༄༅། །སྔ་འགྱུར་རྒྱུད་འབུམ་ཞུས་དག་དང་འབྲེལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཚུལ།
རྩོམ་པ་པོ།:ཀརྨ་བདེ་ལེགས།
ཡོང་ཁུངས།:འོད་འཛིན་འཕྲིན་སྟེགས།
དུས་ཚོད།:2022-05-28
ཀློག་གྲངས།:
༄༅། །ཀཿཐོག་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཞལ་སྔ་ནས་སྔ་འགྱུར་རྒྱུད་འབུམ་ཞུས་དག་དང་འབྲེལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཚུལ།
ཀརྨ་བདེ་ལེགས།
དེ་ཡང་ཁམས་སྡེ་དགེའི་རྒྱུད་འབུམ་ཤིང་སྤར་མ་འདི་ནི། ཐོག་མར་ཉི་གྲགས་སྤྲུལ་སྐུ་རིག་རྩལ་ཐོགས་མེད་གླིང་པས་དངུལ་སྲང་སྟོང་རི་བའི་དངོས་པོ་ཞིག །ཁམས་སྡེ་དགེའི་བཙུན་མོ་ས་སྐྱོང་ཚེ་དབང་ལྷ་མོ་ལ་ཕུལ་ཏེ་བསྐུལ་མ་ཞུས་པས། བཙུན་མོ་མཆོག་ནས་ཀྱང་སྦྱིན་བདག་བྱེད་པར་ཞལ་བཞེས་གནང་སྟེ། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་བོད་ཟླ་གཉིས་པའི་ཚེས་གསུམ། སྤྱི་ལོ༡༧༩༤ལ་མགོ་བརྩམས་ཏེ་རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ༡༧༩༨ལ་ལེགས་པར་གྲུབ་པའི་ཞུ་ཆེན་པ་ནི། ཀཿཐོག་དགེ་རྩེ་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་གནང་སྟེ་བཞེངས་སྐབས་ཀྱི་མ་དཔེ་ནི། རྫོགས་ཆེན་དགོན་དུ་བཞུགས་པའི་རྒྱུད་འབུམ་དང་། ཀཿཐོག་དགོན་དུ་བཞུགས་པའི་རྒྱུད་འབུམ། སྟག་བུ་བྲག་དམར་དགོན་དུ་བཞུགས་པའི་རྒྱུད་འབུམ། དཔལ་སྤུངས་དགོན་དུ་བཞུགས་པའི་རྒྱུད་འབུམ། རིག་འཛིན་འཇིགས་མེད་གླིང་པས་བཞེངས་པའི་རྒྱུད་འབུམ། གོ་འཇོ་ཇས་ཚང་བསོད་ལུས་བཞེངས་པའི་རྒྱུད་འབུམ། ཏཱ་ལའི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོས་བཞེངས་པའི་རྒྱུད་འབུམ་སོགས་ལ་གཞི་བྱས།
གོ་རིམ་སོགས་རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་ལ་ཁུངས་བཅོལ་ཏེ་བཞེངས་པ་ཞིག་ཡིན་ཞིང་། འདི་ལ་དཀར་ཆག་པོད་གཅིག་བཅས་པོ་ཏི་ཉི་ཤུ་རྩ་དྲུག་ལ། ཆོས་ཚན་བཞི་བརྒྱ་བཅུ་བཞི། ལྡེབ་གྲངས་དགུ་སྟོང་ཆིག་བརྒྱ་བདུན་ཅུ་དོན་དྲུག་བཞུགས། འདིའི་སྔོན་དུ་བཞེངས་པའི་རྒྱུད་འབུམ་ཕྱོགས་སྒྲིག་ཕལ་ཆེ་བར་རགས་རིམ་ཙམ་ལས། ཞིབ་ཕྲ་ཐེག་པའི་གོ་རིམ་དང་བསྟུན་ཏེ་ཆོས་ཚན་སོ་སོའི་དབྱེ་བ་མ་འཁྲུགས་པར་སྒྲིག་པ་མེད།
སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་གཞུང་རྣམས་ཐེག་པའི་གོ་རིམ་དང་མཐུན་པར་སྒྲིག་པ།
