། དཔྱད་རྩོམ་འདིར་བོད་བཙན་པོའི་དུས་ཀྱི་བསམ་ཡས་ཆོས་རྩོད་ཅེས་ཡོངས་སུ་གྲགས་པའི་རྩོད་གཞི་གཙོ་བོ་སྟེ་ཅི་ཡང་ཡིད་ལ་མི་བྱ་བའི་དབུ་མའི་ལྟ་སྒོམ་སྟོན་པའི་གཞུང་མདོ་སྡེ་བརྒྱད་ཅུའི་ཁུངས་སམ། མདོ་ལུང་བརྒྱད་ཅུ་པ་ཞེས་པ་གང་ཉིད་སྔོན་བྱོན་བོད་ཀྱི་མཁས་པ་ཕལ་མོ་ཆེས་གཟིགས་པ་མ་བྱུང་བ་དང་ལྷག་དོན་མཁས་མཆོག་འཇུ་མི་ཕམ་གྱིས་དེ་ཉིད་གྲགས་ཚོད་ཙམ་ལས་དངོས་ཡོད་དུ་མེད་པར་བསྟན་པ་ལ། སྔོན་གྱི་བཅོམ་ལྡན་རིགས་རལ་དང་། ཀུན་མཁྱེན་ཇོ་ནང་པ་ཏཱ་ར་ནཱ་ཐ་གཉིས་ཀྱིས་དངོས་སུ་གཟིགས་པ་མ་ཟད། ཏཱ་ར་ནཱ་ཐས་དེ་ཉིད་ལ་གཟུ་བོའི་བློས་དཔྱད་པ་གནང་བ་ལ་ཏུན་ཧོང་གཏེར་ཡིག་སོགས་ཁུངས་སྐྱེལ་གྱིས་རང་གི་ཞིབ་འཇུག་གི་ལྟ་ཚུལ་སྔོན་མེད་བཏོན་ཡོད་པ་ཡིན།
གནད་ཚིག ཏཱ་ར་ནཱ་ཐ། ཧྭ་ཤང་གི་ལྟ་བ། མདོ་སྡེ་བརྒྱད་ཅུའི་ཁུངས། སོ་སོར་རྟོག་པ།
དང་པོ། ཡིག་རྙིང་རྩོམ་པ་པོ་མཚམས་སྦྱོར་ཉུང་ངུ་།
དེ་ཡང་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་སྲོལ་འཛིན་པ་སྟེ། མཁས་གྲུབ་ཆེན་པོ་ཇོ་ནང་ཀུན་དགའ་སྙིང་པོའམ་ཇོ་ནང་ཏཱ་ར་ནཱ་ཐ་ཞེས་གྲགས་པ་བོད་རབ་བྱུང་བཅུ་པའི་ཤིང་ཕག་དུས་རབས་བཅུ་དྲུག་པའི་སྤྱི་ལོ1575ལོར་ཡུལ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་སུ་སྐུ་འཁྲུངས། རང་གི་མེས་པོས་མཚན་ལ་པདྨ་སྲི་གཅོད་རྡོ་རྗེ་ཞེས་གསོལ། དགུང་ལོ་བཞིའི་སྟེང་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་སྤྲུལ་སྐུར་ངོས་འཛིན་མཛད་དེ་ཇོ་ནང་དགོན་དུ་ཕེབས། དེ་ནས་ཀློག་བསླབས་ཤིང་རིམ་བཞིན་སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་འབོད། དེ་ནས་རྒྱ་གར་གྱི་བཤེས་གཉེན་བ་ཛ་ལ་ནཱ་ཐ་མཆོག་གིས་ཏཱ་ར་ནཱ་ཐ་ཞེས་པའི་མཚན་གསོལ་པའི་གཟིགས་སྣང་བྱུང་པ་ནས་ཁོང་གི་མཚན་ལ་དེ་ལྟར་གྲགས་པར་གྱུར།
དགུང་ལོ་བཅུ་བདུན་པ་ལྕགས་ཡོས་ཏེ་སྤྱི་ལོ1591ལོར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་མཁན་པོ་དང་སློབ་དཔོན་བྱམས་པ་ལྷུན་གྲུབ་ཀྱིས་ལས་སློབ་མཛད་དེ་དགེ་འདུན་གྲངས་ཚང་པའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འདི་ལ་དམིགས་བསལ་གྱི་དབང་ཞིག་ཡིན་ནམ་གྲུབ་མཐའི་དགོས་དབང་ཞིག་གིས་ཡིན་པ་མ་གཏོགས་སྤྱིར་བཏང་བསྙེན་རྫོགས་ཀྱི་སྡོམ་པ་ལེན་པའི་རྟེན་ལ་རང་ལོ་ཉི་ཤུར་བུད་པ་དགོས་ཞེས་འདུལ་བའི་གཞུང་ལས་འབྱུང་། དེས་ན་དེ་དུས་བོད་དུ་དེ་འདྲའི་ཆོས་ལུགས་ཀྱི་སྲོལ་ཀ་དར་ཡོད་པ་ཡང་ཞར་ལ་ཤེས་ཐུབ་སྙམ་སྟེ་དཔྱད། དེ་ནས་འཕགས་ཡུལ་གྱི་གྲུབ་ཆེན་སངས་རྒྱས་སྦས་པའི་མགོན་པོ་ལས་རྒྱུད་སྡེ་སྤྱི་དང་། སྒོས་སུ་བསྐྱེད་རྫོགས་ཀྱི་རྣམ་གཞག་གསན་པས་བླ་མེད་རྒྱུད་སྡེའི་དོན་ལ་གངས་ཅན་འདིར་སྔོན་མེད་པའི་བློ་སྐྱེད་གསར་པ་ལྔ་བརྒྱ་ཙམ་བྱུང་ཞེས་རྗེ་བཙུན་དམ་པ་རང་ཉིད་ཀྱིས་གསུངས།
