logo

བོད་སིལ་བུའི་དུས་ཀྱི་སྒྱུར་གྲྭའི་འབྱུང་རྐྱེན་མདོར་ཙམ་གླེང་བ།

རྩོམ་པ་པོ།:སྒྲོལ་དཀར་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-04-27 ཀློག་གྲངས།:
གླེང་གཞི།
       བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ལ་ཕྱོགས་ཆེ་ས་ནས་དབྱེ་ན་ཞང་བོད་ལོ་ཙཱའི་དུས་སྐབས་དང་སམ་བོད་ལོ་ཙཱའི་དུས་སྐབས། རྒྱ་བོད་ལོ་ཙཱའི་དུས་སྐབས་བཅས་དུས་རིམ་གསུམ་ལ་དབྱེ་རྒྱུ་ཡོད་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་སམ་བོད་ལོ་ཙཱའི་ལག་ལེན་དངོས་སུ་བྱུང་ཞིང་། སྒྱུར་གྲྭའི་ཐོག་མའི་རྣམ་པའང་བཙན་པོ་ཁོང་གི་སྐུ་དུས་ནས་བྱུང་སྟེ་རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་བྱུང་། སྒྱུར་གྲྭ་ནི་ཆོས་གཞུང་ལོ་ཙཱ་བྱེད་སའི་གནས་ཡུལ་ཁོ་ན་ལ་གོ་བ་མིན་པར། ཆོས་གཞུང་ལོ་ཙཱའི་སྒྲིག་འཛུགས་ལའང་གོ་བ་ཡིན།བོད་སིལ་བུའི་དུས་སུའང་བོད་བཙན་པོའི་དུས་སྐབས་བཞིན་སྒྱུར་གྲྭ་བྱུང་ཡོད་པ་མངའ་རིས་རྩ་མདའ་རྫོང་ཁོངས་ཀྱི་དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་མཐོ་ལྡིང་གཙུག་ལག་ཁང་ལྟ་བུ་ཡོད། བོད་བཙན་པོའི་དུས་སྐབས་ཀྱི་ལོ་ཙཱ་གླེང་སྐབས་ཆོས་གཞུང་ལོ་ཙཱ་ནི་གཡོལ་ཐབས་མེད་པའི་བརྗོད་གཞི་ཞིག་ཡིན་པ་དང་། ཆོས་གཞུང་ལོ་ཙཱ་བྱེད་པར་སྒྱུར་གྲྭ་ནི་མེད་དུ་མི་རུང་། ལོ་ཙཱའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་ལོ་པཎ་རིམ་བྱོན་མང་ཤོས་ཀྱི་བོད་སིལ་བུའི་དུས་སྐབས་ལ་མཚོན་ན་སྒྱུར་གྲྭ་ནི་ལྷག་པར་མེད་དུ་མི་རུང་། དཔྱད་རྩོམ་འདིར་སྐབས་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་རིག་གནས་ཀྱི་རྒྱབ་ལྗོངས། བོད་མིའི་འདུ་ཤེས་འཛིན་སྟངས་བཅས་ཕྱོགས་འགའ་ནས་འཕྲོས་ཏེ་བོད་སིལ་བུའི་དུས་ཀྱི་སྒྱུར་གྲྭའི་འབྱུང་རྐྱེན་མདོར་ཙམ་གླེང་ཡོད།
དང་པོ། དཔལ་འབྱོར་གྱི་རྨང་གཞི་ལེགས་པ།
       བོད་སིལ་བུའི་དུས་སུ་སྲོང་བཙན་སྒམ་པོ་ནས་བརྒྱུད་པའི་གཅིག་གྱུར་གྱི་སྲིད་དབང་ཐོར་ཞིག་ཏུ་སོང་སྟེ་ས་གནས་རང་བཞིན་གྱི་སྲིད་དབང་བཅད་བཟུང་གི་རྣམ་པ་ཆགས་ཤིང་། ས་གནས་ཀྱི་རྗེ་དཔོན་སོ་སོས་དབང་སྒྱུར་ས་ཁོངས་དང་སྲིད་དབང་རྒྱ་ཆེར་གཏོང་ཆེད་རང་ཉིད་ཀྱི་སྔར་ཡོད་ཆབ་སྲིད་དང་དཔལ་འབྱོར་གྱི་སྟོབས་ཤུགས་བཟུང་ནས་མུ་མཐུད་དུ་འཕྲོག་རྩོད་བྱས། དུས་སྐབས་དེ་ནི་བོད་ཀྱི་སྤྱི་ཚོགས་སུ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་གྲུབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་དུས་ཤིག་ཡིན་ལ། བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པ་ནས་ཞིང་བྲན་ལམ་ལུགས་ཀྱི་དཔལ་འབྱོར་རྣམ་པར་བར་བརྒལ་བྱེད་པའི་དུས་སྐབས་ཤིག་ཀྱང་ཡིན།
       ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་སྔར་བཞིན་ལག་ཏུ་ཡོད་པའི་བྲན་གཡོག་བདག་པོ་དང་། མི་དྲག་དཔོན་རིགས། ཆོས་ལུགས་གྲུབ་མཐའ་ཁག་གི་མཐོ་རིམ་མི་སྣ། མི་སེར་དཀྱུས་མ་ཉུང་ཤོས་ཤིག་གསར་དུ་བྱུང་བའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གྲལ་རིམ་གྱི་གྲས་སུ་ཚུད་ལ། དུས་རབས་བཅུ་པའི་དུས་སྨད་དུ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཆེར་རྒྱས་པའི་ཞིང་བདག་བཅུ་ལྷག་བྱུང་བ་དེས་སྐབས་དེའི་དཔལ་འབྱོར་འཕེལ་རྒྱས་བྱུང་ཡོད་པ་མཚོན། དེ་བཞིན“བོད་སིལ་བུའི་དུས་དཀྱིལ་དུ་སླེབས་སྐབས་བོད་ས་གནས་སུ་བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་ལམ་ལུགས་རྩ་བའི་ཆ་ནས་ཆགས་ཟིན་པར་མ་ཟད། ཞིང་འབྲོག་ཐོན་སྐྱེད་ལ་གོང་འཕེལ་ཆེ་ཙམ་བྱུང་བ་དང་ཆབས་ཅིག ས་གནས་ཀྱི་ལག་ཤེས་བཟོ་ལས་དང་། ཚོང་ལས་ཀྱང་འཕེལ་རྒྱས་བྱུང་སྟེ། སྟོད་མངའ་རིས། དིང་རི། གཉའ་ནང་། གཙང་གི་ལྷ་རྩེ་ཚོང་འདུས་མགུར་མོ་བཅས་སུ་ཚོང་ར་ཆགས་མགོ་ཚུགས་ཤིང་། སྟོད་མངའ་རིས་གུ་གེ་དང་། བྱང་གི་ལོ་རྡེང་ཟེར་བའི་ས་ཆ་གཉིས་ནས་གསེར་གྱི་གཏེར་ཁ་ཐོན་པ། ལྷོ་ཁ་དང་ངམ་རིང་གཉིས་སུ་དཀར་ཡོལ་བཟོ་བའི་ལག་རྩལ་དར་བ”ཞེས་པ་དག་ལས་བོད་སིལ་བུའི་དུས་སྐབས་སུ་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཞིང་ལས་དང་འབྲོག་ལས། ས་གནས་ཀྱི་ལག་ཤེས་བཟོ་ལས། ཚོང་ལས། གཏེར་ཁ། དགོན་སྡེ་དཔལ་འབྱོར་སོགས་བཙན་པོའི་དུས་སྐབས་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ་ལ། དཔལ་འབྱོར་རྨང་གཞི་ལས་སྟེང་གི་བཀོད་པ་གྲུབ་ཅེས་པ་ལྟར། དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྒྱུར་གྲྭ་གསར་འཛུགས་དང་ལོ་ཙཱ་བ་གསོ་སྐྱོང་། པཎྜི་ཏ་བོད་དུ་སྤྱན་འདྲེན་པ། ཆོས་གཞུང་གི་མ་དཔེ་བོད་དུ་གདན་འདྲེན་བྱས་ཏེ་ལོ་ཙཱའི་མཛད་འཕྲིན་སྐྱོང་བར་དཔལ་འབྱོར་གྱི་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
གཉིས་པ། རིག་གནས་ཀྱི་མཁའ་དབུགས་ཡངས་པ།