འདིར་ཡོ་ག་རྣམ་གསུམ་གྱི་རྒྱུད་ཁུངས་གང་གཏོགས་ཀྱི་གོ་རིམ་ལྟར་བསྒྲིགས་གནང་བ་སྟེ། དེ་ཡང་རྒྱུད་འབུམ་དཀར་ཆག་ལྷའི་རྔ་བོ་ཆེ་ལྡེབ༢༩༤ལས། ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེའི་རིམ་པ་དེང་སང་གངས་རིའི་ཁྲོད་དུ་གཙོ་ཆེ་བ་དཔེ་ལུང་གཉིས་ཀའི་རྒྱུན་ཇི་ཙམ་རྙེད་པའི་བཞུགས་བྱང་དཀར་ཆག་དངོས་འགོད་པ་ལ། རྒྱུད་སོ་སོ་གང་དུ་གཏོགས་ཀྱི་ངོས་འཛིན་སྤྱིར་རྫོགས་ཆེན་དུ་མ་ཟད་ཡོ་ག་གསུམ་གའི་སྐབས་སློབ་དཔོན་སོ་སོའི་བཞེད་ཚུལ་མི་འདྲ་ཞིང་། རྫོགས་ཆེན་ནང་ལའང་སྡེ་གསུམ་བཞེད་དགོངས་མི་མཐུན་པའི་རྣམ་གྲངས་མང་པོ་འདུག་པ་དོན་ལ་མི་འགལ་ཡང་། གནས་སྐབས་སུ་དགོངས་པ་འགྲེལ་ཚུལ་མི་གཅིག་པ་མཐའ་དག་དགོངས་པ་ཕྱོགས་གཅིག་ཏུ་སྒྲིག་པར་རྔོ་མི་ཐོགས་ཤིང་། གཙོ་བོ་ཀུན་མཁྱེན་ཆོས་རྗེའི་གསུང་རབ་རྣམས་དང་། གཏེར་ཆེན་རཏྣ་གླིང་པ། མངའ་རིས་པཎ་ཆེན་སྐུ་མཆེད་སོགས་ཀྱི་དགོངས་པ་ཀུན་མཁྱེན་ལྔ་པ་ཆེན་པོའི་བཞེད་པ་ལྟར་འདིར་བཀོད་ཅིང་། དེའང་དཔེ་རྒྱུན་གཅིག་ཏུ་ཐམས་ཅད་མ་ཚང་བས་གོ་རིམ་ལྟར་སྟབས་གཅིག་ཏུ་སྒྲིག་མ་ཐུབ་ཀྱང་། ས་ཁོངས་མི་སྟོང་པའི་ཆེད་འདིར་འཛུད་ཅེས་བྲིས་ཤིང་། ཡོ་ག་གསུམ་གའི་རྒྱུད་ཀྱི་དཔེ་མ་ཚང་བ་སླར་རིམ་གྱིས་འབྱོར་པ་རྣམས་གཤམ་དུ་མ་ཚང་བ་ཁ་སྐོང་དུ་བཀོད། གཞན་རྣམས་གོ་རིམ་གང་འགྲིག་ཏུ་བྲིས་པ་ཡིན་ཞེས་གསལ།
སྔར་གྱི་གཏེར་རྒྱུད་རྣམས་ཉུང་དུ་བཏང་ཚུལ།
ལྡེབ༢༨༥ནང་། སྤྱིར་ཡུལ་སྣ་ཚོགས་སུ་བསྒྱུར་བའི་རྒྱུད་ཀྱི་རྣམ་གྲངས་དང་གཏེར་མ་སོགས། རྒྱུད་ཀྱི་མཚན་ཐོགས་སོ་ཅོག་ནི་མཐའ་དག་ཕྱོགས་གཅིག་ཏུ་བསྡུ་བར་ནམ་ཡང་རྔོ་མི་ཐོགས་ཤིང་། སྔར་སྨོས་པའི་གླེགས་བམ་གྱི་རྒྱུན་ཚང་བར་འདྲིལ་བའི་རྩིས་རྣམས་ཀྱང་གསན་ཡིག་དང་སྒོ་བསྟུན་དུས་གཅིག་ལ་མེད་པ། གཅིག་ལ་ཡོད་པ་དང་། རྒྱུད་ཀྱི་མཚན་མི་འདྲ་བ་དང་། གཞུང་འདྲ་ལ་ཁད་ལ་མི་འདྲ་བ་དུ་མ་དང་། སྔོན་ལྷ་བཙན་པོའི་ལྐོག་ཏུ་བསྒྱུར་བའི་རྒྱུད་ཀྱང་མཐའ་མི་མངོན་པར་བཞུགས་ཚོད་ཀྱིས། ཕྱོགས་མཐའ་མ་ངེས་པ་ནས་ཐོན་པ་སོགས་ཤིན་ཏུ་མཐའ་ཆོད་དཀའ་བར་མངོན་ལ། ཀུན་མཁྱེན་ཕྱག་ན་པདྨོ་ལྔ་པ་ཆེན་པོའི་གསན་ཡིག་ཏུ་བཞུགས་པ་ནི་གཙོ་བོར་བཀའ་ནས་བཀར་བརྒྱུད་པའི་ལུང་གི་རྒྱུན་གང་ཡོད་དང་། གྲགས་ཆེ་ཞིང་ཟབ་གནད་དུ་གྱུར་པའི་གཙོ་ཆེ་ཤོས་ཐམས་ཅད་ཀྱང་ཚང་བར་མཐོང་བས་དེ་ཉིད་གཞིར་བྱས། ཞེས་གསུངས་པ་ལྟར་ལྔ་པའི་གསན་ཡིག་ལ་གཞི་བྱས་ཏེ། ཡོ་ག་གསུམ་གྱི་རྒྱུད་རྣམས་སོ་སོར་གོ་རིམ་མ་འཁྲུགས་པར་བསྒྲིགས་གནང་མཛད