logo

༄༅། །བོད་གནའ་བོའི་ལོ་རྒྱུས་ས་མིང་ལས་སྲིད་པ་ལྷ་དགུའི་རྣམ་གྲངས་ངོས་འཛིན་སྐོར་ལ་དཔྱད་པ།

རྩོམ་པ་པོ།:ལྷག་པ་ཚེ་རིང་། ཆོས་ལྡན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-10-12 ཀློག་གྲངས།:
ནང་དོན་གནད་བསྡུས། སྲིད་པ་ལྷ་དགུ་ཞེས་པ་ནི་བོད་གནའ་བོའི་ལོ་རྒྱུས་ས་མིང་འགངས་ཆེ་བ་འབའ་ཞིག་ཡིན་ལ། མཐོ་བོད་རིག་གནས་ཀྱི་གྲལ་རིམ་གྱི་ངོ་བོ་མངོན་པར་གསལ་བའི་ལྷ་རིགས་ཀྱང་ཡིན་པས། དུས་ཕྱིས་བོད་ཀྱི་ལོ་རྒྱུས་དང་། ལྷ་རིག་པ། དེ་བཞིན་ལྷ་སྒྲུང་སོགས་ཀྱི་སྐོར་ལ་དཔྱད་གླེང་བྱེད་སྐབས་བརྗོད་པར་སྤྲོ་བའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་མོད་ཀྱང་། ལྷ་དགུའི་རྣམ་གྲངས་ཀྱི་ངོས་འཛིན་ཐད་མཁས་མང་མགྲིན་བརྒྱར་སྒྲོག་ནས་གཅིག་མཐུན་གྱི་བཞེད་པ་ཞིག་ཆགས་མེད། དཔྱད་རྩོམ་འདིར་ཏུན་ཧོང་ཡིག་རྙིང་དང་། ཆོས་འབྱུང་དེབ་ཐེར། དེ་བཞིན་དེང་དུས་ཀྱི་ཞིབ་འཇུག་པའི་ལྟ་ཚུལ་ཕྱོགས་བསྡོམས་དང་དཔྱད་བསྡུར་བྱས་ཏེ། གཅིག་ནས་ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། སྒྱོགས་ཆེན་ལྡོང་ར། ཀོང་ལྷ་དེ་ཡག །དྭགས་ལྷ་སྒམ་པོ། གཙང་ལྷ་ཕུ་དར། གནོད་སྦྱིན་གང་བཟང་། ཤེའུ་མཁའ་རི་རྣམས་ནི་སྲིད་པའི་ལྷ་དགུར་འདོད་ཅིང་། གཉིས་ནས་ལྷ་དེ་རྣམས་ནི་མཐོ་སྒང་འདིར་གྲལ་རིམ་གྱི་ངོ་བོ་ལྡན་པའི་རྒྱལ་ཕྲན་དང་སིལ་མ་སོགས་དབང་སྒྱུར་བ་བྱུང་བ་དང་བསྟུན་རིམ་བཞིན་ལོ་རྒྱུས་ཀྱི་གར་སྟེགས་ཐོག་མངོན་འགོ་ཚུགས་ཚུལ་བརྗོད་པ་དང་། གསུམ་ནས་དབང་སྒྱུར་གྲལ་རིམ་གྱི་དབང་རིས་རྒྱ་བསྐྱེད་དང་བསྟུན་ལྷ་དགུའི་རྣམ་གྲངས་ལ་འགྱུར་བའི་ཆོས་ཉིད་ལྡན་པར་མངོན་ཞིང་། གཡུང་དྲུང་བོན་དང་བན་དེའི་ཆོས་ལུགས་ས་གནས་འདིར་རང་རྐང་འཛུགས་ཆེད་དུ་ལྷ་དགུ་སོགས་བན་བོན་གྱི་སྲུང་མར་འདུ་བའི་ཚུལ་ལས་ལྷ་དགུ་ནི་སྤུ་རྒྱལ་ཆོས་སྲིད་ཀྱི་དབང་ཐང་མཚོན་བྱེད་དུ་གྱུར་ཚུལ་སོགས་བརྗོད་ཡོད།
གནད་ཚིག །བོད་གནའ་བོའི་ལོ་རྒྱུས་ས་མིང་། སྲིད་པ་ལྷ་དགུ། དབང་སྒྱུར་གྲལ་རིམ། བཙན་པོའི་དབང་ཐང་།
 
གླེང་གཞི།
       རི་བོ་སྟོང་གི་ཕ་ས་དང་ཆུ་མོ་བརྒྱ་ཡི་འགོ་ཁུངས་སུ་གྲགས་པའི་མཐོ་བོད་ཀྱི་ཐུན་མིན་ཁོར་ཡུག་འདིའི་སྣོད་དང་། བཅུད། ཐོན་སྐྱེད་ངལ་རྩོལ་དང་བཅས་པ་ལས་ལྷ་རིགས་མང་པོ་ཞིག་བྱུང་བ་དེ་རྣམས་ལས་གྲལ་རིམ་གྱི་ངོ་བོ་མངོན་པར་དོད་པའི་ལྷ་ཚོགས་ཤིག་གྲུབ་པར་ཡོངས་ཁྱབ་ཏུ་“སྲིད་པ་ཆགས་པའི་ལྷ་དགུ་”ཞེས་གྲགས་ཤིང་། ཏུན་ཧོང་སྐུ་གླུད་ཆོ་གའི་ཡིག་ཆITJ 0734དང་། ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་དང་པོ་རུ་དེ་ལ“ལྷ་དགུ”[1]ཞེས་འབོད། ལྷ་དགུ་པོའི་འཕེལ་འགྱུར་ལ་བརྟགས་ཚེ། དེ་རྣམས་ནི་མཐོ་བོད་འདིར་མིང་འབོད་དུ་ཡོད་མེད་ཀྱི་ལྷ་རིགས་ཇི་སྙེད་ཅིག་མཆིས་པའི་ཡ་གྱལ་ཞིག་ཡིན་པ་ལས། རིམ་བཞིན་རུས་རྒྱུད་ཚོ་པའི་ལྷར་བཀུར་ཅིང་། སྔོན་གྱི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་པའང་རུས་རྒྱུད་ཚོ་པ་དེ་རྣམས་རྨང་གཞི་བྱས་ཏེ་བྱུང་བ་ཡིན་ལ། ཡར་ཀླུང་སྤུ་རྒྱལ་གྱིས་རྐང་འཛིན་པའི་བཙན་པོའི་གཅིག་གྱུར་སྲིད་དབང་དབུ་ཚུགས་རྗེས་སྐུ་བླ་གསོལ་བ་དང་། སྐུ་གླུད་གཏོང་བ། དེ་བཞིན་མནའ་གཙིགས་ཀྱི་ཆོ་ག་སྤེལ་བ་ལ་སོགས་པའི་བཙན་པོའི་དུས་ཀྱི་མཐོ་རིམ་གྱི་ཆོ་ག་སྤེལ་སྐབས་ངེས་པར་གདན་འདྲེན་ཞུ་བའི་ལྷ་རིགས་གལ་ཆེན་ཞིག་ཏུ་གྱུར་ནས་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་བཟུང་བའི་གོ་གནས་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས། དེ་ཡང་ཕྱིས་བྱུང་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་ལོ་རྒྱུས་དང་། ལྷ་སྒྲུང་། ལྷ་རིག་པ་སོགས་ཀྱི་སྐོར་ལ་དཔྱད་གླེང་མཛད་སྐབས་གླེང་བར་སྤྲོ་བའི་བརྗོད་དོན་ཞིག་ཏུ་གྱུར་པ་སྟེ། 1996ལོར་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས«བོད་ཀྱི་ཡུལ་ལྷར་དད་མོས་བྱེད་པའི་སྲོལ་དང་དེའི་ཆབ་སྲིད་ཀྱི་མཚོན་དོན་གླེང་བ»[2]ཞེས་པའི་རྩོམ་ཡིག་སྤེལ་བ་དེ་ལས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ཡས་མས་སུ་དབྱིན་ཇིའི་བོད་རིག་པའི་མཁས་ཅན་ཐཱོ་མ་སི(托马斯)ཡིས་རྒྱལ་ཕྲན་ལ་ཞིབ་འཇུག་གནང་སྐབས། རྒྱལ་ཕྲན་རེ་ལ་ལྷ་རེ་ཡོད་ཚུལ་ཞོར་དུ་གླེངས་ཡོད་པ་ཤེས་རྟོགས་བྱུང་ཞིང་། 2013ལོར་རྭ་ཡུམ་སྐྱབས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ[3]དུ་སྲིད་པ་ལྷ་དགུའི་ངོས་འཛིན་ཐད་ཡིག་ཚང་ཁག་ལས་ཐོན་པ་མང་ཉུང་གི་གཞི་གྲངས་ལ་བརྟེན་ནས་དཔྱད་གླེང་བྱས་པ་དེ་ནི་དེང་དུས་ཞིབ་འཇུག་པའི་ཁྲོད་དུ་དང་ལེན་བྱེད་ཚད་ཆེ་བའི་ལྟ་བ་ཞིག་ཏུ་གྱུར། 2022ལོར་གུ་གེ་འཆི་མེད་རྡོ་རྗེས་བརྩམས་པའི«བོད་ལྗོངས་ཀྱི་ས་མིང་གི་བྱུང་འཕེལ་དང་དེའི་རིག་གནས་ཞིབ་འཇུག»[4]དང་། 2024ལོར་སྒུ་རུ་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི«གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད»[5]ཅེས་པའི་ཆེད་དེབ་ཏུ་སྲིད་པ་ལྷ་དགུའི་མིང་ཐོགས་ཚུལ་དང་གནས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་རགས་བསྡུས་མཛད། དེ་བཞིན་ཚེ་བྷེ(2012ལོ།)[6]དང་། རིག་འཛིན་རྡོ་རྗེ།(2012ལོ།)[7]ཙེང་ལི་རུང(2012ལོ།)[8]ལ་སོགས་པའི་ཞིབ་འཇུག་པ་རྣམས་ཀྱིས་རྨ་ཆེན་སྤོམ་ར་དང་། སྒྱོགས་ཆེན་ལྡོང་ར། ཡར་ལྷ་ཤམ་པོ། ཨེ་ལྷ་སྤྱི་བགངས། འོ་དེ་གུང་རྒྱལ། སྐུ་ལྷ་མཁའ་རི། གཉན་ཆེན་ཐང་ལྷ་སོགས་ལ་ཆེད་དོན་དཔྱད་གླེང་གནང་བར་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ཀྱང་། ལྷ་དགུའི་རྣམ་གྲངས་ངོས་འཛིན་ལ་གཅིག་མཐུན་གྱི་བཞེད་པ་ཞིག་གྲུབ་མེད་སྟབས། འདིར་ཏུན་ཧོང་ཡིག་རྙིང་དང་། ཆོས་འབྱུང་དེབ་ཐེར། དེ་བཞིན་དེང་དུས་ཀྱི་ཞིབ་འཇུག་མཁས་པའི་ལྟ་ཚུལ་རྣམས་ཕྱོགས་བསྡོམས་དང་བགྲོ་གླེང་གི་བགྱི་བ་དང་ལེན་གྱིས་སྲིད་པ་ལྷ་དགུའི་རྣམ་གྲངས་གྲུབ་ཚུལ་དང་དེ་རྣམས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སྐོར་ལ་བགྲོ་གླེང་བྱ་ཁུལ་ཡིན་པ་གཤམ་དུ་འགོད་པར་བྱ་བ་ལ།