       བོད་སིལ་བུའི་དུས་སུ་གཅིག་གྱུར་གྱི་སྲིད་དབང་མེད་པའི་རྐྱེན་གྱིས་རིག་གནས་སྒེར་གཅོད་ཀྱི་རྒྱ་ལས་གྲོལ་བ་དང་། ཡུལ་སོ་སོའི་མི་རྣམས་ཀྱིས་རང་རང་གི་འདོད་ཞེན་དང་དཔལ་འབྱོར་གྱི་རྨང་གཞི་ལ་བལྟས་ནས་རིག་གནས་སྦྱོང་བ་བྱེད་ཆོག་པས། འགའ་ཞིག་གིས་བོད་རང་སའི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་སློབ་དཔོན་དུ་བསྟེན་པ་དང་། འགའ་ཞིག་གིས་མི་སྒེར་རམ་གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁ་ཆེ་དང་བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོར་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་སྐད་ལ་ལེགས་པར་སྦྱངས་པས། རིག་པའི་གནས་ལ་མཁས་པའི་སྐྱེས་ཆེན་དམ་པ་མང་པོ་བྱུང་བ་དང་། བོད་ཀྱི་རིག་གནས་ཐད་ལ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཞིག་ཀྱང་ཤར། རྣམ་པ་དེ་ཕྱོགས་གང་དག་ནས་མངོན་ཡོད་ཅེ་ན། ལོ་པཎ་མཁས་གྲུབ་ཀྱིས་བསྒྱུར་བ་དང་བརྩམས་པའི་གཞུང་ནི་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་གཅིག སངས་རྒྱས་ཆོས་ལུགས་བསྐྱར་དུ་དར་བ་དང་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་བྱུང་བ་དང་གཉིས། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་ལྡན་པའི་འཛུགས་སྐྲུན་དང་ལྡེབས་རིས། རྐོས་མ་སོགས་བྱུང་བ་དང་གསུམ་མོ། །
       སྒྱུར་གྲྭ་ཞིག་གསར་དུ་འཛུགས་པར་ལོ་པཎ་དང་བསྒྱུར་བྱའི་མ་དཔེ། ལོ་ཙཱ་བྱེད་སའི་གནས་ཡུལ་སོགས་མཁོ་བས། ཐོག་མར་རང་རིགས་ཀྱི་ལོ་ཙཱ་བ་གསོ་སྐྱོང་བྱེད་དགོས་ཤིང་། དེའི་ཐད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་དང་ལོ་ཆུང་སོགས་བོད་ཕྲུག་བློ་རྣོ་བ་ཉེར་གཅིག་ཁ་ཆེའི་ཡུལ་དུ་མངགས་པ་དང་། མར་པ་ལོ་ཙཱ་བ་སོགས་རང་གིས་ཕྱག་རྟེན་དང་ཞུ་རྟེན་བསྣམས་ནས་ཕྱི་ཡུལ་དུ་སློབ་གཉེར་ལ་ཕེབས་པ་མང་དུ་ཐོན། དེ་ལས་གཞན་རྒྱ་གར་དུ་དར་ཆེ་བའི་གསང་སྔགས་ཀྱི་བསྟན་པ་དང་ཕུལ་བྱུང་རིག་གནས་བོད་དུ་ནང་འདྲེན་བྱ་དགོས་ན། མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པ་ཡོད་པའི་པཎྜི་ཏ་སྤྱན་འདྲེན་དགོས་པས། ལྷ་བཙུན་བྱང་ཆུབ་འོད།མངའ་བདག་འོད་ལྡེ་དང་དེའི་སྲས་མངའ་བདག་རྩེ་ལྡེ། པ་ཚབ། འབྲོག་མི། ཁྲོ་ཕུ་ལོ་ཙཱ་བ་སོགས་ས་གནས་ཀྱི་དབང་སྒྱུར་མཁན་དང་ལོ་ཙཱ་བ་མི་སྒེར་གྱིས་ཡོན་བདག་མཛད་ནས་གདན་དྲངས་པའི་པཎྜི་ཏ་མང་དུ་ཡོད་པ་དང་། དེ་ལས་གཞན་ཇོ་བོ་རྗེ་བོད་དུ་ཕེབས་པའི་རྗེས་སུ་རྒྱ་གར་དུ་གར་ལོག་གིས་བཙན་འཛུལ་བྱས་ཏེ་ཆོས་ལུགས་སློབ་གཉེར་བྱེད་སའི་གཙུག་ལག་ཁང་མེར་བསྲེགས། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བ་དང་མཁས་པ། པཎྜི་ཏ་མང་པོའི་ལུས་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་པས། བལ་ཡུལ་བརྒྱུད་བོད་དུ་བྲོས་བྱོལ་ལ་ཕེབས་པ་ཡང་མང་པོ་ཞིག་ཡོད་དོ། ། དེ་ཡང་རྒྱ་གར་དང་བལ་བོ། ཁ་ཆེ་རུ་སློབ་གཉེར་ལ་ཕེབས་པའི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་དཔེ་བོད་ཡུལ་དུ་བསྐུར་བ་དང་། སྐུ་དངོས་སུ་ཕྱིར་ལོག་སྐབས་མཁན་པོ་སྤྱན་དྲངས་ཤིང་རྒྱ་དཔེའམ་རྒྱ་གཞུང་བསྣམས་ཡོད་པ། བོད་ཡུལ་དུ་ཕེབས་པའི་མཁན་པོ་པཎྜི་ཏས་ཆོས་ཀྱི་དགོངས་དོན་ཁྱབ་བསྒྲགས་བྱེད་ཆེད་རྒྱ་དཔེ་ཁྱེར་ཡོད་སྟབས། ལོ་པཎ་གྱིས་ཁོང་ཚོས་བསྣམས་ཡོད་པའི་རྒྱ་དཔེ་དེ་དག་ལ་དཔེ་བྱས་ནས་སྔ་བསྒྱུར་ལ་སློབ་སྦྱོང་དང་ཕྱིས་བསྒྱུར་མ་ཉམས་པ་བགྱི་བར་སྒྱུར་གྲྭ་མཁོ་བ་ཡིན།
གསུམ་པ། བོད་མིའི་འདུ་ཤེས་འཛིན་སྟངས་དང་མཐུན་པ།
       དཔལ་འབྱོར་རྨང་གཞི་དེ་འདྲ་ཞིག་ཆགས་ཐུབ་ཚེ་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་དེར་བསྟུན་གྱིས་འགྱུར་ལྡོག་འབྱུང་བ་ཡིན་ལ། བོད་སིལ་བུའི་དུས་སུ་སྒྱུར་གྲྭ་བསྐྱར་དུ་དར་བར་ཕྱི་དངོས་པོའི་ཆ་རྐྱེན་འཛོམས་དགོས་པ་ལས་གཞན། ད་དུང་བོད་མིའི་འདུ་ཤེས་འཛིན་སྟངས་དང་ཡང་མཐུན་དགོས་པ་ཡིན། བོད་ཡུལ་ལ་བསྐྱར་དུ་དར་བའི་ནང་བསྟན་ཤེས་རིག་འདི་ཉིད་བོད་མིའི་བསམ་བློའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པར་གྱུར་ཡོད་ཅིང་། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པས། ནང་བསྟན་ཤེས་རིག་བོད་ཀྱི་སྐད་དང་ཡི་གེ་ལ་བསྒྱུར་བར་ཞིང་ས་གཤིན་པོ་ཞིག་བསྐྲུན་ཡོད་ལ། བོད་སིལ་བུའི་དུས་ཀྱི་ཡིག་སྒྱུར་གྱི་བྱ་གཞག་དར་རྒྱས་ཡོང་བར་རྨང་གཞི་བཟང་པོ་བཏིངས།
       ཆོས་གཞུང་བོད་དུ་བསྒྱུར་བ་ལ་སྒྱུར་གྲྭ་ནི་མེད་དུ་མི་རུང་བས། སྔར་གྱི་རྨང་གཞིའི་ཐོག་སྒྱུར་གྲྭ་གསར་འཛུགས་བྱ་དགོས་པའང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་མཐོང་། རྐྱེན་དེ་འདྲ་ཞིག་གི་དབང་གིས་བོད་སིལ་བུའི་དུས་སུ་ཐོ་ལིང་སྒྱུར་གྲྭ་ཚུགས་ཤིང་། སྒྱུར་གྲྭ་དེའི་ཁྲོད་དུ་ལྷ་བླ་མ་ཞི་བ་འོད་དང་། ལོ་ཆེན་རིན་ཆེན་བཟང་པོ། དགེ་སློང་གཞོན་ནུ། རྨ་དགེ་བའི་བློ་གྲོས། མཁན་པོ་ཤྲཱི་ཛྙཱ་ན། པཎྜི་ཏ་ཆེན་པོ་མནྟྲ་ཀ་ལ་ཤ་སོགས་ལས་གཞན་རྒྱལ་རྒྱུད་ཀྱི་རྗེས་རབས་པ་ནི་ལོ་ཙཱའི་བྱ་བ་བཀོད་སྒྲིག་བྱེད་མཁན་དང་སྐུལ་མ་བྱེད་མཁན། ལོ་པཎ་གྱི་ཡོན་བདག་བཅས་ཡིན་པ་དང་། མཁན་པོ་པཎྜི་ཏ་ནི་རྒྱ་གཞུང་གི་སྒྲ་དོན་ཇི་བཞིན་འཆད་མཁན་ཡིན་པ་དང་། ལོ་ཙཱ་བ་དང་ཞུས་ཆེན་གྱི་ལོ་ཙཱ་བ་ནི་སམ་བོད་སྐད་ཡིག་གཉིས་ལ་བྱང་ཆ་ཡོད་པའི་ལོ་ཙཱའི་ལག་ལེན་བྱེད་མཁན་དང་ཞུ་དག་བྱེད་མཁན་ཡིན།པཎྜི་ཏས་ཆོས་ཀྱི་སྒྲ་དོན་ཇི་བཞིན་གསུངས་ཤིང་ལོ་ཙཱ་བས་མ་འགལ་མ་ཆད་པར་དེ་བཞིན་དུ་བསྒྱུར་བ། ཞུས་ཆེན་ལོ་ཙཱ་བས་ཞུས་དག་གཏན་འབེབས་མཛད་པའི་སྒྲིག་འཛུགས་དེ་ལྟ་བུ་ལ་སྒྱུར་གྲྭ་ཟེར།
མཇུག་བསྡུ་བ།
       མདོར་ན། རིག་གནས་ཀྱི་འཕོ་འགྱུར་དང་འཕེལ་འགྲིབ་ཀྱི་འབྱུང་རྩ་ནི་སྐབས་བབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་སྟོབས། རིག་གནས་བརྗེ་རེས་སོགས་ཕྱོགས་གང་ཅིར་འབྲེལ་ཡོད་པས། གོང་དུ་བོད་སིལ་བུའི་དུས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་རིག་གནས་ཀྱི་ཁོར་ཡུག བོད་མིའི་འདུ་ཤེས་འཛིན་སྟངས་བཅས་ཕྱོགས་གསུམ་ནས་སྐབས་དེའི་གཅིག་གྱུར་གྱི་སྲིད་དབང་ཐོར་ཞིག་ཏུ་སོང་ཡང་སྒྱུར་གྲྭའི་རྣམ་པ་ནི་སྔར་བཞིན་གནས་ཡོད་པར་མ་ཟད། སྐབས་དེའི་སྒྱུར་གྲྭས་བོད་ཀྱི་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་ཐད་ནུས་པ་མི་དམན་པ་ཐོན་ཡོད་དེ། སྐབས་དེ་ནི་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཐོག་ལོ་པཎ་བྱོན་པ་མང་ཤོས་དང་། ལོ་ཙཱའི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པའི་དུས་སྐབས་ཤིག་ཡིན་པ་ལས་ཤེས་ཐུབ། དེས་ད་ལྟའི་རྒྱ་བོད་ལོ་ཙཱ་གཙོ་བྱས་པའི་མི་རིགས་ཕན་ཚུན་བར་གྱི་སྐད་ཡིག་ལོ་ཙཱའི་ལག་ལེན་དང་དེར་བསྟུན་གྱི་ལོ་ཙཱའི་གཞུང་ལུགས་གྲུབ་པར་བློ་སྐྱེད་ག་འདྲ་ཞིག་ཡོད་པ་ལ་བསམ་གཞིག་གི་སྒོ་མོ་གཏད་ཡོད་དོ། །

ཟུར་ལྟའི་ཡིག་ཆ།
[1] དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ4པ།
[2] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། [M] ལྷ་ས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོའི་ཟླ8པར།
[3] ལོ་པཎ་གྱི་རྣམ་ཐར་ཕྱོགས་བསྒྲིགས། དེབ་བཞི་པ། ཁྲོ་ཕུ་ལོ་ཙཱ་བ་ཡབ་སྲས་ཀྱི་རྣམ་ཐར། [M] ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། 2018ལོའི་ཟླ7པ།
[4] འགོས་ལོ་གཞོན་ནུ་དཔལ།དེབ་ཐེར་སྔོན་པོ། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།
[5] མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། སྟོད་ཆ། [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2020ལོའི་ཟླ9པ།

(རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་ནི་རྒྱ་བོད་ལོ་ཙཱ་ཡིན།)
འབྲེལ་ཡོད་འོས་སྦྱོར།