།གཏེར་རྒྱུད་མི་ཉུང་བ་ཞིག་བཞག་ཡོད་པ་ནི་དཀར་ཆག་དེ་ཉིད་ལས། ཉང་དང་ཆོས་དབང་རྡོ་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པའི་རྒྱུད་ཀྱང་ཇི་སྙེད་ཅིག་བཞུགས་མོད་ཀྱི། འདིར་ནི་བཀའ་བརྒྱད་དང་དགོངས་འདུས་ཀྱི་གཏེར་རྒྱུད་རྣམས་གཏེར་མའི་སྒྲུབ་སྡེའི་གཙོ་བོར་མཐོང་ནས་བཀོད་ལ། རྫོགས་ཆེན་གྱི་གཏེར་རྒྱུད་རྣམས་ཀྱང་རགས་བསྡུས་ཙམ་བཀོད་པ་རང་རང་གི་སྐབས་སུ་གསལ་བ་ལྟར་ཡིན། གཏེར་རྒྱུད་མཐའ་དག་ནི་འདིར་བཀོད་པས་མི་ལང་ཞིང་ལུང་གི་རྒྱུན་ཡང་ཡོངས་སུ་རྫོགས་པ་བཞུགས་པར་དཀའ་ཞེས་གསུངས།
སྐད་གསར་བཅད་ཀྱིས་དག་ཐེར་གནང་ཚུལ།
སྔ་འགྱུར་གྱི་རྒྱུད་རྣམས་སྔོན་བསྒྱུར་བའི་སྐབས་ཐོག་སྔ་ཆེ་བས་བོད་རྣམས་ཆོས་ཀྱི་བརྡ་ལ་བློ་གྲོས་ཀྱི་སྒོ་ཧ་ཅང་དོག་པ་དང་། ལོ་པཎ་སྐད་བརྡ་འཕྲོད་དཀའ་བ་དང་། སྔོན་མ་གྲགས་པའི་བརྡ་གསར་དུ་བཏགས་དགོས་པ་ཁོ་ནའང་ཤིན་ཏུ་མང་བས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་འཕགས་པའི་ས་ལ་བཞུགས་པ་འབའ་ཞིག་པས་གསུང་རབ་ཀྱི་བྱིངས་དོན་མཇལ་བ་ལ། འཕགས་པའི་མཁྱེན་རླབས་ཆེ་བས་ཚིག་རྣ་བར་འཇེབས་མི་འཇེབས་སོགས་ཀྱི་སྤྲོས་པ་མ་ལུས་པ་དོར་ནས་གོ་སླ་བ་གཙོ་བོར་མཛད་ནས། ཡུལ་སྐད་སོ་སོ་དང་སྔར་འདྲིས་ཤིང་རྒྱུས་ཡོད་པའི་མིང་དང་བརྡ་སོགས་སུ་བསྒྱུར་བ་དཔེར་ན་རྟག་པའི་དོན་ལ། གཡུང་དྲུང་དང་། གཞའ་གསང་ལྟ་བུ་བོན་གྱི་བརྡ་ཡང་སྐབས་འགར་མཛད་པ་ལྟ་བུས་མཚོན་པས་དོན་འགྱུར་འབའ་ཞིག་མཛད་པ་ཡིན་ནོ། །དེར་མ་ཟད་བོད་ཡུལ་ལས་རྒྱ་ནག་ཏུ་ཆོས་དར་སྔ་བས་དུས་སྐབས་དེའི་སྔ་རོལ་དུའང་རྒྱའི་མཁན་པོ་མ་ཧཱ་ཡ་ན་ལ་སོགས་པ། ལྷ་བཙན་པོས་སྤྱན་དྲངས་ཤིང་བོད་དུ་ཆོས་འགའ་ཞིག་བསྒྱུར་བས་རྒྱ་ནག་གི་སྐད་ལ་བྱང་བ་ཡོད་ཚོད་ནས། སྐད་ཤན་སྦྱར་གྱི་སྐབས་འགར་ཧཱ་ཤང་འབར་ནའི་སྐད་དུ་སོགས་རྒྱ་ནག་གི་སྐད་དང་ཤན་སྦྱར་བའང་འབྱུང་བ་ནི་སྐད་རིགས་ལ་མི་རྨོངས་པའི་ཆེ་བ་དང་དགོས་པ་གཞན་ཡང་ཡོད་ལ། དེ་ལྟར་བསྒྱུར་བའི་ཡོ་ག་སྡེ་གསུམ་ནི་ཤིན་ཏུ་གསང་ནས་རིང་དུ་སྦས་པའི་ངང་ལ། སྒྲ་སྦྱོར་བམ་པོ་གཉིས་པས་སྐབས་དབྱེ་བའི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱི་དག་ཐེར་ཡང་མ་ཕོག །དོན་གྱི་ལྡོག་པ་ལ་དྲི་མ་མི་མངའ་བས་རྗོད་བྱེད་མཛེས་མི་མཛེས་དང་། ཚིག་གྲིམས་མི་གྲིམས་ལ་ལྟོས་མི་དགོས་པར་རྒྱལ་བའི་དགོངས་པ་ནི་དོན་ལ་རྟོན་པ་ཉིད་དུ་གནས་པའི་ཕྱིར།