དང་པོ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ལྷ་དགུ།
       བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་དང་པོ་རུ་“བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་བ་ཐམས་ཅད་དཔང་དུ་གསོལ”[9]ཞེས་དང་། ITJ 0734རུ“ལྷ་དགུ་ནི་ཉན་དུ”[10]ཞེས་བཀའ་གཙིགས་དང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི“ལྷ་དགུ”ཞེས་པ་ནི་མཁར་རྨེའུ་བསམ་གཏན་རྒྱལ་མཚན[11]དང་ལིན་ཀོན་ཆུན[12]སོགས་ཀྱིས་ལྷ་རི་དགུར་འདོད་ཅིང་། ལྷག་དོན་དུITJ 0734རུ། ཡུལ་རེ་ལ་རྗེ་བོ་རེ་དང་། དེས་གསོལ་བའི་ལྷ་རེ། གླུད་གཏོང་སའི་སྲིན་རེ། དེ་བཞིན་ཆོ་ག་སྤེལ་མཁན་གྱི་གཤེན་རེ་བསྟན་པ་ལས། རྩང་ལྷ་པུ་དར། གནུབས་ལྷ་མཐོན་དྲུག །ཐང་ལྷ་ཡ་བཞུར། ཀླུམ་ལྷ་ཐུགས་པོ། སྐྱྀ་བླ་པྱ་མངས། ཡར་ལྷ་ཤམ་པོ། དབྱེ་བླ་སྤྱི་གང་། རྔེགས་ལྷ་པྱ་རྨང་། འོ་ལ་ཤ་བཟན་སོགས་བྱུང་བ[13]ནི་ལྷ་དགུའི་ཐོག་མའི་རྣམ་གྲངས་སུ་ངེས་ཤིང་། དེ་རྣམས་ནི་ཏུན་ཧོང་ཡིག་རྙིངP.T.1060རུ་རྒྱལ་ཕྲན་གྱི་ལོ་རྒྱུས་རྗོད་སྐབས་ཆབ་ཀྱི་ཡ་མགོ་ཁྱུང་ལུང་དངུལ་མཁར་ནས་མར་གཞུག་རྒྱ་མཁར་སྟེགས་པའི་བར་དུ་རྒྱལ་ཕྲན་སོ་སོའི་རྗེ་བོས་བསྟེན་པའི་ལྷ་རེ་བྱུང་བ་རྣམས་དང་ཕལ་ཆེར་གཅིག་མཐུན་དུ་སྣང་སྟེ། མུ་རྒྱུང་དང་སྟང་རྒྱུང་། རྩང་ལ་འི་བྱེའུ། སྐྱིབས་ལ་བྱ་མང་། དབྱེ་བླ་སྤྱི་བགངས། རྔེགས་ལྷ་འྀ་བྱར་མངས། མཆིམས་ལ་འི་ཐན་འཚོ། བླ་འི་གང་རྒྱལ། སྟོད་ལྷ་འི་ཟེ་ཟེ། མྱང་ལྷ་འི་བོ་མོ། རྐོང་ལྷ་དེས་ལེགས། དྲུགུའི་ལྷ་ཡོལ་དང་རེའ། རྒྱ་བླའི་འབྲོང་ནམ་ཞེས་བྱུང་བ[14]ལྟར་རོ། །
       ཏུན་ཧོང་ཡིག་ཚང་ནང་ལྷ་དགུ་དང་འོ་དེ་གུང་རྒྱལ་དབར་ཕ་བུའི་འབྲེལ་བ་སྟོན་པ་ཞིག་ད་དབར་མ་མཐོང་ཡང་། འདིར་ལུང་དུ་དྲངས་པའི་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཡི་གེ་དང་། ITJ 0734རུ་“ལྷ་དགུ་”ཞེས་པའི་མིང་ཚིག་བྱུང་བ་ནི་ལྷ་དགུ་ཞེས་པའི་ལྷ་ཚོགས་དེས་མཐོ་བོད་འདིའི་སྲིད་དང་ཆོས་ལུགས་ཁྲོད་གོ་གནས་གལ་ཆེན་བཟུང་བ་ཤིན་ཏུ་གསལ་ལ། དེ་དང་འབྲེལ་བའི་ལྷ་རིགས་རྣམས་ཀྱང་། P.T.1060རུ་རྒྱལ་ཕྲན་གྱི་ལོ་རྒྱུས་རྗོད་སྐབས་རྒྱལ་ཕྲན་རེ་ལ་རྗེ་བོ་རེ་དང་། དེས་གསོལ་བའི་ལྷ་རེ་ཡོད་པ་དང་གཞི་རྩའི་ཐོག་གཅིག་མཐུན་དུ་སྣང་བས། ལྷ་དགུ་པོ་དེ་རྣམས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་མངོན་པའི་དུས་ནི་རྗེ་གཉའ་ཁྲི་བཙན་པོའི་ཡར་སྔོན་ཏེ། རྒྱལ་ཕྲན་དང་སིལ་མའི་དུས་སྐབས་སུ་ཡིན་པ་ཤེས་སླ་ཞིང་། གཙང་ལྷ་ཕུ་དར་དང་གཙང་ལྷ་བྱེའུ་ནི་རྒྱལ་ཕྲན་གཙང་སྟོད་ཁུལ་གྱི་ལྷ་རི་ཡིན་པ་དང་། གནུབས་ལྷ་མཐོན་དྲུག་ཅེས་པའི་གནུབས་ཞེས་པ་རོང་རིན་སྤུངས་དང་ཡར་འབྲོག་ཁུལ་དུ་གོ་ཚུལ་ཤས་ཆེ་བ་ལས་དབུས་གཙང་གཉིས་ཀྱི་མཚམས་སུ་གནས་པའི་ལྷ་རི་ཡིན་པ། ཐང་ལྷ་ཡ་བཞུར་དང་། ཀླུམ་ལྷ་ཐུག་པོ། སྐྱི་ལྷ་བྱ་མངས། སྟོད་ལྷ་ཟེ་ཟེ་སོགས་ནི་དབུས་ཁུལ་ཏེ་སྐྱིད་ཆུ་རྒྱུག་ཁུལ་དུ་གནས་པའི་ལྷ་རི་ཡིན་པ། དེ་བཞིན་དུ་མྱང་ལྷའི་བ་མོ་དང་། རྐོང་ལྷ་དེས་ལེགས། མཆིམས་ལྷ་ཐན་ཚོ། རྔེགས་ལྷ་བྱ་མངས་སོགས་ནི་དྭགས་ཀོང་ཉང་ཁུལ་གྱི་ལྷ་རི་ཡིན་པ། ཡར་ལྷ་ཤམ་པོ་དང་། དབྱེ་ལྷ་སྤྱི་བགང་སོགས་ནི་ལྷོ་ཁའི་ཁུལ་དུ་གནས་པ་སོགས་ལས་ཀྱང་རྒྱལ་ཕྲན་སིལ་མའི་དུས་སྐབས་ནས་ལྷ་རི་དེ་རྣམས་ལ་ས་གནས་སམ་ཚོ་ཁག་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་བ་རྟོགས་ནུས།
རེའུ་མིག1: ཏུན་ཧོང་ཡིག་རྙིངITJ 0734ལས་གསལ་བའི་རྒྱལ་ཕྲན་གྱི་ལྷ།
རེའུ་མིག2: ཏུན་ཧོང་ཡིག་རྙིངP.T.1060ལས་གསལ་བའི་རྒྱལ་ཕྲན་གྱི་ལྷ།
གཉིས་པ། ཆོས་འབྱུང་དེབ་ཐེར་ཁག་ལས་གསལ་བའི་ལྷ་དགུ།
       གོང་སྨོས་བཞིན་ཏུན་ཧོང་ཡིག་རྙིང་ནང་ལྷ་དགུ་པོ་དང་འོ་དེ་གུང་རྒྱལ་གྱི་ཕ་བུའི་འབྲེལ་བ་སྟོན་པའི་སྒྲུང་དེ་ངེད་ཚོའི་འདྲེན་བྱེད་ཡུལ་དུ་ད་དབར་མ་གྱུར་མོད་ཀྱང་། «ཅན་ལྔ»ལས«ཡི་གེ་ལྷ་གྱེས་ཅན»ཞེས་པར་ལྷ་དགུ་དང་འོ་དེ་གུང་རྒྱལ་དབར་ལ་ཕ་བུའི་འབྲེལ་བ་ལྡན་པར་བརྗོད་ཅིང་། ཡིག་ཆ་དེའི་བརྗོད་དོན་ཙམ་ལོ་རྒྱུས་ཡིག་ཚང«སྦ་བཞེད»དང«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» «ཆོས་འབྱུང་བསྟན་པའི་རྒྱལ་མཚན»སོགས་སུ་གསལ་ལ། དུས་རབས་བཅུ་གསུམ་པའི«མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»རུ་གལ་ཆེན་གྱི་ཚུལ་དུ་རྒྱ་ཆེར་དྲངས་ཡོད་པས། «ཡི་གེ་ལྷ་གྱེས་ཅན»ཞེས་པ་ནི་མ་མཐའ་ཡང་དུས་རབས་བཅུ་གཅིག་པའམ་དེའི་ཡར་སྔོན་གྱི་ཡིག་ཆ་ཡིན་པ་ངེས་ཤེས་ཐུབ་ཅིང་། དེར་འཁོད་པའི་ལྷའི་རྣམ་གྲངས་སུ་ཡར་ལྷ་ཤམ་པོ་དང་། འཆིམས་ལྷ་ཐན་ཚོ། དབྱེ་ལྷ་སྤྱི་དཀར། གྲོ་ལ་གང་བུ། གཙང་ལྷ་དར། རྩང་ལྷ་བྱེའུ། དྭགས་ལྷ་སྒམ་པོ། ཐང་ལྷ་ཡར་བཞུར། ཀོང་ལ་དེ་ཡག །སྒམ་ལྷའི་ལྷ་སྲས་བཅས་ལྷ་བཅུ་བསྟན།[15] དེ་མིན་ཉང་ཉི་མ་འོད་ཟེར་(1124-1192)གྱི«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དུ་ཡར་ལྷ་ཤམ་པོ་དང་། གཉན་ཐང་ལྷ། རྨ་ཆེན་སྤོམ་ར། འོད་དེ་གུང་རྒྱལ། ཀོང་བཙུན་དེ་མོ། ཁ་རག་ཁྱུང་བཙུན། ཇོ་མོ་ལྷ་རི། གནོད་སྦྱིན་གང་བཟང་སོགས་ཀྱི་མཚན་གསལ་བ[16]དང་། ཏཱ་སི་ཏུ(1302-1364)ཡི«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»རུ་གཉན་ཆེན་ཐང་ལྷ་དང་། རྨ་རྗེ་སྤོམ་ར། སྟོང་བཟང་རྨི་རི། གཡུ་གུང་པོ། མོན་སྐྱེས་གསང་ཞུ། རྒྱམ་གྱི་ལྡིང་ཏི། པདྨ་འབྱུང་གནས། མོན་ལྷ་སྤྱི་སྒོམ། མུ་ནེ་ལྷ་བཙན། སྒྱོགས་ཆེན་ལྡེང་དབྲ། ཡར་ལྷ་ཤམ་བུ། འོ་དེ་གུང་རྒྱལ། ལྷ་རྒོད་མདུང་རྩེ། མོ་ནམ་མཆེད་བརྒྱད། རྣམ་ཐོས་སྲས་སོགས་བྱུང་།[17] སྡེ་སྲིད་སངས་རྒྱས་རྒྱ་མཚོ(1653-1705)ཡིས་མཛད་པའི་རྒྱལ་དབང་བློ་བཟང་རྒྱ་མཚོའི(1617-1682)རྣམ་ཐར«དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པའི་འཕྲོས་ལྔ་པ་བཞུགས»སུ། “ཡར་ལྷ་ཤམ་པོ། གཙང་ལྷ་ཕུ་དར། ཀོག་ལྷ་དེ་མོ། གངས་ལྷ་བུ་མོ། མོན་ལྷ་རེ་བོ། ཐང་ལྷ་ཡ་ཞུར། དྭགས་ལྷ་སྒམ་པོ། འཆིམ་ལྷ་ཐག་ཆོད། མ(༡༩༨བ)སངས་གར་ཆེན་བཅས་ལྷ་ཆེན་དགུར་སྔགས་བོན་འབྲེལ་མཚུངས་བཞི་གྲ་རེས་གསོལ་མཆོད་ཉིན་གསུམ་རེ་དང་དར་ལྕོག་ཆེ་བ་བཙུགས།”[18]ཞེས་འཁོད་ལ། དེ་བཞིན་སླེ་ལུང་བཞད་པའི་རྡོ་རྗེ(1697-1740)ཡི«དམ་ཅན་བསྟན་སྲུང་གི་རྣམ་ཐར»དུ། “འོད་དེ་གུང་རྒྱལ་གྱིས་ཤེས་འབུར་བཙུན་མོ་དང་བཤོས་པས་གཅེན་འོད་གུང་རྒྱལ་དང་། རྒྱུ་ལྷ་ཕོ་བོང་གཉིས་འཁྲུངས། ཁ་ལ་གཙང་དུ་བྱོན་ནས་ཐང་ང་གཙང་མོ་དང་བཤོས་པས་གཙང་ལྷ་ཕུ་དར་འཁྲུངས། སྐྱིད་རོ་ལྗང་སྔོན་དུ་ཐང་ང་སྐྱིད་མོ་དང་བཤོས་པས་སྐྱིད་ལྷ་བྱ་མ་འཁྲུངས། མདོ་ཏི་རི་ནག་ཏུ་ཐང་ང་མདོ་མོ་དང་བཤོས་པས་མདོ་ལྷ་རི་བོ་འཁྲུངས། ཡར་ཀླུངས་སོགས་ཁར་ཐང་ང་ཡར་མོ་དང་བཤོས་པས་ཡར་ལྷ་ཤམྦྷོ་འཁྲུངས། གཉལ་དུ་གཉལ་མོ་ཐང་ང་དང་བཤོས་པས་གཉལ་ལྷ་སྦྱར་པོ་འཁྲུངས། ཨེ་ཡུལ་དྲུག་ཏུ། ཨེ་མོ་ཐང་ང་དང་བཤོས་པས་ཨེ་ལྷ་སྤྱི་དཀར་འཁྲུངས། ཀོང་སྟོད་དུ་ཐང་ང་མཆིས་མོ་དང་བཤོས་པས་མཆིམས་ལྷ་ཐང་ཚོགས་འཁྲུངས། དྭགས་ཡུལ་ཤིང་ནགས་སུ་ཐང་ང་དྭགས་མོ་དང་བཤོས་པས་དྭགས་ལྷ་སྒམ་པོ་འཁྲུངས། ཀོང་ཡུལ་བྲེ་ནར་ཐང་ང་ཀོང་པོ་དང་བཤོས་པས་ཀོང་བཙུན་དེ་མོ་འཁྲུངས་པ་སོགས་ཡུལ་ཐ་དད་དུ་ཡུམ་མི་གཅིག་པ་དུ་མར་བཤོས་པ་ལས་སྲས་སོ་སོར་འཁྲུངས་པའི་ལུགས་དང་། ཡུམ་གཡུ་བྱ་གཤོག་གཅིག་དང་བཤོས་པ་ལས་གཉན་ཆེན་ཐང་ལྷ་སོགས་མཆེད་དགུ་སྦྲུམ་པ་རྫིང་ཕྱིར་ཕ་བོང་སྦོམ་པའི་གཤམ་གྱི་ཆར་འཁྲུངས་ཞེས་ངག་རྒྱུན་ཁུངས་མར་གྲགས་པ་སོགས་ལུགས་མང་དུ་སྣང་།”[19]ཞེས་བྱུང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང(1719-1794)གི«བསྟན་སྲུང་དམ་ཅན་རྒྱ་མཚོའི་མཚན་ཐོ»རུ། “ཡབ་འོ་དེ་གུང་རྒྱལ་དང་། དེ་ཡི་སྲས་བརྒྱད་ལ་ཟེར་རོ། །སྲས་བརྒྱད་ནི། ཡར་ལུང་ཡར་ལྷ་ཤམ་པོ། བྱང་གི་གཉན་ཆེན་ཐང་ལྷ། རྒ་སྟོད་ཇོ་བོ་རྒྱོགས་ཆེན། ཤར་གྱི་རྨ་ཆེན་སྤོམ་ར། ཇོ་བོ་གཡུལ་རྒྱལ། ཤེའུ་མཁའ་རི། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོའམ་འགའ་ཞིག་གིས་སྨུག་པོ་ཟེར་བ་དང་གནོད་སྦྱིན་གང་བ་བཟང་པོ་དང་དགུའོ། །”[20]ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་“བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་ལ། བོད་ཀྱི་སྐམ་ས་དང་པོར་ཆགས་པ་དང་མཉམ་དུ་བྱུང་ཞིང་བོད་ཡུལ་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་དགུ་ཡོད་པར་བཤད་དེ་ལྷ་དགུ་ནི། ༡.ཡབ་ལྷ་ཆེན་འོ་དེ་གུང་རྒྱལ། ༢.དེའི་སྲས་ཡར་ལྷ་ཤམ་པོ། ༣.བྱང་གི་གཉན་ཆེན་ཐང་ལྷ། ༤.སྒ་སྟོད་ཇོ་བོ་སྒྱོགས་ཆེན། ༥.ཤར་གྱི་རྨ་ཆེན་སྤོམ་ར། ༦.ཇོ་བོ་གཡུལ་རྒྱལ། ༧.སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། ༨.ཤེལ་དཀར་ཇོ་བོ་རྟ་རྒོད། ༩.གཙང་གི་གནོད་སྦྱིན་གང་བ་བཟང་པོ་བཅས་ཡིན་པར་བཤད།”[21]ཅེས་སོགས་ཡིག་ཚང་ཁག་ཏུ་བཞེད་སྲོལ་སྣ་ཚོགས་མཆིས་པ་ལས«ཡི་གེ་ལྷ་གྱེས་ཅན»གྱི་ལུགས་དང་། སླེ་ལུང་བཞད་པའི་ལུགས། ཀློང་རྡོལ་བླ་མའི་ལུགས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ལུགས་བཅས་བཞི་པོ་ནི་ཕྱིས་བྱུང་སྲིད་པ་ལྷ་དགུ་དང་འབྲེལ་བའི་གནད་དོན་ལ་ཞིབ་འཇུག་བྱེད་མི་མང་པོས་གཞིར་འཇོག་སའི་ཁུངས་གཙོ་བོར་གྱུར།
རེའུ་མིག3: ཆོས་འབྱུང་དེབ་ཐེར་དང་ཚིག་མཛོད་དུ་སྲིད་པ་ལྷ་དགུའི་མཚན་གསལ་ཚུལ།[22]
       ཨོ་ཏི་ལིའི་བོད་རིག་པ་སྨྲ་བ་ཎེ་པི་སི་ཁིས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་བརྩམས་པའི«བོད་ཀྱི་ལྷ་འདྲེ་དང་གདོན་བགེགས»ཞེས་པར་འོ་དེ་གུང་རྒྱལ་དང་། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྒད་སྟོད་ཀྱི་ཇོ་བ་གྱོག་ཆེན། རྨ་ཆེན་སྤོམ་ར། ཇོ་བོ་གཡུ་རྒྱལ། ཤེའུ་མཁའ་རི། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། གནོད་སྦྱིན་གང་བཟང་ཞེས་ལུང་འདྲེན་གནང་བ[23]དང་། བོད་རིག་པ་སྨྲ་བ་སྐུ་ཞབས་ཐུའུ་ཆིའི་དགོངས་པ་ཡང་དེ་ལྟར་དུ་སྣང་། དེ་མིན་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ལྷ་དགུ་པོ་ནི་ཡར་ལྷ་ཤམ་པོ་དང་། འཆིམས་ལྷ་ཐན་ཚོ། དབྱེ་ལྷ་སྤྱི་དཀར། གྲོ་ལ་གང་བུ། གཙང་ལྷ་དར། རྩང་ལྷ་བྱེའུ། དྭགས་ལྷ་སྒམ་པོ། ཐང་ལྷ་ཡར་བཞུར། ཀོང་ལ་དེ་ཡག་བཅས་ཡིན་པར་འདོད་པ[24]དང་། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང«ལྡེའུ་ཆོས་འབྱུང»དུ་ལུང་འདྲེན་གནང་བའི«ཡི་གེ་ལྷ་གྱེས་ཅན»གྱི་ནང་དོན་བཞིན་ལུང་འདྲེན་མཛད།[25] དེ་བཞིན་དུ་རྭ་ཡུམ་སྐྱབས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་དུ་ལྷ་དགུའི་སྐོར་ལ་ཡིག་ཚང་མི་འདྲ་བ་དཔྱད་བསྡུར་གནང་སྟེ་དཔྱད་གླེང་ཞིབ་ཚགས་གནང་ཞིང་། ཁོང་གིས་ཡིག་ཚང་དེ་རྣམས་ཀྱི་ནང་དུ་ཐོན་མང་བའི་ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ། འོ་དེ་གུང་རྒྱལ། རྨ་ཆེན་སྤོམ་ར། སྒྱོགས་ཆེན་གདོང་ར། དྭགས་ལྷ་སྒམ་པོ། ཀོང་བཙུན་དེ་མོ། གནོད་སྦྱིན་གང་བཟང་། ཤེའུ་མཁའ་རི་བཅས་ཀྱི་ལྷ་རི་དགུ་ནི་སྲིད་པ་ཆགས་པའི་ལྷ་དགུར་ངོས་འཛིན་གནང་བས། «མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས(སྔོན་འགྲོའི་སྤྱི་བཤད)»སོགས་སུའང་གང་ཉིད་ཀྱི་ལྟ་ཚུལ་ལུང་དུ་དྲངས།[26] དེ་བཞིན་དུ«མཚོ་བོད་མཐོ་སྒང་གི་རི་ཆུའི་རྣམ་བཤད་-རྨ་ཆེན་གནས་བཤད»[27]དང«སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་མདོ་ཙམ་གླེང་བ»[28]སོགས་སུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ལུགས་བཞིན་ལུང་འདྲེན་གནང་འདུག་ལ། གུ་གེ་འཆི་མེད་རྡོ་རྗེས་རྭ་ཡུམ་སྐྱབས་ཀྱི་ཡིག་ཚང་དཔྱད་བསྡུར་གྱི་འབྲས་བུ་རྨང་གཞིར་བྱས་ཐོག་སྲིད་པའི་ལྷ་དགུ་ནི། འོ་དེ་གུང་རྒྱལ་དང་། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། སྒྱོགས་ཆེན་གདོང་ར། ཤེའུ་མཁའ་རི། ཞོགས་ལྷ་རྒྱུག་པོ། གནོད་སྦྱིན་གང་བཟང་། ཀོང་བཙུན་དེ་མོ་རྣམས་སུ་འདོད།[29] སྒུ་རུ་བཀྲ་ཤིས་དོན་གྲུབ་ཀྱི«གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད»ཅེས་པ་རུ་སྟོད་ཀྱི་འོ་དེ་གུང་རྒྱལ། ཡར་ལུང་ཡར་ལྷ་ཤམ་པོ། བྱང་གི་གཉན་ཆེན་ཐང་ལྷ། ཤར་གྱི་རྨ་རྒྱལ་སྤོམ་ར། སྒ་ཡི་སྒྱོགས་ཆེན་ལྡོང་ར། དཔལ་གྱི་དགས་ལྷ་སྒམ་པོ། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། གཙང་ཡུལ་ཇོ་བོ་གཡུལ་རྒྱལ། ལྷོ་བྲག་ཤེའུ་ཁ་རག་བཅས་དགུར་འདོད[30]པ་སོགས་ཀྱི་ལྟ་ཚུལ་ཇི་སྙེད་ཅིག་བྱུང་། དེ་ལྟར་གོང་གི་ཞིབ་འཇུག་པ་རྣམས་ཀྱི་དགོངས་ཚུལ་ལས་དཔགས་ཚེ། ཀློང་རྡོལ་བླ་མའི་ལུགས་དེ་ནི་དེང་དུས་ཞིབ་འཇུག་པ་རྣམ་པས་གཞིར་འཇོག་ས་གཙོ་བོ་ཞིག་ཏུ་གྱུར་འདུག །
རེའུ་མིག4: ཞིབ་འཇུག་པས་ངོས་འཛིན་གནང་བའི་ལྷ་དགུའི་རེའུ་མིག །
བཞི་པ། བགྲོ་གླེང་དང་དཔྱད་སྡོམ།
       གོང་གསལ་ལེ་ཚན་གསུམ་གྱི་དཔྱད་བརྗོད་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལྷ་དགུ་ཞེས་པའི་མིང་ཚིག་ཐོན་སྔ་ཤོས་ཀྱི་ཡིག་ཆ་ནི་ཏུན་ཧོང་ཡིག་རྙིང་ཡིན་ཞིང་། དེའི་ནང་རྒྱལ་ཕྲན་རེ་ལ་ལྷ་རེ་ཡོད་པར་བསྟན་པ་དེ་རྣམས་ཕལ་མོ་ཆེ་ནི་ཕྱིས་སུ་སྲིད་པ་ལྷ་དགུ་ཞེས་པའི་སྡེ་ཚན་ནང་འདུས་ལ། ཆོས་འབྱུང་དེབ་ཐེར་ཁག་ལས་ལྷ་དགུའི་རྣམ་གྲངས་བསྟན་པ་ཆེས་སྔ་བ་ནི«ཡི་གེ་ལྷ་གྱེས་ཅན»ཞེས་པ་ཡིན་ཞིང་། དེའི་ནང་དོན་རྣམས«མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ»ཡི་ནང་དུ་ཅུང་ཆ་ཚང་བའི་སྒོ་ནས་ལུང་འདྲེན་བྱས་ཡོད། ཡིག་ཆ་དེར་གསལ་བའི་ལྷ་དགུ་པོ་ནི་ཏུན་ཧོང་ཡིག་རྙིངITJ 0734རུ་འཁོད་པའི་ལྷ་དེ་རྣམས་དང་ཕལ་ཆེར་མཐུན་པས། ཡིག་རྙིང་དེ་ནི་རིན་ཐང་ཆེ་བ་ཞིག་ཡིན་པའང་ངེས་ཤེས་ཐུབ། འོན་ཀྱང་། འདིར་བསམ་གཞིག་བྱ་དགོས་པ་ཞིག་ནི་དེའི་ནང་“སྒམ་ལྷའི་ལྷ་སྲས་”ཞེས་པ་བརྩིས་ན་ཁྱོན་བསྡོམས་ལྷ་བཅུ་བྱུང་བས། ཞིབ་འཇུག་པ་འགས་འདིར་བཀོད་ཀྱི་དགུ་ཞེས་པ་མང་ཚིག་རང་དུ་གོ་བར་བཞེད་མོད་ཀྱང་། མཁས་པ་ལྡེའུས་ལུང་འདྲེན་གནང་བའི«ཡི་གེ་ལྷ་གྱེས་ཅན»གྱི་ཚིག་དོན་གོང་འོག་ཞིབ་ཏུ་བཀླགས་ཚེ། དེའི་ནང་དུ་བྱུང་བའི་འོ་དེ་གུང་རྒྱལ་གྱི་གཅེན་རྒྱ་ལྷ་འབྲོང་ནམ་གྱི་སྲས་དགུ་དང་། ཕྱ་ལྷ་བྲམ་ཆེན་ལ་གདུང་དྲུག་བྱུང་བ། དེ་བཞིན་ཡབ་ལྷ་བརྡལ་དྲུག་ལ་སྲས་ལམ་སྲིང་བརྒྱད་བྱུང་བ་རྣམས་གྲངས་ངེས་རང་དུ་ཟད་པས། འོ་དེ་གུང་རྒྱལ་ལ་སྲས་དགུ་བྱུང་བའང་གྲངས་ངེས་ལས་མང་ཚིག་ཏུ་མི་འདོད་ཅིང་། འདིར་འཁོད་ཀྱི་སྒམ་ལྷའི་ལྷ་སྲས་ཞེས་པ་ནི་བོན་དཔེ«མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག»ཅེས་པར་“དང་པོ་གཡུང་དྲུང་ཕྱ་ལ་གཞི་ཞིག་འཚལ། གཡང་གསས་རྣམས་ལ་རྟེན་ཅིག་འཚལ། དེ་ལ་ཕྱ་གཞི་ཚོལ་བ་སུས་ནུས་གསུངས། ཕ་དེ་འོད་དེ་གུང་རྒྱལ་ལགས། མ་ནི་ཕྱྭ་ལམ་ལོ་མའི་སྲས། བུ་ནི་ལྷ་སྲས་སྒམ་པོ་ཡིན། ལྷ་སྲས་སྒམ་པོའི་ཞལ་ན་རེ། ཕྱ་གཞི་ཚོལ་དུ་བདག་འགྲོ་གསུངས།”[31]ཞེས་གསལ་བ་ལྟར་ལྷ་དེ་ནི་འོ་དེ་གུང་རྒྱལ་དང་ཕྱྭ་ཡི་ལམ་ལས་བྱུང་བའི་སྲས་ཡིན་ཞིང་། ལྷ་དགུ་པོ་རྣམས་ནི་འོ་དེ་གུང་རྒྱལ་མི་ཡུལ་དུ་ཕེབས་རྗེས་བྱུང་བའི་སྲས་ཡིན་པས། ལྷ་རབས་གྲོལ་ཚུལ་ལྷ་དགུ་པོ་དང་མི་མཐུན་པ་དང་གཅིག །སྒམ་ལྷའི་ལྷ་སྲས་དེ་ཉིད་ཕྱིས་སུ་གཉའ་ཁྲི་བཙན་པོ་མི་ཡུལ་དུ་ཕེབས་པའི་སྒྲུང་དུ་གཉའ་ཁྲིར་ཞལ་ཏ་མཛད་མཁན[32]ཡིན་པས། ཡིག་ཚང་གི་བྱེད་པོས་བསམ་བཞིན་དུ་ལྷ་དགུའི་གྲས་སུ་བཅུག་པར་སྣང་བ་དང་གཉིས། ལོ་རྒྱུས་ཡིག་ཚང་དང་ཞིབ་འཇུག་མཁས་དབང་སུས་ཀྱང་ལྷ་དགུའི་རྣམ་གྲངས་སུ་དངས་མེད་པ་དང་གསུམ་བཅས་ཀྱི་སྒོ་ནས་སྒམ་ལྷའི་ལྷ་སྲས་ལྷ་དགུའི་ནང་ཚན་དུ་གཏོགས་མི་རིགས་སྙམ།
       དེ་བཞིན«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དང«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»སོགས་སུ་ལྷ་དེ་རྣམས་གྲངས་དགུར་ངེས་ཏེ་བསྟན་མེད་ནའང་། ལྷ་དགུའི་མཚན་གྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་སྟེ། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དུ་“ཡར་ལྷ་ཤམ་པོ་དང་། གཉན་ཐང་ལྷ། རྨ་ཆེན་སྤོམ་ར། འོད་དེ་གུང་རྒྱལ། ཀོང་བཙུན་དེ་མོ། ཁ་རག་ཁྱུང་བཙུན། ཇོ་མོ་ལྷ་རི། གནོད་སྦྱིན་གང་བཟང་སོགས[33]སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་དམ་འདོགས་གནང་སྐབས་སྲིད་པའི་ལྷ་དེ་རྣམས་དང་བསྟན་མ་བཅུ་གཉིས་ལ་སོགས་པའི་ལྷའི་མཚན་ཇི་སྙེད་ཅིག་བྱུང་བས། རྭ་ཡུམ་སྐྱབས་ཀྱིས་ཆོས་འབྱུང་དེ་ནི་རྨ་ཆེན་སྤོམ་ར་སྲིད་པ་ལྷ་དགུའི་རྣམ་གྲངས་སུ་ཐོག་མར་བགྲང་བའི་ཡིག་ཚང་ཡིན་པར་འདོད་ལ། འོ་དེ་གུང་རྒྱལ་འདི་ཉིད་ཀྱང་དེའི་དུས་སུ་ལྷ་དགུའི་རྣམ་གྲངས་སུ་ཚུད་པར་འདོད།[34] ཏཱ་སི་ཏུས་ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད་རྗོད་སྐབས། “ད་རེས་སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས”[35]ཞེས་ལྷ་རིགས་རླངས་ཀྱི་རྒྱུད་པ་རྣམས་ལ་“ལྷ་གཉན་པོ་དེ་མ་མཆོད་པར་མི་འགོ།”[36] སྲིད་པའི་ལྷ་དགུ་ལ་སོགས་པའི་ལྷ་རིགས་མཐུ་བོ་ཆེ་རྣམས་ལ་གསོལ་ནས་ལྷ་རིགས་རླངས་ཀྱི་རིགས་རྒྱུད་ཀྱི་ཆེ་ལུགས་དང་སྲིད་པའི་ལྷ་དེ་རྣམས་ལ་མཆོད་དེ་འབངས་བཀོལ་མཁས་པ་དང་ནག་སོག་ཤག་གསུམ་དང་ལྷོ་སྟོད་ཀྱི་ལུང་ཆེན་བཅོ་བརྒྱད་སོགས་བདག་བྱས་ནས་ཁམས་པའི་སྤྱི་དཔོན་བྱས་པའི་ཡུལ་འཛིན་སྔ་བའི་མི་རབས་དཔའ་རབས་འཕེལ་བར་བཤད་ལ། དེ་བཞིན་དུ་ཡུལ་ཤུལ་ནང་ཆེན་གྱི་རྒྱམ་གྱི་ལྡིང་ཏི་དང་། སྡེ་དགེའི་སྟོང་བཟང་རྨི་རི། ཁམས་གོ་འཇོའི་མོ་ནམ་མཆེད་བརྒྱད་ཅེས་བསྟན་པ[37]ལྟར་ཁམས་ཕྱོགས་ཀྱི་ལྷ་རི་མང་པོ་རླངས་ཀྱི་རིགས་རྒྱུད་རྣམས་ཀྱིས་མཆོད་ནས་འགོ་ཚུལ་བསྟན། ལྷ་རི་རྣམས་ཀྱི་གནས་ཡུལ་ཡང་གང་དེའི་དབང་རིས་ཀྱིས་ཁྱབ་པའི་ས་ཕྱོགས་རྣམས་སུ་ངེས་ཤིང་། ལྷ་རིགས་དེ་རྣམས་ཀྱི་ཁྲོད་དུ་སྒྱོགས་ཆེན་ལྡེང་དབྲའང་ཚུད་པས། རྭ་ཡུམ་སྐྱབས་ཀྱིས་དེ་ཁུངས་སུ་བྱས་ཏེ་ལྷ་དགུའི་གྲས་སུ་དྲངས། དེ་ནས«དམ་ཅན་བསྟན་སྲུང་གི་རྣམ་ཐར»[38]དུ་བསྟན་པའི་ལྷ་རི་རྣམས་གཞི་རྩའི་ཐོག་ཏུན་ཧོང་ཡིག་རྙིང་དང«ལྡེའུ་ཆོས་འབྱུང»སོགས་གཞིར་བཟུང་བ་ཤིན་ཏུ་གསལ་ལ། ཁོང་གིས་ལྷ་རི་དེ་རྣམས་ཀྱི་གནས་ཡུལ་ཡང་ལམ་ཙམ་བསྟན་པ་སྟེ་“མངའ་རིས་སྐོར་གསུམ་ན་སྐུ་ལྷ་གེ་རྒོད་དང་། སྟོད་ལྷ་ཟང་ཟང་། མྱང་ཡུལ་མྱང་སྟོད་ན་ཧའོ་གང་བཟང་། གཡག་རུ་སྟོད་མ་ཤངས་ལྷ་སྒོ་རུ། ཡར་ཀླུངས་སུ་ཤམྦྷོ། ཨེར་ཨེ་ལྷ་དཀར་པོ། ལུང་པ་ནང་དུ(གཉལ་ལྷ་སྦྱར་མ་ཡང་ཟེར།)གཉན་ལྷ་སྦྱར་མ། ཆོས་འཁོར་རྒྱལ་དུ་རྟ་རྒོད་ཤེལ་ལགས། སྒམ་པོར་དྭགས་ལ་སྒམ་པོ། རོལ་ཕུ་དང་ཀོང་སྟོད་དུ་མཆིས[མཆིམས]ལྷ་སྤུན་དགུའམ་མཆིམས་ལྷ་སྡེ་དྲུག ཀོང་སྨད་དུ་ཀོང་ལྷ་དེ་ཡགས་སམ་ཀོང་ལྷ་དཀར་པོ། ཉང་པོ་ཀླུ་རིར་ཉང་ལྷ་བཙན་དྲུག ལྷོ་བྲག་ཏུ་སྐུ་ལྷ་མཁའ་རི། རུ་མཚམས་སུ་སྐུ་ལྷ་སྡེ་བཞི། འདམ་དུ་གཉན་ཆེན་ཐང་ལྷ། རྨ་ཁམས་སུ་རྨ་ཆེན་སྤོམ་ར་སོགས་ཏེ་ཕྱོགས་ཐ་དད་པ་དུ་མར་གུང་རྒྱལ་གྱི་ལྷ་སྲས་མཆེད་དགུ་གཤེགས་ཏེ་འགྲོ་དོན་མཛད་པ་ལས་ཡུལ་སོ་སོའི་ལྷ་འདྲེ་མི་གསུམ་གྱི་མོས་ངོ་དང་བསྟུན་པའི་ཡབ་ཡུམ། རིགས་བརྒྱུད། ཆོ་འབྲང་། རྣམ་འགྱུར་སོགས་མི་འད་བ་དུ་མར་བསྟན་པ་ལས་མཚན་གྱི་རྣམ་གྲངས་ཇི་སྙེད་པར་གྲགས”[39]ཞེས་པ་ལྟར་རོ། །ཁོང་གི་གསུང་རྩོམ་ནང་སྐུ་ལྷ་མཁའ་རིའང་རིམ་བཞིན་སྲིད་པའི་ལྷ་རི་དེ་རྣམས་དང་ལྷན་དུ་བརྗོད་པ་དང་སྦྲགས། རང་ཉིད་ཀྱི་འཁྲུངས་ཡུལ་འོལ་དགའ་དང་དེའི་ཉེ་འཁོར་གྱི་དྭགས་ཀོང་ས་ཆའི་ལྷ་རིའི་མཚན་ཡང་ཅུང་ཟད་ཞིབ་ཚགས་བཀོད་འདུག་པ་དཔེར་ན། ལུང་པ་ནང་གི་གཉལ་ལྷ་སྦྱར་མ་དང་། ཆོས་འཁོར་རྒྱལ་གྱི་རྟ་རྒོད་ཤེལ་ལགས། སྒམ་པོའི་དྭགས་ལ་སྒམ་པོ། རོལ་ཕུ་དང་ཀོང་སྟོད་ཀྱི་མཆིམས་ལྷ་སྤུན་དགུའམ་མཆིམས་ལྷ་སྡེ་དྲུག །དེ་བཞིན་ཉང་པོ་ཀླུ་རིར་ཉང་ལྷ་བཙན་དྲུག་ལྟ་བུའོ། །ཏཱ་སི་ཏུ་དང་སླེ་ལུང་བཞད་པའི་རྡོ་རྗེ་རྣམ་གཉིས་ཀྱི་གསུང་རྩོམ་ནང་ལུང་འདྲེན་མཛད་པའི་ལྷ་རི་དེ་རྣམས་ཀྱི་གནས་ཡུལ་སོགས་ལ་བརྟགས་ཚེ། རང་གི་དབང་རིས་ཀྱིས་ཁྱབ་པའི་ས་དང་རང་གི་ཡུལ་ཕྱོགས་ཀྱི་ལྷ་རྣམས་ལོ་རྒྱུས་ཀྱི་གར་སྟེགས་སུ་འདྲེན་པའི་ཀུན་སློང་ཞིག་རིམ་པར་མངོན་འོང་ཚུལ་འཆར་བས། དེ་ནི་ལྷ་དགུ་པོ་དེ་རྣམས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཆོས་སྲིད་ཀྱི་དབང་ཐང་མཚོན་བྱེད་གལ་ཆེན་ཞིག་ཡིན་པའི་རྐྱེན་གྱིས་ཡིན་ངེས་སམ།
       སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི«དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པའི་འཕྲོས་ལྔ་པ་བཞུགས»དང་ཀློང་རྡོལ་བླ་མའི«བསྟན་སྲུང་དམ་ཅན་རྒྱ་མཚོའི་མཚན་ཐོ»གཉིས་ནི་ངེད་ཚོའི་མཐོང་ཆོས་སུ་གྱུར་པའི་ལྷ་དགུ་ཞེས་གྲངས་ངེས་རང་དུ་སྟོན་པའི་ཡིག་ཚང་དུ་སྣང་སྟེ། སྔ་མ་དེར་“ཡར་ལྷ་ཤམ་པོ། གཙང་ལྷ་ཕུ་དར། ཀོག་ལྷ་དེ་མོ། གངས་ལྷ་བུ་མོ། མོན་ལྷ་རེ་བོ། ཐང་ལྷ་ཡ་ཞུར། དྭགས་ལྷ་སྒམ་པོ། འཆིམ་ལྷ་ཐག་ཆོད། མ(༡༩༨བ)སངས་གར་ཆེན་བཅས་ལྷ་ཆེན་དགུར་སྔགས་བོན་འབྲེལ་མཚུངས་བཞི་གྲ་རེས་གསོལ་མཆོད་ཉིན་གསུམ་རེ་དང་དར་ལྕོག་ཆེ་བ་བཙུགས།”[40]ཞེས་དང་། ཕྱི་མའི་ནང་དུ“ཡབ་འོ་དེ་གུང་རྒྱལ་དང་། དེ་ཡི་སྲས་བརྒྱད་ལ་ཟེར་རོ། །སྲས་བརྒྱད་ནི། ཡར་ལུང་ཡར་ལྷ་ཤམ་པོ། བྱང་གི་གཉན་ཆེན་ཐང་ལྷ། རྒ་སྟོད་ཇོ་བོ་རྒྱོགས་ཆེན། ཤར་གྱི་རྨ་ཆེན་སྤོམ་ར། ཇོ་བོ་གཡུལ་རྒྱལ། ཤེའུ་མཁའ་རི། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོའམ་འགའ་ཞིག་གིས་སྨུག་པོ་ཟེར་བ་དང་གནོད་སྦྱིན་གང་བ་བཟང་པོ་དང་དགུའོ། །”[41]ཞེས་འཁོད་མོད་ཀྱང་། འདིར་བགྲོ་གླེང་བྱ་དགོས་པའི་གནད་འགའ་མཆིས་ཏེ། གཅིག་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་རྣམ་ཐར་ནང་མཆིམས་ལྷ་ཐག་ཆོད་ཅེས་མཆིམས་ལྷ་ཐན་ཚོར་ངེས་པའི་ལྷ་རི་དེ་ཡང་སྔར་ལུགས་བཞིན་ལྷ་ཆེན་དགུའི་རྣམ་གྲངས་སུ་དྲངས་མོད་ཀྱང་། རྒྱལ་ཕྲན་མཆིམས་དང་། དྭགས་པོ། བན་པ་རྗེ་སོགས་སྤུ་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཐོག་མར་བཙན་པོའི་མངའ་འོག་ཏུ་འདུས་རུང་། དྭགས་པོ་ནི་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་ངོ་ལོག་པར་སེང་གོ་མི་ཆེན་གྱིས་སླར་བཀུག་པ་དང་། སྲོང་བཙན་གྱི་སྐུ་དུས་ངོ་ཐེངས་གཉིས་པ་ལོག་སྟེ་ཁོང་ནར་སོན་རྗེས་སླར་ཡང་དབང་དུ་ཐེངས་གསུམ་པར་འདུས་པས། དྭགས་པོའི་གནད་དོན་ནི་བཙན་པོའི་སྲིད་དབང་གཅིག་གྱུར་གྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་པ་དང་། ཐ་ན་བཙན་པོ་ཁྲི་འདུས་སྲོང་གི་སྐུ་དུས་སུ་ཏུན་ཧོང་ཡིག་རྙིངS.T.750རུ“བཙན་མོ་ཁྲི་མོ་སྟེངཿ དགསཿ ཡུལ་དུ་ཆབ་སྲིད་གཤེགས་པར་ལོ་ཆྀག”[42]ཅེས། 688ལོར་བཙན་པོ་གང་དེའི་སྲིང་མོ་ཁྲི་མོ་སྟེང་བག་མར་བྱིན་ནས་དྭགས་པོ་ཚོད་འཛིན་བྱ་ཐབས་སྤེལ་བ་ལས་ཡུལ་དེའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ལ། དེ་བསྟུན་དྭགས་ལྷའི་གོ་གནས་ཀྱང་ངང་གིས་དཔོག་ཐུབ་པས། མཆིམས་ཡུལ་མཆིམས་ལྷ་དང་བསྡུར་ན་དྭགས་ཡུལ་དྭགས་ལྷར་དམིགས་བསལ་གྱི་ཐོབ་ཐང་སྤྲད་དགོས་དོན་ཡང་དེར་ཐུག་ཡོད། གཉིས་ནི་ཀློང་རྡོལ་བླ་མའི་གསུང་དུ་ཇོ་བོ་གཡུལ་རྒྱལ་དང་། ཤེའུ་མཁའ་རི། སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ་བཅས་སྔོན་སྲིད་པ་ལྷ་དགུའི་རྣམ་གྲངས་སུ་མེད་པ་རྣམས་བྱུང་ཞིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་། ཐུའུ་ཆི། ཎེ་པི་སི་ཁི་སོགས་ཞིབ་འཇུག་པ་མང་པོས་ལུགས་དེ་བཞིན་འདོད། དེང་གི་ཞིབ་འཇུག་གི་འབྲས་བུ་ལ་གཞིགས་ན། ཁ་རག་ཇོ་བོ་ཇོ་མོ་ཞེས་བྱུང་བའི་ཁ་རག་ཇོ་བོའི་མཚན་ལ་གཡུལ་རྒྱལ་ཟེར་ཞིང་། དེའི་གནས་ཡུལ་ནི་ཡར་འབྲོག་སྟེ་སྣ་དཀར་རྩེ་རྫོང་ཁ་རག་ཤང་གི་ཁོངས་སུ་ཡིན་པ་དང་། གནོད་སྦྱིན་གང་བཟང་ཡང་དེ་དང་ཉེ་བའི་ཡར་འབྲོག་གི་ཁོངས་སུ་གནས། སྤྱིར་སྲིད་པ་ལྷ་དགུའི་ནང་དོན་གྱི་འགྱུར་བའི་ཆོས་ཉིད་ལ་བལྟས་ན་ཡུལ་ལུང་གཅིག་གི་ནང་ལྷ་དགུའི་ནང་ཚན་དུ་གཏོགས་པའི་ལྷ་རི་གཉིས་མི་འབྱུང་བས། སྒུ་རུ་བཀྲ་ཤིས་དོན་གྲུབ་ཀྱིས་ཇོ་བོ་གཡུལ་རྒྱལ་ལྷ་དགུའི་ནང་དུ་བཞག་ཚེ་གནོད་སྦྱིན་གང་བཟང་ལྷ་དགུའི་རྣམ་གྲངས་སུ་མི་འཇོག་པ་དེ་དོན་དུ་གནས་པར་མཐོང་། གསུམ་ནི་“མེ་བྱ་ལོ་སྟག་རྩེ་ནས་ཞོག་ལྷའི[43]ཕྱི་ནང་གསང་གསུམ་གྱི་རྟེན་འཛུགས་དགོས་པའི་བཀའ་གནང་བྱུང་བའི་ཚེ་སྔར་ནས་ཞོག་ལྷའི་གསོལ་མཆོད་རྒྱས་པ་མི་འདུག་གཤིས”[44]ཞེས་ཞོགས་དོན་ཡོད་མཁས་གྲུབ(1671-1737)ཀྱི་སྐུ་དུས་སུ་སྡེ་པ་སྟག་རྩེ་བས་ཞོགས་ལྷའི་རྟེན་འཛུགས་དགོས་པའི་བཀའ་བཞིན«ལྷ་ཆེན་ཞོག་ལྷ་ཕྱུག་པོའི་སྒེར་བསྐངས»སམ«ཞོག་ལྷ་ཕྱུག་པོའི་གསོལ་མཆོད་རྒྱས་པ»མཛད། དེ་བཞིན་ཁོང་གི་ཉེ་འཁོར་བ་ངག་དབང་དཔལ་ལྡན་གྱིས་བསྐུལ་ངོར«ཞོག་ལྷ་ཕྱུག་པོའི་གཏོར་རྫོང་ཁྱེར་བདེ»སོགས་མཛད་པའི་དབང་གིས་ལྷ་ཆེན་ཞིག་གི་གཟུགས་བརྙན་དྲིལ་བསྒྲགས་རྒྱ་ཆེར་བྱུང་ནས། ཁོང་དང་དུས་རབས་གཅིག་པའི་ཀློང་རྡོལ་བླ་མས་ཞོགས་ལྷ་ཕྱུག་པོ་དེ་ཉིད་ལྷ་དགུའི་རྣམ་གྲངས་སུ་དྲངས་པར་མིན་ནམ་སམ་པས་དཔྱད་པར་འཚལ། བཞི་ནི་ཀློང་རྡོལ་བླ་མའི་གསུང་དུ་བྱུང་བའི་ཤེའུ་མཁའ་རི་ཞེས་པ་སླེ་ལུང་གི«དམ་ཅན་བསྟན་སྲུང་གི་རྣམ་ཐར»ནང་གསལ་བའི་སྐུ་ལྷ་མཁའ་རི་དང་གཅིག་ཡིན་མིན་ལའང་དོགས་སློང་འབྱུང་ངེས་ཏེ། པ་ཚབ་པ་སངས་དབང་འདུས་ཀྱིས་“འོ་ན་སྲིད་པའི་ལྷ་དགུ་ཞེས་པས་ལོ་རྒྱུས་ཀྱི་དོན་གང་ཞིག་མཚོན་ཟེར་ན། ཁོ་བོའི་ངོས་འཛིན་ལ་སྟོད་ལྷ་རབས་སུ་དྲངས་པའི་འོ་དེ་གུང་རྒྱལ་ལ་སོགས་པའི་ལྷ་ཆེན་དགུ་ནི་ཆེས་གནའ་བོའི་བོད་ཀྱི་རུས་ཆེན་འགའ་ཡི་རུས་ལྷ་ཡིན་ཏེ། རུས་ལྷའི་འབྱུང་ཁུངས་ནི་རུས་སོ་སོའི་གུས་བཀུར་དད་པར་འོས་པའི་མེས་པོ་འདས་རྗེས་མི་ཤི་ལྷ་དང་བཙན་ལ་སྐྱེས་པར་ངོས་བཟུང་ནས་རང་རུས་ཀྱི་གཞིས་ཡུལ་རི་ཞིག་ལ་མེས་པོའི་མིང་ཞིག་བཏགས་ཏེ་རི་དེ་རུས་དེའི་མི་རབས་ནས་མི་རབས་བར་དད་མོས་མཆོད་པའི་གནས་རིར་ངོས་འཛིན་བྱས། དཔེར་ན། ཡར་ལྷ་ཤམ་པོ་ནི་ཡར་ལུང་སྤུ་རྒྱལ་གྱི་རུས་ལྷ་ཡིན་པ་དང་། མཆིམས་ལྷ་ཐན་ཚོ་ནི་མཆིམས་ཡུལ་དགུ་སུལ་ཞེས་པའི་རུས་མཆིམས་ཀྱི་རུས་ལྷ་ཡིན་པ། དབྱེ་ལྷ་སྤྱི་དཀར་ནི་ཡུལ་དབྱེ་མོ་ཡུལ་བཞིའི་དབྱེ་རྗེ་མཁར་པའི་རུས་ལྷ་ཡིན་པ། ཐང་ལ་ཡར་བཞུར་ནི་ཡུལ་ངས་པོ་ཁ་གསུམ་གྱི་ཟིང་པོ་རྗེའི་རུས་ལྷ་ཡིན་པ། ཀོང་ལ་དེ་ཡག་ནི་ཡུལ་རྐོང་ཡུལ་བྲེ་སའི་རྐོང་རྗེའི་ཀར་པོའི་རུས་ལྷ་ཡིན་པ། དྭགས་ལྷ་སྒམ་པོ་ནི་ཡུལ་དྭགས་ཀྱི་གྲུ་བཞིའི་དྭགས་རྒྱལ་སྤྲོག་ཟིན་གྱི་རུས་ལྷ་ཡིན་པ། ཤེའུ་ཁ་རེག་ནི་སྐྱི་ཆུ་ལྗང་སོན་ཡུལ་གྱི་རུས་ཆེན་ཤེའུ་ཡི་རུས་ལྷ་ཡིན་པ་བཞིན་ནོ། །”[45]ཞེས་པ་ལྟར་ན་ཤེའུ་མཁའ་རི་ཞེས་པ་ལྷ་སའི་ཁུལ་དུ་མིན་ནམ་སྙམ་ཡང་། སྐུ་ལྷ་མཁའ་རིའི་གསོལ་མཆོད་ལྡེབ་མ་གཉིས་ཅན་ཞིག་གི་ནང་དུ། “ཀྱཻ། སྔོན་གྱི་བསྐལ་པའི་དུས་ཤེད་ན། །འོད་གསལ་ལྷ་ཡི་རྒྱལ་པོ་ཉིད། །འཛམ་བུ་གླིང་འདིར་འཕོས་པ་ནི། །སྐུ་ལྷ་མཁའ་རི་ཤེའུ་ཞེས། །”[46]ཞེས་གསལ་བ་དེ་ནི་སྐུ་ལྷ་མཁའ་རི་དང་ཤེའུ་གཉིས་གཅིག་ཏུ་འདོད་པའི་ཡིག་ཆ་གལ་ཆེན་དུ་མཐོང་བས། རྭ་ཡུམ་སྐྱབས་དང་སྒུ་རུ་བཀྲ་ཤིས་དོན་གྲུབ་གཉིས་ཀས་ཤེའུ་མཁའ་རི་ཞེས་པ་ནི་ལྷོ་བྲག་སྐུ་ལྷ་མཁའ་རིར་འདོད་པ་ལ་རྒྱུ་མཚན་ཆེ་བར་མཐོང་། ལྔ་ནི་སྲིད་པའི་ལྷ་ཆེན་རྣམས་ཀྱི་ཡབ་ཏུ་གྲགས་པའི་འོ་དེ་གུང་རྒྱལ་ལ་མཚོན་ནའང་། ཀློང་རྡོལ་བླ་མས“ཡབ་འོ་དེ་གུང་རྒྱལ་དང་། དེ་ཡི་སྲས་བརྒྱད”[47]ཅེས་གསུངས་པ་ནས་བཟུང་། འོ་དེ་གུང་རྒྱལ་དེ་ཉིད་སྲིད་པ་ལྷ་དགུའི་ནང་ཚན་དུ་གཏོགས་པར་སྣང་ཞིང་། གོང་གི་ཞིབ་འཇུག་པ་རྣམས་ལས་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་ཕུད། གཞན་རྣམས་ཀྱིས་གཅིག་མཐུན་དུ་ལྷ་དགུའི་རྣམ་གྲངས་སུ་ངོས་འཛིན་གནང་ཡོད། ལྷ་དགུ་པོ་ནི་སྤུ་རྒྱལ་བཙན་པོའི་དབང་ཐང་དང་འབྲེལ་བས། འོ་དེ་གུང་རྒྱལ་ནི་ལྷ་རི་དེ་རྣམས་ཙམ་མ་ཟད་ལྷ་སྒྲུང་ནང་བྱུང་བའི་ལྷ་བྲན་ཀུན་གྱི་ཡབ་ཡིན་ཞིང་། དེ་ནི«ཡི་གེ་ལྷ་གྱེས་ཅན»གྱི་ནང་དུའང་ལྷ་དགུའི་ཡབ་ཡིན་ཚུལ་བསྟན་པ་ལས་ལྷ་དགུའི་རྣམ་གྲངས་སུ་མི་འདུ་བར་སྣང་ཞིང་། ལྷ་ཆེན་དེ་ནི་སྤུ་རྒྱལ་གཉའ་ཁྲིའི་མེས་པོ་ཡབ་བླ་བདལ་དྲུག་དང་རབས་མཉམ་པ་ཡིན་ཕྱིར་སྲིད་པའི་ལྷ་རབས་མཆེད་བཞིའི་ཁོངས་གཏོགས་བཞིན་ངེས་ནས་གླེང་བརྗོད་གནང་ན་འཐད་པར་མཐོང་། དྲུག་པ་ནི་ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་སྲིད་པའི་ལྷ་དགུའི་ངོས་འཛིན་སྐོར་ལ། «ལྡེའུའི་ཆོས་འབྱུང»ནང་དྲངས་པའི«ཡི་གེ་ལྷ་གྱེས་ཅན»གྱི་ལུགས་དང་། སླེ་ལུང་བཞད་པའི་ལུགས། ཀློང་རྡོལ་བླ་མའི་ལུགས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ལུགས་བཞིན་ལུང་དྲངས་པ་ལས་དཔྱད་གླེང་བྱས་མེད་ཅིང་། དེ་རྣམས་ལས་ཀྱང་ཀློང་རྡོལ་བླ་མའི་ལུགས་དེ་གཙོ་ཆེར་བཟུང་སྲོལ་ཆགས། རྭ་ཡུམ་སྐྱབས་ཀྱིས་ཡིག་ཚང་རྣམས་སུ་གསལ་བའི་ལྷ་དགུ་པོའི་རྣམ་གྲངས་འདྲེན་ཚུལ་མི་འདྲ་བར་སྡོམ་རྩིས་རིག་པའི་ཐབས་ལམ་ལ་བརྟེན་ནས་ངོས་འཛིན་གནང་བ་དེ་ནི་ཞིབ་འཇུག་མཁས་དབང་གི་ཁྲོད་དུ་ཅུང་ཡིད་རྟོན་རུང་བའི་ལྟ་ཚུལ་ཞིག་ཏུ་མཐོང་བས། འདིར་དེ་ཉིད་སྲིད་པ་ལྷ་དགུའི་རྣམ་གྲངས་ངོས་འཛིན་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བཟུང་ཡོད། བདུན་ནི་སྔོན་གྱི་ཆོས་འབྱུང་ཡིག་ཆ་རྣམས་སུ་མང་བར་བྱུང་རུང་། དེང་དུས་ཞིབ་འཇུག་པ་རྣམས་ཀྱི་ལུང་འདྲེན་ནང་མེད་པའི་ལྷ་རི་ཞིག་མཆིས་པ་དེ་ནི་རྒྱལ་ཕྲན་རྩང་ཤུལ་མཐོན་པའི་ལྷ་རི་གཙང་ལྷ་ཕུ་དར་ཞེས་པ་དེ་ཡིན། ལྷ་རི་དེ་ནི་ཏུན་ཧོང་ཡིག་རྙིངITJ 0734ནང་ཐོན་ཞིང་། «ཡི་གེ་ལྷ་གྱེས་ཅན»དང«དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པའི་འཕྲོས་ལྔ་པ་བཞུགས»ཞེས་པའི་ནང་ལྷ་དགུའི་རྣམ་གྲངས་སུ་འདྲེན་པར་མཛད་པའི་ལྷ་རི་གལ་ཆེན་ཞིག་ཡིན། སྲིད་པ་ལྷ་དགུའི་གནས་ཡུལ་ལ་བརྟགས་ཚེ། དེ་རྣམས་ནི་དབུས་གཙང་གཙོར་བྱས་པའི་རྒྱལ་ཕྲན་རྣམས་ཀྱི་ལྷ་རིར་ངེས་པ་ཞིག་ཡིན། གོང་གི་བགྲོ་གླེང་ལས་རྒྱལ་ཕྲན་ཆེ་ཁག་གནས་སའི་ཡུལ་རེར་ལྷ་རི་རེ་བྱུང་ཡོད་ནའང་། གཙང་ངམ་གཙང་སྟོད་ཀྱི་ཆར་དེ་ལྟའི་ལྷ་རི་ཞིག་བྱུང་མེད་པས། རྩང་ཤུལ་མཐོན་པ་ཞེས་པ་ནི་གཙང་སྟོད་ཕྱོགས་ཀྱི་རྒྱལ་ཕྲན་ཞིག་ཏུ་ངེས་ཤིང་། དེ་ནིP.T.1287དུ་འཁོད་པ་ལྟར། ཐོག་མར་གནམ་རི་སློན་བཙན་སྐུ་དུས་སུ་ཁྱུང་པོ་སྤུང་སད་ཟུ་ཙེས་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་འདུས་པའི་གལ་ཆེ་བའི་རྒྱལ་ཕྲན་ཞིག་ལགས་པས། གང་དེའི་ཡུལ་ལྷ་གཙང་ལྷ་ཕུ་དར་དེ་ཉིད་ལྷ་དགུའི་རྣམ་གྲངས་སུ་འཇོག་དགོས་ངེས་སུ་མཐོང་།
       དེ་ལྟའི་བགྲོ་གླེང་བརྒྱུད་སྲིད་པ་ལྷ་དགུའི་རྣམ་གྲངས་ངོས་འཛིན་ལ་དཔྱད་སྡོམ་འདི་ལྟར་བཞག་ཆོག་པར་སེམས་ཏེ། གཅིག་ནས་ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། སྒྱོགས་ཆེན་ལྡོང་ར། དྭགས་ལྷ་སྒམ་པོ། གཙང་ལྷ་ཕུ་དར། ཀོང་ལྷ་དེ་ཡག །གནོད་སྦྱིན་གང་བཟང་། ཤེའུ་མཁའ་རི་བཅས་ནི་སྲིད་པའི་ལྷ་དགུར་འདོད་ཅིང་། དེ་ལས་ཡར་ལྷ་ཤམ་པོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་དུ་གནས་པ་དང་། གཉན་ཆེན་ཐང་ལྷ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་དུ་གནས་པ། རྨ་ཆེན་སྤོམ་ར་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཤང་དུ་གནས་པ། སྒྱོགས་ཆེན་ལྡོང་ར་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་དང་ཁྲི་འདུ་རྫོང་སྒ་སྟོད་ཤང་དུ་གནས་པ། དྭགས་ལྷ་སྒམ་པོ་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་རྒྱ་ཚྭ་གྲོང་རྡལ་དུ་གནས་པ། གཙང་ལྷ་ཕུ་དར་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་སྨན་ཕུ་ཤང་དུ་གནས་པ། ཀོང་ལྷ་དེ་ཡག་ནི་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་དུ་གནས་པ། གནོད་སྦྱིན་གང་བཟང་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་ལུང་ཤང་དང་ལྷོ་ཁ་གྲོང་ཁྱེར་ས་དཀར་རྩེ་རྫོང་ས་དཀར་རྩེ་གྲོང་རྡལ་དབར་གནས་པ། ཤེའུ་མཁའ་རི་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་དང་སྲས་ཤང་མཚམས་སུ་གནས་པའོ། །གཉིས་ནས་སྲིད་པ་ལྷ་དགུ་ནི་མཐོ་བོད་དུ་དབང་སྒྱུར་གྲལ་རིམ་མ་བྱུང་བའི་སྔ་རོལ་ནས་མཆིས་པའི་སྲིད་པ་བོན་གྱི་ལྷ་རིགས་འབའ་ཞིག་ཡིན་པ་དང་། མཐོ་སྒང་འདིར་དབང་སྒྱུར་གྲལ་རིམ་གྱི་ངོ་བོ་ལྡན་པའི་རྒྱལ་ཕྲན་དང་སིལ་མ་སོགས་བྱུང་བ་དང་སྦྲགས། ལྷ་དགུ་པོ་རྣམས་ཀྱང་རིམ་བཞིན་ལོ་རྒྱུས་ཀྱི་གར་སྟེགས་ཐོག་མངོན་འགོ་ཚུགས་ཤིང་། དེ་རྣམས་ཀྱང་མིའི་རིགས་སྤྱི་ཚོགས་ལྟར་གྲལ་རིམ་གྱི་ངོ་བོ་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་འགོ་ཚུགས། གསུམ་ནས་ལྷ་དགུ་པོའི་རྣམ་གྲངས་ཀྱི་འཕོ་འགྱུར་ནི་བོད་གནའ་བོའི་དབང་སྒྱུར་གྲལ་རིམ་གྱི་དབང་རིས་རྒྱ་བསྐྱེད་བྱ་བའི་ཆབ་སྲིད་ཀྱི་དམིགས་ཡུལ་དང་འབྲེལ་བ་ཞིག་ཡིན་ལ། དེ་ནི་གཙོ་རྒྱུག་རིག་གནས་ཏེ་གཡུང་དྲུང་བོན་དང་བན་དེའི་ཆོས་དར་སྤེལ་གཏོང་བའི་རིག་གནས་ཀྱི་དམིགས་ཡུལ་དང་འབྲེལ་བ་ཞིག་ཀྱང་ཡིན། བཞི་ནས་ལྷ་དགུ་པོ་དེ་རྣམས་ནི་བོད་གནའ་བོའི་ལོ་རྒྱུས་ཀྱི་ས་མིང་འགངས་ཆེ་བ་འབའ་ཞིག་ཡིན་ལ། དེ་རྣམས་ནི་བོད་གནའ་བོའི་ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་ནང་དབང་སྒྱུར་གྲལ་རིམ་གྱི་དབང་ཐང་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན་པ་བཅས་སོ། །

ལུངས་འདྲེན་དཔྱད་ཡིག
[1] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།»(ལྷོ་བྲག་གནས་གཞིའི་པར་མ།) ཤོག་ངོས་ཇ་བརྒྱ་དགུ། མདུན། ཐིག་ཕྲེང་6
[2] Samten G. Karmay, “The Cult of Mountain Deities and its Political Significance,” in Samten G. Karmay, The Arrow and the Spindle: Studies in History, Myths, Rituals and Beliefs in Tibet, Kathmandu: Mandala Book Point, 1998, pp. 432-450.
[3] 英加布:《域拉奚达与隆雪措哇:藏传山神信仰与地域社会研究》,兰州大学博士学位论文,2013年,第133-138页。
[4] 古格·其美多吉:《西藏地名源流与文化研究》,拉萨:西藏人民出版社,2022年,第5-10页。
[5] 
སྒུ་རུ་བཀྲ་ཤིས་དོན་གྲུབ། «གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད།» ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024ལོ། ཤོག་ངོས་57-101
[6] 才贝:《阿尼玛卿山神研究》,北京:民族出版社,2012年。
[7]
རིག་འཛིན་རྡོ་རྗེ། «རྨ་རྒྱལ་སྤོམ་ར་ལས་འཕྲོས་ཏེ་བོད་ཀྱི་རི་ལྷ་གསོལ་ཚུལ་ལ་དཔྱད་པ།» ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ། 2012ལོ།
[8] 曾丽容:《西藏中部农区神山祭祀研究-以雅拉香波神山为例》,西藏民族学院硕士学位论文,2013年。
[9]
དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན།»(ལྷོ་བྲག་གནས་གཞིའི་པར་མ།) ཤོག་ངོས་ཇ་བརྒྱ་དགུ། མདུན། ཐིག་ཕྲེང་6
[10][13] [དབྱིན་ཇི།] F.W.ཐཱོ་མ་སྀས་བརྩམས། གཡུ་རྔོག་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་ཅིང་མཆན་བཏབ། «ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག །» ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024ལོ། ཤོག་ངོས་179;179-184
[11] མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། «མདའ་དང་འཕང་།»(བར་ཆ།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020ལོ། ཤོག་ངོས་322
[12] 林冠群:《唐代吐蕃文化核心之探讨(下)-以吐蕃王室起源神话为中心》,《中国藏学》2025年第1期,第59页。
[14] 
ཅིན་ཡཱ་ཧྲིན་དང་གོ་ཨེན་གྱིས་གཙོ་སྒྲིག་བྱས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་བཅས་ཀྱིས་བསྒྲིགས། «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།»(དེབ་བཅུ་པ།) ཧྲང་ཧེ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་187
[15] མཁས་པ་ལྡེའུ། «ལྡེའུ་ཆོས་འབྱུང་།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་218
[16] ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་260-265
[17] ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་31-35
[18] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར།» (དེབ་ལྔ་པ།) པེ་ཅིན།
[19] སླེ་ལུང་བཞད་པའི་རྡོ་རྗེ། «དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་276
[20] ཀློང་རྡོལ་ངག་དབང་བློ་བཟང་། «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།»(སྨད་ཆ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་433
[21] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ།» པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་2098
[22] རེའུ་མིག་འདི་ནི་རྭ་ཡུམ་སྐྱབས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ«ཆེན་པོ་བོད་ཀྱི་ཡུལ་ལྷ་གཞི་བདག་དང་ལུང་ཤོག་ཚོ་བའི་རྣམ་གཞག་གསལ་བར་བྱེད་པའི་བསྟན་བཅོས་ཆོས་སྲིད་ལྷུན་པོའི་མཛེས་རྒྱན»ཞེས་པ་རྨང་གཞིར་བྱས་ཏེ། འཕྲི་སྣོན་ཅུང་ཟད་བྱས་ཡོད་ཅིང་། འདིར་འཁོད་མཁས་པ་སོ་སོས་མཚོན་པའི་ཡིག་ཚང་གི་ཁུངས་འདི་ལྟ་སྟེ། 1.མཁས་པ་ལྡེའུ། «ལྡེའུ་ཆོས་འབྱུང་།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་218;2.ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་260-265;3.ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་31-35;4.རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར།»(དེབ་ལྔ་པ།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་295;5.སླེ་ལུང་བཞད་པའི་རྡོ་རྗེ། «དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་276;6.ཀློང་རྡོལ་ངག་དབང་བློ་བཟང་། «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།» (སྨད་ཆ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་433;7.དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། «དུང་དཀར་ཚིག་མཛོད་ཆེན་མོ།» པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་2098
[23] [奥地利]勒内·德·内贝斯基·沃杰科维茨著,谢继胜译:《西藏的神灵和鬼怪》,拉萨:西藏人民出版社,1993年,第240页。
[24] Samten G. Karmay, “The Cult of Mountain Deities and its Political Significance,” in Samten G. Karmay, The Arrow and the Spindle: Studies in History, Myths, Rituals and Beliefs in Tibet, Kathmandu: Mandala Book Point, 1998, p. 448.
[25]
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། «བོད་རིགས་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་ཅུང་ཟད་གླེང་བ།» «ཀྲུང་གོའི་བོད་ཀྱི་ཤེས་རིག །» 1988ལོའི་དེབ་བཞི་པ། ཤོག་ངོས་100
[26] 洛桑灵智多杰主编:《青藏高原山水文化导论》,北京:中国藏学出版社,2018年,第97页。
[27] 才贝:《青藏高原山水文化:阿尼玛卿志》,北京:中国藏学出版社,2018年,第61页。
[28]
པ་སངས་སྒྲོལ་དཀར། «སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་མདོ་ཙམ་གླེང་བ།» «ཀྲུང་གོའི་བོད་རིག་པ།» 2018ལོའི་དེབ་གཉིས་པ། ཤོག་ངོས་114
[29] 古格·其美多吉:《西藏地名源流与文化研究》,拉萨:西藏人民出版社,2022年,第5-10页。
[30]
སྒུ་རུ་བཀྲ་ཤིས་དོན་གྲུབ། «གངས་ཅན་རི་ཀླུང་རབས་བཤད་སྲིད་པ་གཡང་གི་བང་མཛོད།» ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024ལོ། ཤོག་ངོས་57-101
[31] «ཁུ་བྱུག་སྔོན་མོའི་སྒྲ་དབྱངས།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་18
[32] མཁས་པ་ལྡེའུ། «ལྡེའུ་ཆོས་འབྱུང་།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་224
[33] ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་260-265
[34] 英加布:《域拉奚达与隆雪措哇:藏传山神信仰与地域社会研究》,兰州大学博士学位论文,2013年,第137-138页。
[35]
ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་29
[36] ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་30
[37] 英加布:《域拉奚达与隆雪措哇:藏传山神信仰与地域社会研究》,兰州大学博士学位论文,2013年,第137页。
[38][39]
སླེ་ལུང་བཞད་པའི་རྡོ་རྗེ། «དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་276;276-277
[40] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། «རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར།»(དེབ་ལྔ་པ།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་295
[41] ཀློང་རྡོལ་ངག་དབང་བློ་བཟང་། «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།»(སྨད་ཆ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་433
[42] ཏུན་ཧོང་རྒྱལ་སྤྱིའི་རྣམ་གྲངས་དྲ་བ། (IDP)
[43] ཞོགས་ལྷའི་མཚན་གྱི་འབྲི་སྲོལ་དེ་ཡོངས་ཁྱབ་ཏུ“ཞོགས་ལྷ”ཞེས་བྱུང་ཡང་། «ཞོགས་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ»གཞིར་བྱས་པའི“ཞོག་ལྷ”དང«ལྷ་ཆེན་ཞོག་ལྷ་ཕྱུག་པོའི་སྒེར་བསྐངས།» «ཞོག་ལྷ་ཕྱུག་པོའི་གསོལ་མཆོད་རྒྱས་པ།» «ཞོག་ལྷ་ཕྱུག་པོའི་གཏོར་རྫོང་ཁྱེར་བདེ»སོགས་སུ་“ཞོག་ལྷ་”ཞེས་པའི་ཐ་སྙད་འདི་རང་སོར་བེད་སྤྱད་ཡོད།
[44] ཞོགས་དོན་ཡོད་མཁས་གྲུབ། «ཞོགས་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་བཞུགས་སོ། །»(སྨད་ཆ།) ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ཤོག་ངོས་433-434
[45] པ་ཚབ་པ་སངས་དབང་འདུས། «ལོ་རྒྱུས་ས་མིང་བརྡ་འགྲེལ།»ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2023ལོ། ཤོག་ངོས688
[46] ཆོས་ཀྱི་བློ་གྲོས། «སྐུ་ལྷ་མཁའ་རིའི་གསོལ་མཆོད་བཞུགས།»ལྕགས་པར་མ། ཤོག་ངོས1a
[47] ཀློང་རྡོལ་ངག་དབང་བློ་བཟང་། «ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།»(སྨད་ཆ།) ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་433

རྩོམ་ཁུངས། ༢༠༢༦ལོའི«ཀྲུང་གོའི་བོད་རིག་པ།»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།