མཚོ་ལྷོ་ཁུལ་གྱིས2017ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་བླ་སྤྲུལ་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
གསོ་སྦྱོང་འཛིན་གྲྭའི་ཡུལ་དངོས།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས10ནས་ཚེས14ཉིན་བར། མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་པའི་བླ་སྤྲུལ་གྱི་ཕྱོགས་ཡོངས་སྤུས་ཚད་མཐོར་འདེགས་བྱ་ཆེད། མཚོ་ལྷོ་ཁུལ་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡིས་རྩ་འཛུགས་དང་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་འགན་སྒྲུབ་བྱས་ཏེ། 2017ལོའི་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་བླ་སྤྲུལ་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཁུལ་ཡོངས་ཀྱི་རྫོང་ལྔ་ནས་ཡོང་བའི་དགོན་པའི་བླ་སྤྲུལ60གསོ་སྦྱོང་ལ་ཞུགས།
གསོ་སྦྱོང་འཛིན་གྲྭའི་ཟུར་ཞིག
གསོ་སྦྱོང་སྐབས་སུ་གཙོ་བོར་བོད་བརྒྱུད་ནང་བསྟན་དགོན་པའི་བླ་སྤྲུལ་གྱི་ལས་འགན་འགན་འཁྲིའི་རེ་བ་ཅི་ལྟར་ནན་མོ་བསྒྲུབ་དགོས་པ་དང་། ཆོས་ཁྲིམས་དང་འབྲེལ་ནས་གྲྭ་བཙུན་དོ་དམ་སྐོར་གླེང་བ། གནས་བབ་གསར་བའི་འོག་ཏུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་སྦྱོར་ཅི་ལྟར་བྱེད་པ། དགོན་སྡེའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་བྱ་བ་ཅི་ལྟར་སྤེལ་དགོས་པ། རྩ་ཁྲིམས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྐོར། པཎ་ཆེན་སྐུ་ཕྲེང་བཅུ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་སོགས་སྐོར་ནས་འཆད་ཁྲིད་བྱས་པ་མ་ཟད། སློབ་ཁྲིད་ནང་དོན་སྐོར་ནས་བགྲོ་གླེང་བྱས་པ་དང་། དེ་མིན་གསེར་ཆེན་རྫོང་འཁྱམས་རུ་དགོན་པའི་དགོན་སྡེའི་དོ་དམ་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྒྲུབ་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་རེད།
སློབ་ཁྲིད་ལ་ཉན་བཞིན་པ།
ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ། གསོ་སྦྱོང་ལ་ཞུགས་པའི་བླ་སྤྲུལ་རྣམས་ཀྱིས་ཆོས་ཀྱི་སྙིང་བོ་དང་རིག་གནས་ཤེས་བྱའི་སློབ་སྦྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་བྱེད་པ། དགོན་སྡེའི་བཅའ་ཡིག་སྒྲིག་བཟོ་དང་ལག་བསྟར་བྱེད་པར་རྨང་གཞི་ལེགས་པོ་བཏིངས་པ་རེད།