ཡང་རྒྱ་གར་གྱི་སློབ་དཔོན་སུ་ནི་རྦ་དྲཱ་ཤྲཱི་པུ་རྣ་བཛྲ་སོགས་བསྟེན་ཏེ་སྒྲ་སོགས་ཕྱི་ནང་གི་རིག་གནས་མཐའ་ཡས་པ་གསན་སྦྱངས་གནང་། དེ་ལྟར་ཕྱིའི་རྒྱལ་ཁབ་ཀྱི་མཁས་པ་ལ་བསྟེན་པ་ལ་བརྟེན་ནས་ད་གཟོད་ཁོང་གིས་ཕྱི་རྒྱལ་གྱི་ལོ་རྒྱུས་རྩོམ་ཐུབ་པ་བྱུང་པ་དང་སྔོན་མེད་ཀྱི་བློ་སྐྱེད་དག་ལ་བརྟེན་ནས་གངས་ཅན་བོད་ཀྱི་རིག་གཞུང་ལ་དག་ཐེར། ཞིབ་འཇུག་གནད་སྨིན་གནང་ཐུབ་པ་བྱུང་པ་འདིས་ངེད་ཅག་ཕྱི་རབས་པ་དག་ལ་ཡང་རིག་གཞུང་རྒྱ་མཚོའི་འཇུག་ངོགས་ལ་ཅི་འདོད་དུ་བསྐྱོད་སོང་པ་འདི་ཡང་ཁོང་དང་ཁོང་འདྲ་བ་རེ་གཉིས་ཀྱི་སྐུ་དྲིན་ཁོ་ནར་གསལ་ལོ། །
དགུང་ལོ་ཉེར་གཅིག་ནས་མདོ་སྔགས་གཉིས་ཀྱིས་གཙོས་རིག་གཞུང་གི་འཆད་མཉན་སྤེལ། དགུང་ལོ་ཞེ་གཅིག་གི་ཚེ་ན་ཇོ་ནང་དགོན་རྟག་བརྟན་དམ་ཆོས་གླིང་ཕྱག་འདེབས་མཛད། རྒྱལ་མཆོག་བཞི་བ་ཆེན་མོས་ཁོང་ལ་མེ་ཏྲི་ཞེས་པའི་མཚན་གནང་། དེ་རྗེས་སོག་པོ་ཁལ་ཁའི་ཡུལ་དུ་དགོན་པ་བཏབ་ཅིང་འགྲོ་དོན་རྒྱ་ཆེན་མཛད་པས་རྗེ་བཙུན་དམ་པ་ཞེས་མཚན་སྙན་འབར། དེ་ལྟར་ཁོང་གིས་རྒྱ་གར་ཆོས་འབྱུང་དང་སྒྲ་མདོ་དབྱངས་ཅན་མའི་བཤད་སྦྱར་ཆེན་མོ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བརྩམས་ཆོས་ཁྱོན་བསྡོམས་གླེགས་བམ་པོ་ཏི་བཞི་བཅུ་ལྷག་མཛད་དེ་ཁ་བའི་རིག་གནས་སྤྱི་དང་སྒོས་སུ་དཔལ་རྒྱལ་བ་ཇོ་ནང་པའི་རིང་ལུགས་ཉི་མ་ལྟར་གསལ་བར་མཛད། མཐར་དགུང་ལོ་དྲུག་ཅུ་བཞེས་པ་བོད་རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་སྟེ། དུས་རབས་བཅུ་བདུན་པའི་དུས་མགོ་སྟེ་སྤྱི་ལོ1635ལོར་རྟག་བརྟན་དམ་ཆོས་གླིང་དུ་སྐུ་མྱ་ངན་ལས་འདས།
དེ་ཡང་དམ་པ་འདི་ལ་རིས་མེད་མཁས་མཆོག་དག་གིས་ཐུགས་མཉེས་པའི་གསུང་སྒོ་བཏོན་པ་ཤིན་ཏུ་མང་པོ་འདུག་ཅིང་ཁྱད་པར་དུ་དགེ་ལུགས་པའི་མཁས་མཆོག་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་། གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་དུ་མས་མགྲིན་གཅིག་ཏུ་བཀག་པས་བག་ལ་ཞ་བར་གྱུར་ནའང་། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང་། ཁྱད་པར་དུ་གྲོལ་མཆོག་གི་སྐྱེ་བ་ཏཱ་ར་ནཱ་ཐས་བསྐྱར་གསོས་ཀྱིས་གསོ་བར་མཛད་ནས་འཆད་སྤེལ་དང་ཡིག་འཇོག་ཀྱང་མང་དུ་མཛད། ཅེས་གསུངས་པ་ལྟར་རིག་པའི་གནས་སྤྱི་དང་བྱེ་བྲག་ཏུ་དཔལ་མཉམ་མེད་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་བསྲུང་ཞིང་སྤེལ་བ་ལ་བཀའ་དྲིན་བླ་ན་མེད་པ་ཞིག་གོ །འདིའི་ཚུལ་རྒྱས་པར་ཤེས་འདོད་ན་རང་རྣམ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་ལ་བལྟས་ཏེ་ཤེས་པར་བྱའོ། །