གསང་སྔགས་མོས་དོན་ལ་སེམས་པ་ཉིད་ཀྱིས་འགྲུབ་པ་ནི་ས་པཎ་དང་འདར་འཕྱར་བའི་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་ནུས་ལ། རྒྱུ་དེ་དག་གིས་སྔ་འགྱུར་གྱི་རྒྱུད་སྡེའི་ལམ་ལ་བརྟེན་ནས་དངོས་གྲུབ་གཉིས་ཚེགས་མེད་དུ་ཐོབ་པ་མང་དུ་བྱོན་པའི། བྱིན་རླབས་ཀྱི་ཆུ་བོ་མ་འབྲི་བའི་རྒྱུན་ཉམས་པ་མེད་པར་ཡུལ་དང་ཡུལ་ཕྲན་རྣམས་སུ་བཞུགས་པ་ལ་ཚིག་གི་ཆ་ནས། སྔོན་གྱི་བརྡ་དང་ཆོས་སྐད་ཕལ་ཆེར་དེང་སང་གྲགས་ཆུང་བའི་དབང་གིས་གནའ་སྐད་དང་ཡུལ་སྐད་སྣ་ཚོགས་གང་ལ་འཇུག་མི་འཇུག་མ་ངེས་པའི་དོན་བླང་དཀའ་བ་མང་པོ་དང་། ཕྱིས་ཀྱི་ཡི་གེའི་རྒྱུན་རྣམས་ཀྱང་སོ་སྐྱེའི་རྣམ་ཤེས་ལས་སུ་མི་རུང་བ་ཆོས་ཉིད་ཡིན་པས་གཟུ་ལུམ་ཅན་གྱིས། ཡི་གེ་འབྲི་ཉེས་དང་བརྡ་དག་གྱ་ཚོམ་དུ་གྱུར་པ་དུ་མའི་སོ་ན་གནས་ཀྱི་སྟེང་དུ་སླར་ཡང་ཁ་འགེངས་སུ་གྱུར་པ་མང་པོ་རིམ་གྱིས་བསབས་པས། ཆེས་མ་དག་པའི་རྒྱུན་ལ་སྔོན་གྱི་མཁས་པ་དག་གིས་ཚིག་དོན་གྱི་ཆ་ལ་དཔྱད་ཞུས་དང་དཀར་ཆག་འདེབས་པ་སོགས་གང་ཡང་མ་བྱུང་བའི་སྐྱོན་གྱིས། ཡི་གེ་པས་བསླད་སྐྱོན་ཤིན་ཏུ་མང་བས་འབྲི་ནོར་རྒྱུན་འབྱམས་དང་། ཧོལ་ཤོར་རམ་གང་ཡིན་དཔྱད་དཀའ་བའི་ཚིག་ཆད་དང་ཕྲེང་ཆད་མང་པོ་དང་། ཚིགས་བཅད་དང་སྡེ་ཚན་གོང་འོག་འཁྲུགས་པ་དུ་མ་དང་། ཡུལ་སྐད་ཤན་ཤོར་སོགས་དཔྱད་བཟོད་པ་དང་མི་བཟོད་པ་བརྗོད་ཀྱིས་མི་ལང་བ་ལྟ་བུར་གྱུར་པས་ཕྱོགས་འདིའི་རྒྱུད་ཀྱི་དཔེ་རྣམས་ཕལ་ཆེར་རྒྱུན་གཅིག་ཏུ་སོང་བས་ཡིད་བརྟན་ཕེར་བའི་སྐྱོན་སེལ་ནུས་པ་ཤིན་ཏུ་དཀའ་ཞིང་། ཏ་ལའི་ཧུ་ཐོག་ཐུའི་ཕྱག་དཔེ་དེ་སྐབས་འགར་ཅུང་ཟད་དག་པ་བྱུང་བས་ཕན་ཐོགས་རེ་ཆེ་བྱུང་ཞིང་། ཚིག་རྐང་གཅིག་ནས་ལྔ་དྲུག་གི་བར་ཆད་པ་དང་། འཕྲེང་ཆད་སོགས་ཕལ་ཆེར་འདི་ཉིད་ནས་བསབས། དེར་མེད་པ་རྣམས་གོང་འོག་གི་བབས་ལ་དཔྱད་ནས་བཟོས་པ་དང་ཆ་མཐུན་གྱི་རྒྱུད་གཞན་ནས་ཀྱང་བླངས་ཏེ་བསབས། ཚིགས་བཅད་ལྷུག་གོང་འོག་འཁྲུགས་པ་རྣམས་མ་འཁྲུགས་པར་བཀོད། ལེའུ་གྲངས་དང་རྟོག་པ་སོགས་འཁྲུགས་པ་དང་ཆད་པ་རྣམས་ཀྱང་དེ་དང་དེའི་འགྲོས་ལ་དཔྱད་ནས་བཅོས།
སྤྱིའི་ས་བཅད་དང་བྱེ་བྲག་མི་མཚུངས་པ་རྣམས་ཀྱང་མི་འགལ་བར་བསྒྲིགས། གསང་བ་འདུས་པ་དང་། མཉམ་སྦྱོར་དང་། དཔལ་མཆོག་དང་པོ་སོགས་སློབ་དཔོན་བི་ཤྭ་མི་ཏྲ་དང་། བརྒྱ་བྱིན་སྡོང་པོ་དང་། ཀུན་དགའ་སྙིང་པོ་སོགས་ཀྱི་འགྲེལ་པ་སྔ་འགྱུར་དང་ཤིན་ཏུ་མཐུན་པས་དེ་ཉིད་ཀྱིས་བཅོས་ཏེ་གཏན་ལ་ཕབ། རྒྱུད་བཅུ་བདུན་གྱི་སྐོར་རྣམས་དོན་འགྲེལ་དུ་གྱུར་པ་ཐེག་མཆོག་མཛོད་དང་བསྟུན་ནས་ཞུས་དག་བགྱིས། གཤིན་རྗེ་མེ་རླུང་སྐྱིན་ཐང་འཁྲུག་པ་དང་། ཡང་དག་ཞི་ཁྲོ་འབུམ་རྒྱུད། བདུད་རྩི་འཁྱིལ་བའི་རྒྱུད། བདུད་རྩི་སྐྱེ་འཁྲུངས་ཀྱི་རྒྱུད་སོགས་རང་རང་གི་གཤམ་དུ་གསལ་བ་ལྟར་དཔེ་རེ་རེ་ལས་མ་འབྱོར་པས། དོན་བསྟུན་རྒྱུ་མེད་པ་དང་གཞི་ནས་མི་དག་པ་ཚན་ཆེ་ཡང་རང་ཉིད་ཀྱི་བློས་གང་དཔོག་ཙམ་ཞིག་ཞུས་དག་བགྱིས་ཤིང་དཔེ་ལུང་གཉིས་ཀའི་རྒྱུན་ལ་བསམས་ནས་བཀོད།
བརྡ་རྙིང་ངམ་ཡུལ་སྐད་དང་ཟུར་ཆག་པ་སོགས་གང་ཡིན་མ་ངེས་པའི། ཀུན་གཞི་ལ་ཀུན་ཀི་དང་། འགྲན་ཟླ་མེད་པ་ལ་བསྐྱད་དུ་མེད་པ་དང་། ཚར་བཅད་པའི་དོན་ལ་ཚར་དུ་བཏོན་དང་། གནས་གྱུར་པ་ལ་ཇ་ལོག་དང་། ཕྲིན་ལ་ཐན། མཐར་ཐུག་གམ་སྙིང་པོའི་དོན་ལ་ཐུས་ཀ །སྐྱེ་དགུ་ལ་སྐྱེ་འགུལ། ཁུར་བཟོས་པ་ལ་རྒྱ་ཐེག །བསྟིམ་པ་ལ་གཏེམས་པ། འོ་བསྐོལ་ལ་འོལ་གོམ། ཆད་པ་བཅད་པ་ལ་ཆབ་བརྩལ་བ། གཟའ་གཏད་ཀྱི་དོན་ལ། ཡུལ་ལ་གཟའ་དང་། ཆོས་ལ་གཟའ། ཞེས་པ་དང་། གཞུང་གི་དོན་ལ་ཀླུངས། ཟོང་ལ་ཟོར། ཞེས་སྐུལ་ཚིག་ལྟ་བུའི་མཚོན་སྨོས་ཀྱིས་མི་ལང་བར་ཡོད་པའི་དོན་ངེས་ཤིང་བློས་དཔོག་པར་ནུས་པ་རྣམས་དང་གོ་དཀའ་བ་འགའ་ཞིག་བཅོས། གོ་སླ་བ་རྣམས་སོར་བཞག་བགྱིས། བློས་མི་དཔོག་པའི་གོ་བ་བླང་མི་ཤེས་པ་རྣམས་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས་ཏེ་དཔྱད་གཞིར་བཞག་ནས་བཀོད།
གསང་སྔགས་རྣམས་ནི་སྔགས་བཏུ་ཡོད་པའི་རིགས་ལ་དེ་ཉིད་དང་བསྟུན་ཏེ། དེ་ཡང་བིགྷྣཱན་ལ་བིགྣན། ཀྲོ་དྷ་ལ་ཀྲོ་ཏ། ཛ་ཊི་ལ་ཙ་ཏི་བཏུས་པ་སོགས་ལེགས་སྦྱར་དང་མཐུན་མི་མཐུན་ཅི་རིགས་བྱུང་བ་དེ་ནི་ཕྱིས་འགྱུར་བའི་གསར་མའི་རྒྱུད་རྣམས་ལས་ཀྱང་ཡོད་དེ་བདེ་མཆོག་ཉུང་ངུ་དང་མཁའ་འགྲོ་རྒྱ་མཚོ་སོགས་ལས་ཀྱང་གྲྀ་ཧྣ་ལ་གྲྀ་ཧྣ་བཏུས་པ། ཙ་ར་མཱམྦ་ར་ལ་ཙརྨམྦྷ་ར་བཏུས་པ་ལྟ་བུ་དང་། སྔགས་བཏུ་དངོས་ལ་བར་མཚམས་ནས་ཆད་པ་རྣམས་ཀྱང་གོང་འོག་གི་བབ་ལ་དཔྱད་ནས་བསབས། ལེགས་སྦྱར་ཡིན་ངེས་རྣམས་ནི་སྒྲ་གཞུང་དང་མཐུན་པར་བཅོས། གཞན་བློས་མི་དཔོག་པའི་རིགས་སཾ་སྐྲྀ་ཏའི་སྐད་ཁོ་ནར་ངོས་བཟུང་མི་བཏུབ་པ་ཟུར་ཆག་དང་། པི་ཤཱ་ཙིའི་སྐད་དང་། པྲ་ཀྲྀ་ཏ་དང་། འགྲོ་ལྡིང་བའི་སྐད་དང་། མཁའ་འགྲོའི་བརྡ་སྐད་དང་བྲུ་ཤའི་སྐད་དང་། ཀླ་ཀློའི་སྐད་ལ་སོགས་པ་འདྲེས་མའི་སྡེ་རྣམས་ནི་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས་ཞེས་དང་། དཔྱད་མི་བཟོད་པའི་རིགས་ནི་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བྱས་ཏེ་བཞག་ཅེས་གསུངས་ཡོད།
ཞུས་ཆེན་པའི་དཔུང་ཁག
དེ་སྐབས་ཀྱི་ཞུས་ཆེན་པ་གཙོ་བོ་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་གནང་། ཞུ་དག་པ། སྡེ་དགེ་རྒྱལ་སྲིད་ཀྱི་ཡི་གེ་པ་པདྨ་རྣམ་དག་དང་། གཞན་ཡང་སྔགས་པ་ཨ་རྒྱས་དང་། ཨ་སྲུང་སོགས་བློ་གསལ་མང་པོས་ལན་གྲངས་དུ་མར་དཔྱད་ཞུས་བྱས་པ་དང་། རྒྱུད་འགའ་ཤས་ནི་ལན་གྲངས་བཅོ་ལྔ་ཉི་ཤུ་ཙམ་རེ་བསྐྱར་ཞུས་བྱས་པར་གསུངས་པའི་རྒྱུད་འབུམ་ལ་ཆོས་ཚན་བཞི་བརྒྱ་ཉི་ཤུ་རྩ་དགུ་ཡོད།སྡེ་དགེའི་རྒྱུད་འབུམ་དུ་མ་ཚུད་ཀྱང་ད་ལྟ་སྤྱི་ཚོགས་ཐོགས་བཞུགས་པ།
སྡེ་དགེའི་རྒྱུད་འབུམ་དུ་མ་བཞུགས་པ་མཚམས་བྲག་རྒྱུད་འབུམ་ནང་ཆོས་ཚན་ལྔ་བརྒྱ་བཅུ་མེད་དྲུག་ཙམ་དང་། བཻ་རོ་རྒྱུད་འབུམ་ནང་ཆོས་ཚན་བཅུ་དགུ། གཏིང་སྐྱེས་རྒྱུད་འབུམ་ནང་ཆོས་ཚན་བཅུ་དགུ་བཅས་ཁྱོན་བསྡོམས་རྙིང་རྒྱུད་ཆོས་ཚན་དགུ་བརྒྱ་བདུན་ཅུ་དོན་བཞི་ཙམ་ཡོད། དེ་ལས་གཞན་པ་བལ་པོའི་རྒྱལ་སར་བཞུགས་པའི་རྒྱུད་འབུམ། དབྱིན་ཡུལ་དུ་བཞུགས་པའི་རྒྱུད་འབུམ། འཇང་ཡུལ་དུ་བཞུགས་པའི་རྒྱུད་འབུམ་སོགས་ནི་ཞིབ་མཇལ་མ་ཐུབ་པས་གསལ་བཤད་མི་ཐུབ་རུང་། ཧ་ལམ་ཚོད་དཔག་བྱས་པ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཁོངས་སུ་གཏོགས་པའི་རྒྱུད་ལ་ཆོས་ཚན་སྟོང་ལྷག་ཙམ་བཞུགས་ཡོད་ཚོད་ལ། འོན་ཀྱང་དངོས་སུ་འཆད་ཉན་བྱར་རུང་བ་ནི་སྡེ་དགེའི་རྒྱུད་འབུམ་དུ་བཞུགས་པའི་ཆོས་ཚན་འདི་རྣམས་གཅིག་པུ་ཡིན། འདི་དགེ་རྩེ་མ་ཧཱ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་དག་ཞུས་གནང་བ་རེད།
དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་གསང་སྔགས་ནང་རྒྱུད་སྡེ་གསུམ་ལ་བཀའ་རྒྱ་ཤིན་ཏུ་དམ་པོ་གནང་ནས། ཡོངས་གྲགས་ཀྱི་བཀའ་དང་བསྟན་བཅོས་ཀྱི་དཀར་ཆག་རྣམས་སུ་མཚན་ཐོ་ཙམ་ཡང་མ་བཀོད་པར་ལོགས་སུ་གསང་བའི་སྒོ་ནས་བཞག་པ་ཞིག་སྟེ། དཀར་ཆག་འཕང་ཐང་མའི་མཇུག་ཏུ། ཨི་ཏི། སྔགས་ནང་པའི་འགྱུར་བྱང་ནི་གཞན་ན་བཞུགས། ཞེས་ཡོངས་སུ་གྲགས་མེད་པ་དང་། གོང་དུ་དགེ་རྩེའི་གསུང་ལས། ཡོ་ག་སྡེ་གསུམ་ནི་ཤིན་ཏུ་གསང་ནས་རིང་དུ་སྦས་པའི་ངང་ལ། སྒྲ་སྦྱོར་བམ་པོ་གཉིས་པས་སྐབས་དབྱེ་བའི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱི་དག་ཐེར་ཡང་མ་ཕོག །ཅེས་གསུང་པ་སོགས་ལོ་རྒྱུས་དང་། ད་ལྟ་དངོས་མཇལ་ཐུབ་པ་འབྲུག་མཚམས་བྲག་རྒྱུད་འབུམ་དང་། འབྲུག་སྒང་སྟེང་རྒྱུད་འབུམ། རྟིང་སྐྱེས་རྒྱུད་འབུམ། བཻ་རོ་རྒྱུད་འབུམ། གཞི་ཆེན་རྒྱུད་འབུམ་སོགས་དང་གཤིབ་བསྡུར་ཞིག་གནང་ན་གསལ་པོ་ཤེས་ཐུབ།
དེས་ན་བོད་ཡུལ་དུ་མཁན་སློབ་ལོ་པཎ་རྣམས་ཀྱི་སྔགས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་སྤེལ་ནས་མི་ལོ་སྟོང་ཙམ་ཞིག་འདས་པའི་རྗེས་སུ། གཞི་ནས་ཀཿཐོག་དགེ་རྩེ་མ་ཧཱ་པཎྚི་ཏ་བྱོན་ནས་སྐད་གསར་བཅད་ཀྱི་དག་ཞུས་གནང་ནས། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བཀའ་བསྡུ་མཛད་པ་ལ་དམིགས་བསལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གསང་བ་ག་རེ་ཡོད། ཁོང་གི་ཡར་སྔོན་ལ་རཏྣ་གླིང་པ་ནས་བཟུང་རིག་འཛིན་འཇིགས་གླིང་སོགས་མང་པོའི་རྙིང་རྒྱུད་བཞེངས་ཡོད་རུང་དེ་དག་ནི་དཔེ་གཞི་གསར་བཞེངས་གནང་བ་གཙོ་བོར་བྱས་པ་ཞིག་རེད། དེས་ན་ད་ལྟ་རྩ་བའི་ཆ་ནས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་རྒྱུད་གཞུང་རྣམས་ལྟ་ཀློག་རུང་ཙམ་དུ་ཡོད་པ་འདི་ནི། སྡེ་དགེ་བཙུན་མོའི་མཐུན་རྐྱེན་དང་དགེ་རྩེ་མ་ཧཱ་པཎྚི་ཏའི་མཁྱེན་དཔྱོད་དང་བཀའ་དྲིན་ལས་བྱུང་བ་ཤེས་མི་ག་ཚོད་ཡོད།
ཡང་ད་དུང་བསྟན་པ་ཕྱི་དར་གྱི་མཁས་དབང་མང་པོས་དོགས་འདྲི་དང་སྐྱོན་བརྗོད་གནང་བའི་རྒྱུ་རྐྱེན་ཕལ་ཆེ་བ་ཡང། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་རྒྱུད་གཞུང་རྣམས་སྐད་གསར་བཅད་དང་ཡོངས་གྲགས་སུ་སྤེལ་མ་ཐུབ་པ་ལས་བྱུང་བ་རེད། དེས་ན་རིན་ཐང་བྲལ་བའི་ཕ་ནོར་ནང་རྒྱུད་སྡེ་གསུམ་གྱི་གཞུང་ལ་སྐད་བཅད་དང་། དག་ཞུས། འཆད་ཉན་སོགས་ཀྱི་སྒོ་ནས་ཚགས་ཚུད་དུ་གཏོང་རྒྱུའི་ལས་ལ་མི་བརྩོན་པར། ཁ་ལན་རྩོད་ལན་ལ་འབད་བརྩོན་ཅི་ཐུབ་གནང་བ་ལ་བལྟས་ན་ཕྲུ་གུའི་བསམ་བློ་གཏོང་ཚུལ་འདྲ་བ་ཡ་མཚན་པ་ཞིག་རེད།
གལ་སྲིད་དགེ་རྩེ་མ་ཧཱ་པཎྚི་ཏས་སྡེ་དགེའི་རྒྱུད་འབུམ་ལ་དག་ཞུས་དང་འབྲེལ་བའི་སྐད་གསར་བཅད་གནང་མེད་ན། ད་ལྟ་འཆད་ཉན་དང་ལྟ་ཀློག་རུང་ཙམ་གྱི་སྔ་འགྱུར་རྒྱུད་འབུམ་འདི་ཡང་མཐོང་རྒྱུ་མེད་ལ། ལྷག་པར་དུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་གསང་བ་འདུས་པའི་རྒྱུད་འདི་ནི་དེ་བས་ཀྱང་མཇལ་མི་ཐུབ།
སྤྱིར་སྔ་འགྱུར་བ་ཕལ་ཆེ་བ་ནི་སྤོམ་བཤད་དང་སྒྲོབ་གཏམ་ལ་དགའ་བ་ལས་ཞིབ་ཕྲའི་ཉམས་ཞིབ་མེད་པའི་རྐྱེན་གྱིས། ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱད་སྤྱི་དང་ལྷག་དོན་གསང་བ་འདུས་པ་ལ་ཚིག་འགྲེལ་ཙམ་དང་སྒྲུབ་ཐབས་ཙམ་ཡང་སྔ་འགྱུར་བས་བརྩམས་གནང་ཐུབ་མེད་པ་མ་ཚད། ད་ལྟའི་ཆ་ལ་མཁས་རློམ་ཕལ་ཆེ་བས་གསར་རྒྱུད་གསང་སྡེ་འཇིགས་གསུམ་ཞེས་བརྗོད་པ་ལས། གསང་བ་འདུས་པ་ནི་རྙིང་རྒྱུད་ཀྱི་ཁོངས་སུ་བགྲངས་ཤེས་མིའང་དཀོན་པའི་ཚོད་དུ་སྣང་།
མདོར་བསྡུ་ན་དགེ་རྩེ་པཎྚི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས། སྔ་འགྱུར་ནང་རྒྱུད་སྡེ་གསུམ་ལ་བཞག་པའི་མཛད་རྗེས་དང་བཀའ་དྲིན་ནི་བརྗོད་མི་ཐུབ་པ་ཞིག་རེད། དེ་དག་ནི་དཔྱད་ཞིབ་ཀྱི་འབྲས་བུ་ཡིན་པ་ལས་གང་བྱུང་གི་སེམས་ཚོར་བཤད་བཞག་པ་ཞིག་མིན། དེས་ན་སྔ་འགྱུར་བ་ལ་མཁས་པ་དང་། ལྷག་བསམ་ཅན། འཇོན་ཐང་ཅན་མ་བྱུང་བས་ལན་པ་རེད་ཟེར་ལབ་ན་ཕལ་ཆེ་བའི་ཞལ་རས་ལ་ཁྲོ་གཉེར་དྲག་པོ་ཞིག་མངོན་ཡོང་རྒྱུ་གཏན་འཁེལ་རེད། དེས་ན་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་གཏེར་གསར་རྣམས་མང་གྲགས་པས་བློ་ཁ་ཡོངས་སུ་ཁེངས་ནས་སྡོད་པ་ལས། མདོ་སྒྱུ་སེམས་གསུམ་ལ་ལྟ་ཀློག་གི་དུས་ཚོད་མ་འདང་བ་རེད་ཅེས་སྨྲ་རྒྱུ་ལས་གཞན་མེད། དེ་ལྟར་དོན་ཆུང་རྣམ་རྟོག་གི་སྤྲོས་པ་འདི་ལྟ་བུ་ནི་དག་པའི་སྣང་བ་རབ་ཏུ་འབྱམས་པ་རྣམས་ལ་འབྱུང་མི་སྲིད་ནའང་། དཔེ་ཉོབ་ལྟ་ཀློག་གི་སྤྲོས་པས་ཉི་མ་འཁྱོལ་བའི་ཅོལ་ཆུང་དག་ལ་རྣམ་རྟོག་སྣ་ཚོགས་ཞིག་ཀྱང་འབྱུང་སྲིད་ལ། དེ་དག་འཛེམས་དོག་མེད་པར་ཡིག་ཐོག་ཏུ་འགོད་རྒྱུ་ཡང་རྒྱུན་ལྡན་ཞིག་ཡིན་པའང་ཤེས་དགོས།
དེ་ལྟར་རང་ལོ༡༨ལ་སོན་པ་སྤྱི་ལོ༡༩༨༥ལོའི་ཟླ་བ༩པའི་ཚེས༥ཉིན་ཀཿཐོག་དགོན་དུ་མཁན་རྒན་རྒྱལ་མཚན་འོད་ཟེར་མདུན་ནས། ཀློང་སྡེ་རྡོ་རྗེ་ཟམ་པའི་བྱིན་རླབས་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་སྟེང་ནས་ཐོབ་པ་དང་། དེ་རྗེས་རྒྱུད་སྡེ་བཤད་གྲར་གསང་སྙིང་འགྲེལ་བ་ལེགས་བཤད་རོལ་མཚོ་སློབ་གཉེར་གྱི་གོ་སྐབས་བྱུང་བ་ནས་བཟུང་། ཕྱིས་སུ་སྤྱི་ལོ༢༠༠༨ལོར་སྔ་འགྱུར་རྒྱུད་འབུམ་གྱི་དཔེ་རྙིང་གཤིབ་བསྡུར་སྐབས་སུ་ཁོང་གི་རང་རྣམ་དང་། རྒྱུད་འབུམ་དཀར་ཆག་སོགས་གསུང་རྩོམ་མང་པོ་ཞིབ་ཀློག་སྐབས་སུ་ཟིན་བྲིས་སུ་བཏབ་པ་མང་པོ་ཞིག་ཡོད་པའི་ནང་ནས། ད་ལམ་སྔ་འགྱུར་རྒྱུད་འབུམ་དང་འབྲེལ་བའི་ཟིན་ཐོ་ཉུང་ངུ་འདི་ཡང་། སྔར་ཟིན་ལ་ཚིག་སྦྱོར་གྱི་མཛེས་བཟོ་གང་ཡང་མ་བྱས་པར་སྤེལ་བའོ། །
སྤྱི་ལོ༢༠༢༡ལོའི་ཟླ་བ༧པའི་ཚེས༣༡དགོང་མོར་ཀརྨ་བདེ་ལེགས་ཀྱིས་ཕུལ།
འབྲེལ་ཡོད་འོས་སྦྱོར།