གཉིས་པ། དབུ་མའི་ལྟ་དགོངས་ལས་འཕྲོས་ཏེ་ཧྭ་ཤང་གི་གདེང་འཇོག་ཡི་གེ་ཁུངས་མ་རྙེད་ཚུལ།
དེ་ལྟར་ཁོང་ནི་དུས་རབས་དེ་ལ་མཚོན་ན་བོད་ཀྱི་རང་གཞན་གྱི་ཆོས་བརྒྱུད་སོ་སོའམ་གྲུབ་མཐའི་རྗེས་འབྲངས་པ་རྣམས་ཀྱིས་ཐུན་མོང་དུ་ཁས་ལེན་ཞིང་སྤྱི་བོར་བཀུར་པའི་ཚབ་མཚོན་རང་བཞིན་ཅན་གྱི་མཁས་པ་ཞིག་ཡིན་ཙ་ན་འདིར་ཁོ་བོས་དེ་སྔ་ཁོང་གི་བརྩམས་ཆོས་ལ་ཆེད་གཉེར་གྱིས་མཇལ་ཀློག་གི་གོ་སྐབས་རེ་ཞིག་བྱུང་མ་སོང་བ་ལ་བརྟེན་ཆེད་རྩོམ་འདི་ཉིད་བྲི་བའི་ཉེར་བསྡོགས་རྩོམ་པའི་ཚེ་ནའང་ཁོང་གི་གསུང་རིགས་ཞིབ་འཇུག་དཔྱད་འཇོག་གི་ཡི་གེའི་གྲས་སུ་རེ་ཞིག་འཁོད་མ་བྱུང་། དེར་བརྟེན་དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་དང་མཚན་བྱང་བདམས་པའི་སྐབས་སུ་ཡང་ལས་སྨོན་བཟང་པོའི་བགོ་སྐལ་གྱི་དབང་གིས་རིགས་པའི་བང་མཛོད་ཏུན་ཧོང་གཏེར་ཡིག་ལས་བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་བསམ་ཡས་ཆོས་རྩོད་སྐོར་གྱི་ཧྭ་ཤང་མཁན་པོའི་བརྩམས་གཞུང་ཅིག་ཅར་ཡང་དག་པར་རིགས་པ་ངེས་པ་དང་མདོ་སྡེ་བརྒྱད་ཅུའི་ཁུངས་སུ་གྲགས་པ་སོགས་ལ་ཞིབ་འཇུག་བྱས་པ་ལ་བརྟེན་ནས་རང་ཉིད་ལ་ཡང་ཀུན་མཁྱེན་གང་ཉིད་ཀྱི་བཞེད་དགོངས་ཇི་ལྟ་བུའི་ལྟ་ཚུལ་ཤར་བ་ལ། འདི་འདྲའི་སྔོན་མེད་ཀྱི་བློ་སྐྱེད་གསར་པ་རེ་སྐྱེས་བྱུང་སྙམ་སྟེ་རེ་ཞིག་སྤྲོ་དགས་མྱོས་པར་གྱུར།དེ་ནས་གོང་གསལ་ལྟར་ཆེད་རྩོམ་འདི་རུ་ལྟ་ཚུལ་གསར་བ་དེ་ཉིད་གཞི་བྱས་ཏེ་བྲི་འདོད་ཀྱི་འདུན་པ་དང་སྤོབས་པ་སྐྱེས་པ་དང་འབྲེལ་དེའི་སྐོར་འཁོར་མེད་དྲིན་ལྡན་གྱི་སློབ་དཔོན་རྣམ་པར་དྲི་ཞུས་བརྒྱུད་པ་ན་དེ་དེ་བཞིན་གྱི་ཞིབ་འཇུག་བགྲོ་གླེང་བྱ་འོས་པའི་གནང་པ་ཡང་ཐོབ་སོང་བ་ལགས། དེ་ལྟ་ནའང་ཆེད་རྩོམ་འདི་ཉིད་དངོས་སུ་བྲི་བའི་ལག་བསྟར་ལ་ཞུགས་པའི་བར་སྐབས་ཤིག་ལ་དོན་གྱི་ཆར་དཀའ་ས་དང་ཁེགས་ས་མང་པོར་ཐུག དེར་བརྟེན་དེང་འདིར་འཚོ་བཞུགས་ཀྱི་མཁས་པ་ས་དགེ་བཀའ་རྙིང་གི་གཞུང་ལུགས་སྨྲ་བའི་དབང་པོ་སྐོར་ཞིག་ལ་དྲི་གཏུགས་གང་ནུས་ཞུས།
དཔྱད་གཞིའི་ཡི་གེ་སྔོན་ལས་རྒྱ་བསྐྱེད་ཀྱིས་བཙལ་པའི་དོན་རྡོར་སྔོན་བྱོན་དང་ཉེ་རབས་མཁས་པ་རྣམས་ཀྱིས་གླེང་སློང་ཙམ་ཡང་མེད་པ། དེང་དུས་ཀྱི་ཕྱི་ནང་རྒྱལ་ཁབ་དག་གི་མཁས་པའམ་ཞིབ་འཇུག་པ་རྣམས་ཀྱི་སྤྱན་རས་ལ་མ་ཐོགས་པའམ། ཡིད་འཇོག་དང་དཔྱོད་ཡུལ་དུ་བླངས་མེད་པའི་སྔོན་མེད་ཀྱི་ལེགས་བཤད་ཅིག་རྙེད་པར་རློམ་པ་ལ། དེ་ཡང་ཁོ་བོས་གཅིག་ན་ཚུལ་འདིའི་འབྲེལ་ཡོད་ཀྱི་ས་དགེ་བཀའ་རྙིང་གི་མཁས་པ་ཕལ་མོ་ཆེའི་གསུང་རྩོམ་མཇལ་ཀློག་བྱས་པར་མ་མཐོང་པ། གཉིས་ན། ཆེད་ལས་མཁས་པ་དག་ལ་འདྲི་རྩད་ཞུས་པར་དེའི་གསུང་གི་ཁ་འཕང་མེད་པ། གསུམ་ན། ད་ལྟའི་ཆ་འཕྲིན་དྲྭ་རྒྱ་ལས་བཤེར་འཚོལ་ཐབས་ལམ་བེད་སྤྱད་ནས་བཙལ་ན་དེ་ཉིད་ཀྱི་ཟིན་འབྲས་ཡི་གེ་གཅིག་ཀྱང་མ་རྙེད་པའོ། །
དེས་ན་བསམ་ཡུལ་ལས་འདས་པའི་སྔོན་མེད་ཀྱི་ལེགས་བཤད་འདི་ལ་ནི་དེ་སྔ་རང་གི་ཧྭ་ཤང་མཁན་པོའི་གསུང་རྩོམ་གྱི་ལྟ་ཚུལ་གང་ཉིད་ཕྲན་ཆུང་རང་ཉིད་ཀྱིས་སྔོན་མེད་ཉིད་དུ་རློམས་པས་ཁེངས་པ་དང་ཕྱོགས་གཅིག་ཏུ་གྱུར་པ་ཞིག་གསར་དུ་བདག་གིས་རྙེད་སོང་པ་འདི་ལ་དར་ཅིག་རང་གི་ལྟ་བ་གསར་བ་ཡིན་སྙམ་དུ་རློམས་སོང་པ་འདི། ད་ནས་མི་ལོ་སུམ་བརྒྱ་བདུན་ཅུ་ལྷག་གི་ཡར་སྔོན་ལ་མཁས་པ་འདིས་བཤད་སོང་པས་ཁོ་བོ་རེ་ཞིག་ཧ་ལས་ཧང་སངས་ཏེ་ཡིད་ཁོང་དུ་ཆུད་པར་གྱུར་མོད། ཡིན་ཡང་དྲན་ཤེས་ཀྱིས་བག་ཕབ་སྟེ་ཞིབ་ཏུ་བསམ་བློ་རེ་བཏང་ན་རང་གིས་རང་ལའང་ཚུལ་འདིའི་ཞིབ་འཇུག་གི་ཕྱོགས་འདི་ལ་རིགས་པའི་གསང་ཐིག་ལས་མ་འདས་པར་སྔར་ལས་ལྷག་པའི་ཡིད་ཆེས་ཤིག་དང་སྤོབས་པ་ཞིག་སྣོན་བྱེད་ཀྱི་རྒྱུ་རུ་འགྱུར་ངེས་པར་ཡང་འདོད་དོ། །
གསུམ་པ། ཀུན་མཁྱེན་གསུང་རྩོམ་གང་ལས་ཧྭ་ཤང་གི་གདེང་འཇོག་བསྟན་པ།
དེ་ནི་གང་ཡིན་ཞེ་ན་གོང་དུ་རྣམ་ཐར་ཟུར་ཙམ་ཞུས་པའི་མཁས་དབང་ཇོ་ནང་ཏཱ་ར་ནཱ་ཐ་ལགས་ཀྱི་གསུང་རྩོམ་ལས། དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད་ཅེས་བྱ་བ་བཞུགས་པ་དེ་ཡིན་ནོ། །དེ་ནི་མདོ་དང་སྔགས་ཀྱི་གཞུང་ལུགས་ལས་འོངས་པའི་དཀའ་བའི་གནད་ཉེར་གསུམ་གྱི་དྲི་བའི་ལན་དུ་བརྩམས་པ་ཡིན། མདའ་ཚད་མའི་ལྡེབ་མ་ཉེར་དགུའི་བདག་ཉིད་ཅན་ཞིག་ཡིན་པས་ཤོག་གྲངས་ཉུངས་པའི་དབང་གིས་བམ་ཚད་ཆུང་བ་དང་བསྟན་བཅོས་རང་རྐང་གི་ཚུལ་དུ་བརྩམས་པ་ཞིག་མིན་པར་ཤེས། དེར་བརྟེན་ལྟོས་བཅས་ཀྱིས་ཁོང་གི་གསུང་རྩོམ་གྱི་ནང་ནས་ཆེ་བས་གོ་ས་ཟིན་པ་ཞིག་དང་གྲགས་པའི་ཕྲིན་ལས་རྒྱས་ཡོད་པ་ཞིག་ཀྱང་མིན་པར་གསལ།དྲི་ལན་གྱི་མཇུག་ཏུ་འདི་ལྟར། རྡོ་རྗེ་ཐེག་པའི་ཟབ་དོན་འཇུག་ངོགས་ནི། །རྟོག་གེས་ནམ་ཡང་བགྲོད་བྱ་མ་ཡིན་ཞིང་། །མན་ངག་ཡིན་ཅེས་རྫུ་ཟོབ་དེས་ཀྱང་མིན། །གྲུབ་པའི་མན་ངག་ལག་ལེན་ཡོད་ན་ཤེས། །མཐའ་དག་འབྲི་བར་མི་སྤོབས་ཤིང་། །ཀུན་ཏུ་འཁྲུལ་པ་མེད་པའང་མིན། །འོན་ཀྱང་འདི་ཙམ་མ་ནོར་སྙམ། །གོ་བདེའི་ཕྱིར་དུ་ཞིབ་མོར་བྲིས། །འདི་ལས་ཡེ་ཤེས་འབར་པ་ཡིས། །ཉེས་ཚོགས་ཚང་ཚིང་ཀུན་བསྲེགས་ནས། །འགྲོ་བ་རྣམས་ནི་ཐམས་ཅད་ཀྱི། །མ་རིག་མུན་པའང་སེལ་བར་ཤོག །ཅེས་པ་འདི་ནི་ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་ནས། སྡེ་སྣོད་འཛིན་པ་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དོགས་གཅོད་ཀྱི་དྲི་བ་བསྐུར་པའི་ལན། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒལཾབིསྟཱརཀུརུ། ཞེས་གསུངས་པ་ལས་གསལ་བར་གྲུབ་པས་ན་ཁོང་གིས་རྒྱ་ནག་མཁན་པོའི་ལྟ་སྒོམ་གྱི་སྐོར་འདི་ལ་རང་གི་གྲུབ་མཐའ་དང་དེའི་གཞུང་ལུགས་ཀྱི་ཕྱོགས་སུ་མ་ལྷུང་པའི་སྒོ་ནས་རང་ཉིད་ཀྱི་མྱོང་འཆར་ངོ་མ་འདི་ལྟར་སྲོང་པོར་བཤད་ཡོད་དེ། དྲི་ལན་གནད་ཀྱི་གསལ་བྱེད་རང་དུ། དྲི་བ་བཅོ་ལྔ་པ་ནི། ཧྭ་ཤང་གི་ལྟ་བ་དངོས་གཞི་ཇི་ལྟར་འཁྲུལ། སྤྱོད་པས་མ་ཟིན་པས་འཁྲུལ་ན། སྤྱོད་པའི་ཕྱོགས་ནས་དགག་རིགས་ཀྱི། ལྟ་བ་འཁྲུལ་ཞེས་གསུང་མི་རིགས་པ་འདྲ། ཞེས་པ་སྟེ། འདི་ལ་བརྗོད་པ། སྤྱིར་ཏོན་མུན་ཅིག་ཅར་འཇུག་པའི་ལམ་ཞེས་བྱ་བ་ནི། བོད་ཡུལ་དུ་ཧྭ་ཤང་མ་ཧཱ་ཡ་ནས་སྲོལ་ཕྱེ་བར་གདའ། རྒྱ་ནག་ཏུ་དེའི་སྔོན་རོལ་དུ་ཡང་ཏོན་མུན་གྱི་མཁན་པོ་ཆེན་པོ་ཉི་ཤུ་རྩ་ལྔ་ཙམ་བྱུང་ཞིང་། དེ་དག་གི་ཁུངས་ཀྱི་རྩ་བ་ཡང་རྒྱ་གར་ལ་བྱེད་པར་སྣུབས་ཀྱི་བསམ་གཏན་མིག་སྒྲོན་ལས་བཤད། དེའི་ལུགས་ཀྱི་གོ་ཡུལ་གྱི་ལྟ་བ་ནི། ཐལ་འགྱུར་པ་རྙིང་པ་རྣམས་དང་མཐུན། སྒོམ་པའི་ལྟ་བ་ནི་ཡིད་བྱེད་བཀག་པ་ཁོ་ན་ལ་བསྔགས་པ་མཛད། བསྒོམ་དུས་སོ་སོར་རྟོག་པའི་ཤེས་རབ་མི་དགོས་པར་མ་ཟད། དེ་སྒོམ་གྱི་གོལ་སར་བྱས་གདའ། སྤྱོད་པ་ནི་ཚུལ་ཁྲིམས་རྣམ་དག་བསྲུང་དགོས་པར་ཡང་ཡང་བཤད་པས། ཉེས་སྤྱོད་སྡོམ་པའི་ཕྱོགས་ལ་འཁྲུལ་པ་མེད། ལུས་ངག་ཡིད་གསུམ་གྱི་བྱ་བ་དགེ་བའི་ལས་རྩལ་འདོན་མི་དགོས་པ་དང་། རྗེས་ཐོབ་ཏུ་སྙིང་རྗེ་དང་དད་པ་སོགས་མི་འགོག་ཀྱང་། མཉམ་གཞག་གི་དུས་ན། སེམས་ཅན་མ་དམིགས་པ་ཙམ་སྙིང་རྗེ་དང་། སངས་རྒྱས་སོགས་མ་དམིགས་པ་ཙམ་དད་པ་ཡིན་པ་སོགས་སུ་བཤད་ནས། མདོར་ན་དམིགས་པ་མེད་པ་ལ་ཐམས་ཅད་ཚང་ཚུལ་ཙམ་མ་གཏོགས། དེ་དག་སོ་སོའི་མཚན་ཉིད་ཅན་སྒོམ་པ་དེ་གོལ་སར་བཞེད་པས། དགེ་བ་ཆོས་སྡུད་ལས་ཉམས་སམ་སྙམ། འབྲས་བུ་ཡང་དམིགས་པ་མཐའ་དག་ཟད་པ་ལས། གཞན་སྣང་དུ་འགྲོ་དོན་འབྱུང་པ་ཙམ་དུ་འཆད་པར་སྣང་སྟེ། དེས་མཛད་པའི་མདོ་སྡེ་བརྒྱད་ཅུའི་ཁུངས་དང་། སྣུབས་ཀྱི་བསམ་གཏན་མིག་སྒྲོན་ན་གསལ་བར་སྣང་། འདི་ལ་ཀ་མ་ལ་ཤཱི་ལས་ནི་སོ་སོར་རྟོག་པ་སྤངས་པས། སྟོང་ཉིད་རྟོགས་པའི་ཤེས་རབ་སྤངས་པར་འགྱུར་ལ། དགེ་བའི་ལས་སྤངས་པས་ཐབས་ཀྱང་སྤངས་པའི་ཕྱིར། ཐབས་དང་ཤེས་རབ་གཉིས་ཀ་སྤངས་པས་སངས་རྒྱས་ལྟ་ཅི་སྨོས། ཐར་པ་ཙམ་ཡང་མི་ཐོབ། སོ་སོར་རྟོག་པའི་ཤེས་རབ་མེད་ན། དམིགས་པ་མེད་པའང་འཇུག་པར་མི་ནུས་ཞེས་སོགས་གསུངས་པས། སོ་སོར་རྟོག་པའི་ཤེས་རབ་མེད་པས་ལྟ་སྒོམ་འཁྲུལ་ལ། དགེ་བའི་ལས་ལ་བརྩོན་པར་མ་བྱས་པས་སྤྱོད་པའང་འཁྲུལ་ཞེས་འགོག་པར་སྣང་ལ། བསྟན་པ་ཕྱི་དར་ལ་བྱུང་པའི་བོད་རྣམས་ལ། འཇོག་སྒོམ་ཁོ་ན་ལ་མོས་པ་དང་། དཔྱད་སྒོམ་ཁོ་ན་ལ་མོས་པའི་ལུགས་གཉིས་ཡོད་པ་ལས་ཕྱི་མ་རྣམས་ནི་ཀ་མ་ལ་ཤཱི་ལའི་གསུང་དེ་ལ་འཁྲིལ་ནས། ལས་དང་པོ་པའི་མི་རྟོག་པ་སྒོམ་པ་ཐམས་ཅད་ནོར་པར་བརྩི་བར་སྣང་ལ། སྔ་མ་རྣམས་ནི་འགའ་ཞིག་ཧྭ་ཤང་ཡིད་བྱེད་འགོག་པ་ཙམ་ཡིན་པས། གསལ་སྟོང་རང་རིག་པ་ངོས་འཛིན་པ་མེད་པས་ལྟ་བ་ནོར་ཟེར་བ་དང་། ཕྱག་ཆེན་པ་ཁ་ཅིག ཧྭ་ཤང་ཡིད་བྱེད་དང་རྣམ་རྟོག་ཐམས་ཅད་འགོག་པ་ཡིན་པས་ནོར་བ་ཡིན་ལ། ཁོ་བོ་ཅག་རྣམ་རྟོག་གང་ཤར་ཐམས་ཅད་དགག་སྒྲུབ་སྤང་བླང་མེད་པར་ལམ་དུ་འཁྱེར་པའི་ཕྱིར། མ་ནོར་བ་ཡིན་ཞེས་ཟེར་ན་ཡང་། དེ་རྣམས་ཧྭ་ཤང་གི་ལུགས་གང་ཡིན་ཞིབ་མོར་མ་ཤེས་ཀྱང་། ངན་པ་གཅིག་ཡིན་ཏེ་འོང་སྙམ་པ་དང་། ཚིག་ཟུར་རེ་ཙམ་མཐོང་ཐོས་ལ་བརྟེན་ནས་ཚོད་དཔགས་བྱས་པར་ཟད་དེ། རིག་པའི་རང་ངོ་ངོས་འཛིན་པ་དང་། རྣམ་རྟོག་གང་ཤར་ཐམས་ཅད་ཀྱང་རིག་ཙམ་དེའི་རང་བཞིན་དུ་ཤེས་པར་བྱེད་པ་ནི། ཏོན་མུན་གྱི་ལུགས་ལ་ཡང་ཤིན་ཏུ་ཡོད་པར་གསལ་མོད། སྤང་བླང་མི་བྱེད་སྐད་པའི་ཐབས་ཀྱིས་རྟོག་པ་མ་སྤངས་རང་སར་གྲོལ་པར་འདོད་པའི་ཐབས་དེ་ཡང་། ཡིད་བྱེད་སྤོང་བའི་ཐབས་ཁོ་ན་ཡིན་ནོ། །
དེས་ན་མཉམ་གཞག་ཏུ་སྙིང་རྗེ་སོགས་ཀྱི་སྣང་ཆ་འགོག་པ་དང་། ཐབས་ཀྱི་ཆ་ལས་གཡེལ་བའི་སྐྱོན་ནི་ངེས་པར་ཡོད་ཅིང་། ལྟ་བ་སྒོམ་པའི་དངོས་གཞི་ལ་ཡང་། འདི་མདོ་ལུགས་ཁོ་ནའི་སྒོམ་རིམ་ཡིན་པས། དབང་གི་ཉམས་མྱོང་དང་། བླ་མའི་བྱིན་རླབས་དང་། ཡི་དམ་ལྷའི་མཐུ་སྟོབས་དང་། རིག་སྔགས་ཀྱི་ནུས་པ་དང་། བྱེད་ཆིངས་ཀྱི་གནད་དང་། རྩ་རླུང་ཐིག་ལེའི་རྟེན་འབྲེལ་སོགས་ལས་ཡེ་ཤེས་ཕེབས་པར་འགྱུར་བ་ནི་མེད། མདོ་ལུགས་ཉིད་ལ་སྐྱེ་བ་མང་པོར་ཚོགས་བསགས་པ་ཡང་མ་ཡིན་ན། སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་མ་སོང་པའི་ལྟ་བ་སྐྱོང་ལུགས་དང་། ལྟ་ཐོག་ཏུ་སླེབ་ཀྱང་བོགས་ཆུང་ཞིང་། ནུས་པ་བུལ་ལ། ལྟ་བའི་ཐོག་ཏུ་མི་སླེབ་པའི་གོལ་སའི་ཉེན་ཆེ་བའི་ཕྱིར་སྐྱེ་བོ་ཐམས་ཅད་ལ་སྟོན་པ་འདི་ལག་ལེན་མ་ནོར་བ་ཡིན་ཞེས་བརྗོད་དགོས་ཀྱི། སྟོང་ཕྱོགས་ཀྱི་ལྟ་སྒོམ་པའི་དངོས་གཞི་རང་ལ་འཁྲུལ་པ་ཡོད་པར་མ་མཐོང་ངོ་། །འོན་ཀྱང་ལུགས་དེ་དར་ན་བསྟན་པའི་སྲོལ་བཀའ་ལ་གནོད་པར་གཟིགས་ནས། དུས་དེར་སྣུབས་པར་མཛད་པ་ཡིན་ལ། ཀ་མ་ལ་ཤཱི་ལའི་དགག་པ་དེ་ཡང་། ལྟ་བའི་སྐབས་དེར་མདོ་ལུགས་རང་རྐང་ལ་ཕལ་ཆེ་བའི་དབང་དུ་མཛད་ན་མི་འགལ་ཡང་། སྒྲ་ཇི་བཞིན་པ་ལ་ཁྱབ་མཐའ་ནི་མེད་དོ། །
སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་ཏོན་མུན་གྱི་ལུགས་དེ་རྣམ་དག་ཏུ་བཤད་ལ། སྣུབས་དེ་ནི་རྫོགས་ཆེན་པ་ཐམས་ཅད་ཀྱིས་ཚད་མར་བྱེད་པའི་སློབ་དཔོན་ཡིན་ནོ། །དེས་ན། ཕྱག་རྫོགས་ཞི་བྱེད་གཅོད་ལ་སོགས་པ་དང་། ཏོན་མུན་གྱི་རིང་ལུགས་ལ་སྤྱོད་ཕྱོགས་དང་། སྒོམ་པ་གཞན་གྱི་ཁྱད་པར་ནི་ཡོད་སྲིད་ཀྱི། སྟོང་ཉིད་ཀྱི་རྣལ་འབྱོར་ལ་ཁྱད་པར་མེད་ལ། གནས་སྐབས་འགའ་ཞིག་ཏུ་སྙིང་པོ་དོན་གྱི་བསྟན་པར་ནི། ཏོན་མུན་ཡང་འགྱུར་ལ། ཏོན་མུན་དར་བའི་དགག་བྱ་དེ་ཡང་། གནས་སྐབས་གཞན་དུ་གཞན་དག་ལ་ཡང་འབྱུང་སྲིད་པ་མཐོང་ངོ་། །ཁོ་བོས་མདོ་སྡེ་བརྒྱད་ཅུ་ཁུངས་མཐོང་པའི་ཚེ། འདིའི་ལྟ་གྲུབ་ཀྱང་བདུད་ཀྱི་ལས་ཁོ་ན་ཡིན་ནོ་ཞེས་གྲགས་ཆེ་བར་སྣང་བ་འདི་ལ་འཇིགས་སོ་སྙམ་མོ། །ཞེས་དྲི་བ་དེའི་ལན་རིལ་པོ་ཤིན་ཏུ་རྩ་ཆེ་ཞིང་གནད་གསལ་བས་དེང་གི་ཞིབ་འཇུག་པ་དང་གཟུར་གནས་བློ་གསལ་རྣམས་ལ་དགྱེས་པའི་མཆོད་སྤྲིན་དང་དྲན་པའི་གསོས་སྨན་ཉིད་ཕྱིར་འདིར་ཆ་ཚང་ལུང་དུ་དྲངས་པ་བློ་གསལ་གཟུ་བོར་གནས་པ་རྣམས་ཀྱིས་དགྱེས་བཞིན་གཟིགས་པ་ཅི་གནང་།
དེ་ལས་ཧྭ་ཤང་མཁན་པོའི་ལྟ་སྒོམ་ཡང་མདོར་དེད་ན་རྒྱ་གར་རང་ལས་བྱུང་བ་དང་། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བས་སྲོལ་གྱི་ཐལ་འགྱུར་པའི་ལུགས་དང་མཐུན་པར་བཤད། འདིའི་ལུགས་ལ་འདུལ་ཁྲིམས་བསྲུང་པ་གཙིགས་སུ་འཛིན་པ་དང་འཇོག་སྒོམ་གྱི་སྐབས་མ་གཏོགས་དད་པ་དང་སྙིང་རྗེ་སོགས་མི་འགོག སྒོམ་རིམ་སོགས་ལས་བཀག་པ་ཡང་ལྟ་བའི་ཐོག་ཏུ་རེ་ཞིག་སླེབས་མི་ཐུབ་པ་ལ་དེའི་གོལ་སའི་ཉེན་ཆེ་བས། ཐམས་ཅད་ལ་ཁྱད་མེད་དུ་སྟོན་པ་འདི་ལག་ལེན་ནོར་བ་ཡིན་པ་དེ་ནི་བཀག་གི ལྟ་ཐོག་ཏུ་སླེབས་པ་ཞིག་ལ་མཚོན་ན་ལྟ་སྒོམ་པའི་དངོས་གཞི་དེ་ལ་འཁྲུལ་པ་མེད་པར་བཤད་པའི་ཕྱིར། དེ་ལྟ་ནའང་དེ་ཉིད་དར་ཆེས་ན། སྤྱོད་ཕྱོགས་ཀྱི་ཆོས་འདུལ་བའི་ཀུན་སྤྱོད་དང་། ཕྱག་དང་མཆོད་པ་སྦྱིན་གཏོང་སོགས་བསོད་ནམས་ཀྱི་ཚོགས་བསག་པའི་སྒོ་མང་པོ་ཞིག་ལྷོད་པར་འགྱུར་བར་དོགས་ནས་འགོག་པར་མཛད་ཅིང་། མཉམ་མེད་ས་པཎ་དང་། ཀུན་མཁྱེན་བུ་སྟོན། རྗེ་ཙོང་ཁ་པ། ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན་དག་གིས་ཀྱང་ཐུགས་ཀྱི་གཏད་སོ་དེ་འདྲ་ཞིག་ལ་དགོངས་པ་ཡིན་པར་དངོས་ཡོད་ཀྱི་གནས་ལུགས་དང་ལུང་རིགས་ཀྱི་གཟུ་དཔང་འདུག་ཅེས་ཕྲན་བུའི་རྨོངས་བློའི་འཆར་སྒོ་འདི་ཉིད་གངས་རིའི་ལྷག་བསམ་སྙིང་ན་གསལ་ཞིང་ཕ་ནོར་སྤྱི་བོའི་གཙུག་ན་ལྷམ་པ་དག་ལ་གྲོས་འདེབས་སམ་དཔྱད་རྟེན་ཙམ་དུ་སྤྱི་བརྟོལ་གྱིས་ཞུས་པའོ། །
ལྟ་བའི་དངོས་གཞི་སྐྱོང་དུས་མདོ་ལུགས་རང་རྐང་ལ་སོ་སོར་རྟོག་པའི་ཤེས་རབ་སྤོང་པ་མི་ཆོག་པ་ཕལ་ཆེར་གྱིས་འདོད་ཀྱང་། ལྟ་བའི་སྐབས་སུ་དེ་དག་ངེས་ཅན་དུ་དགོས་པས་ཁྱབ་པར་ཀ་མ་ལ་ཤཱི་ལས་ཀྱང་མི་བཞེད། དེ་བས་འདིར། སྒྲ་ཇི་བཞིན་པ་ལ་ཁྱབ་མཐའ་ནི་མེད་དོ་ཞེས་གསུངས་པའི་དོན་འཐད་པའི་ཕྱིར། དེས་ན་སྣུབས་ཆེན་གྱིས་ལྟ་སྒོམ་དེ་ཉིད་དབུ་མའི་ལུགས་སྲོལ་རྣམ་དག་ཏུ་བཞེད་ཅིང་། སྣུབས་ཆེན་ཁོང་ཡང་རྫོགས་ཆེན་པ་ཐམས་ཅད་ཀྱིས་ཚད་མར་བྱེད་པའི་སློབ་དཔོན་ཡིན། དེ་ལྟར་ན་སྔ་དེང་གི་མཁས་པ་འགའ་ཞིག་གིས་རང་ཉིད་རྫོགས་ཆེན་གྱི་རྗེས་འབྲང་གཤའ་མ་ཡིན་པར་ཁས་འཆེས་བཞིན་བཤད་པ་འདི་དག་ལ་ལུང་དོན་ཙམ་ཡང་མེད་པར་ཧྭ་ཤང་གི་ལུགས་ལ་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་པ་དང་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་སོགས་ཆད་ལྟར་ལྷུང་པ་སོགས་འཇིག་རྟེན་རྒན་པོའི་གྲགས་ཚོད་ལྟར་ངོས་འཛིན་བྱ་བ་ནི་འགལ་བའོ། །
དེ་ལྟར་ཡང་ཧྭ་ཤང་གིས་མཛད་པའི་གཞུང་ལས། ཡང་ཁ་ཅིག་ན་རེ། །དཀོན་མཆོག་གསུམ་དྲན་པར་མྱི་བྱར་མྱི་རུང་ངོ་ཞེ་ན། །དེ་ལ་བཤད་པ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའྀ་མདོ་ལས། །ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བ་ཉིད་དུ་རྟོགས(པར་བྱེད)དེ། །སངས་རྒྱས་རྗེས་སུ་དྲན་བར་བསྒོམ་མོ། །དྲན་བ་མྱེད་ཅིང་ཡྀད་ལ་བྱ་བ་མྱེད་ན། །སངས་རྒྱས་རྗེས་སུ་དྲན་བའོ། །དེ་ཉིད་ཆོས་ཉྀད་རྗེས་སུ་དྲན་བའོ། །དེ་ཉིད་དགེ་འདུན་རྗེས་སུ་དྲན་བའོ། །ཞེས་གསུངས་པས། །ཡྀད་ལ་བྱ་བ་མྱེད་པ་ནི། ཆོས་ཉྀད་ཀྱི་སངས་རྒྱས་དྲན་བ་ཡིན་པར་མངོན་ནོ། །གལ་ཏེ་དམྱིགས་པའྀ་ཚུལ་གྱིས་སངས་རྒྱས་རྗེསུ་དྲན་བར་བྱེད་པ་ནི། །མྱ་ངན་ལས་འདའ་བ་ལ་བསྒྲིབ་པར་འགྱུར་ཏེ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའྀ་མདོ་ལས། །ཆུང་དུ་ན་སངས་རྒྱས་ཡིད་ལ་བྱེད་ན་ཡང་མཚན་མ་སྟེ། །སྒྲུབ་པ་ཡང་ཡིན་ན་། དེ་ལས་གཞན་བ་ལྟ་ཇི་སྨོས་ཤེས་གསུངས་པས། །དམྱིགས་པའྀ་ཚུལ་གྱིས། །སངས་རྒྱས་དྲན་བར་བྱེད་པ་ནི། །དོན་མྱི་ཆེ་བར་མངོན་ནོ། །ཞེས་གསལ་པ་ལས་ཀྱང་གསུང་རབ་སྤྱི་བྱིངས་དང་མི་མཐུན་པ་ཞིག་མིན་པ་ཤེས་ཐུབ་པའི་ཕྱིར་རོ། །
འདིའི་སྐོར་གྱི་ལུང་ཤིན་ཏུ་མང་པོ་ཡོད་ནའང་ཡིག་ཚོགས་ལ་འཇིགས་ཤིང་ལུང་འདྲེན་གྱི་སྤྲོས་པ་ལ་མི་དགྱེས་ཤིང་དང་དོད་མི་འདུག་པ་ཤས་ཆེ་བས་རེ་ཞིག་ངལ་བ་མ་བསྟེན་ཏོ། །འོན་ཀྱང་ཤེས་འདོད་བལྟ་འདུན་ཅན་རེ་སྲིད་ན་ཁོ་བོས་དེ་སྔ་བྲིས་པའི་འབུམ་རམས་པའི་མཐར་ཕྱིན་ཆེད་རྩོམ་བསམ་ཡས་ཆོས་རྩོད་ལྟ་གྲུབ་ཀྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང་ཞེས་བྱ་བ་རུ་རྒྱས་ཤིང་གསལ་བར་བཀོད་ཡོད་པས་དེ་ལ་གཟིགས་རོགས་མཛོད།
འབྲེལ་ཡོད་འོས་སྦྱོར།
-
འདིར་བོད་ཕྱི་རབས་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང...