logo

ལྕང་སྐྱ་རོལ་པའི་རྡོ་རྗེའི་ཡིག་སྒྱུར་ཐད་ཀྱི་ཤུགས་རྐྱེན་རགས་ཙམ་གླེང་བ།

རྩོམ་པ་པོ།:སྙིང་དཀར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-05-24 ཀློག་གྲངས།:
གླེང་གཞི།
       ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གི་ཡིག་སྒྱུར་མཛད་རྗེས་དེ་ཡིག་སྒྱུར་གཞུང་ལུགས་དང་ཡིག་སྒྱུར་ལག་ལེན་གྱི་མཛད་རྗེས་གཉིས་སུ་བསྡུ་ཆོག་སྟེ། དེ་དག་ཚང་མ་ལོ་རྒྱུས་ཀྱི་ཆ་རྐྱེན་དང་ཆབ་སྲིད་ཀྱི་ཁོར་ཡུག་ངེས་ཅན་དང་འབྲེལ་བ་ནི་སྨོས་མ་དགོས་ལ། ཁོང་གིས་དབུ་འཛིན་གནང་བའི་ཡིག་སྒྱུར་ལས་དོན་ཐད་ཀྱི་གྲུབ་འབྲས་ཀྱིས་རྒྱལ་བསྟན་ཡུལ་གྲུ་གཞན་དུ་རྒྱ་ཆེར་དར་བར་བྱས་ནས་མི་རིགས་ཁག་གི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་ཞིང་། ཕྱི་རབས་ཀྱི་ཡིག་སྒྱུར་ལས་དོན་དང་ཚིག་མཛོད་རྩོམ་སྒྲིག་སོགས་ཀྱི་ཐད་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། དཔྱད་རྩོམ་འདིར་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གི་ཡིག་སྒྱུར་ཐད་ཀྱི་མཛད་རྗེས་ཀྱིས་མི་རིགས་གཞན་ཏེ་རྒྱ་དང་སོག་པོ། མན་ཇུ་བཅས་ཀྱི་རིག་གནས་དང་། གཞན་བོད་རང་གི་རིག་གནས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་རགས་ཙམ་གླེང་ཡོད།
དང་པོ། མི་རིགས་གཞན་གྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།
       གཅིག རྒྱའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།
       ལྕང་སྐྱ་རོལ་པའི་རྡོ་རྗེས་རྒྱའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ནི་དགོན་སྡེ་འཛུགས་སྐྲུན་དང་དམ་ཆོས་དར་སྤེལ་གྱི་ཆ་ནས་གླེང་བར་བྱ་སྟེ། ཁོང་གིས་གོང་མ་ཆེན་པོའི་ཐུགས་ཁུར་འོག་དགའ་ལྡན་བྱིན་ཆགས་གླིང་དང་། མཐོ་ལྡིང་གསེར་གྱི་ལྷ་ཁང་ལ་དཔེ་བྱས་ནས་ལྷ་ཁང་གསེར་གྱི་རྒྱ་ཕིབས་ཅན་ཡུའུ་ཧྭ་ཀུ་དང་། བསམ་ཡས་གཙུག་ལག་ཁང་ལ་དཔེ་བལྟས་ནས་ཕུའུ་ཉིང་སི་སོགས་དགོན་སྡེ་མང་པོ་བཙུགས་ཤིང་། དེ་དག་སོ་སོར་གྲྭ་རྒྱུན་བསྡུས་ཏེ་མདོ་སྔགས་ཀྱི་གྲྭ་ཚང་གཉིས་སུ་བྱས་ནས་མཁན་པོ་དང་བླ་མ་བསྐོ་བཞག་མཛད། དེར་མ་ཟད་མདོ་སྔགས་ཀྱི་སློབ་གཉེར་དང་། གསང་བདེ་འཇིགས་གསུམ་སོགས་དང་ཆོས་སྐྱོང་གི་བསྐང་གསོ་སོགས་དབུས་གཙང་གི་ལྗོངས་སུ་གང་ཡོད་ཅི་ཡོད་མ་ཚང་བ་མེད་པ་ལྟ་བུ་བཙུགས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་སྤེལ་ཞིང་། དགོན་སྡེ་དེ་དག་ཀྱང་བོད་ཀྱི་དགོན་སྡེ་དག་ལ་དཔེ་བྱས་ཤིང་རྒྱ་བོད་ཀྱི་བཟོ་བཀོད་ཟུང་འབྲེལ་གྱིས་འཛུགས་སྐྲུན་བྱས་ཡོད་པས། རྒྱ་བོད་ཀྱི་བཟོ་བཀོད་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལྷག་པར་རྒྱའི་ཧྭ་ཤང་གི་སྡེ་རྣམས་སུ་གསང་སྔགས་ཀྱི་གདམས་པའི་སྐོར་མིང་ཙམ་ཡང་མི་ཤེས་པ་ལ་དབང་དང་གདམས་ངག་གནང་ནས་ཉམས་ལེན་བྱེད་དུ་བཅུག་སྟེ་གསང་སྔགས་ཀྱི་བསྟན་པ་དར་མགོ་ཚུགས་ཤིང་། སྔགས་ཀྱི་ཀློག་ཐབས་བཀས་བཅད་མཛད་དེ་སྔགས་ཀྱི་ཀློག་ཐབས་ལ་དག་ཐེར་བྱས་ཤིང་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་དར་བར་བྱས་སོ། །གཞན་ཡང་བོད་ནས་གར་དང་འཆམ་གྱི་སློབ་དཔོན་གདན་དྲངས་ནས་ནང་ལོགས་ཀྱི་དགོན་སྡེ་ཁག་ལའང་གར་དང་འཆམ་གྱི་སྲོལ་བཙུགས་ཤིང་། བོད་ལུགས་ཀྱི་སྐུ་འདྲ་དག་ནང་ལོགས་སུ་གདན་དྲངས་ཤིང་ནང་ལོགས་ཀྱི་སྐུ་འདྲ་བོད་དུ་གདན་དྲངས་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་བཞུགས་ཏེ་རྒྱ་བོད་ཀྱི་སྐུའི་བཞེངས་སྲོལ་སོགས་ཀྱང་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པར་བྱས་ཡོད་དོ། །
       གཉིས། སོག་པོའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།
       ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་སོག་པོའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ནི་བཀའ་བསྟན་ཡིག་སྒྱུར་དང་དམ་ཆོས་དར་སྤེལ་གྱི་ཆ་ནས་གླེང་བར་བྱ་སྟེ། ཁོང་གིས་གོང་མ་ཆེན་པོའི་བཀའ་བཞིན་བཀའ་བསྟན་ཡིག་སྒྱུར་གྱི་ལས་འགན་ཕྲག་ཏུ་བླངས་ཤིང་། བསྟན་བཅོས་ཀྱི་འགྱུར་ཚད་ལྡན་དུ་གཏོང་བ་དང་བློ་གསལ་དོན་གཉེར་ཅན་རྣམས་ཀྱིས་ཐོས་བསམ་དོན་གཉེར་བྱེད་བདེ་བར་དམིགས་ནས། དག་ཡིག་མཁས་པའི་འབྱུང་གནས་མཛད་ཅིང་སོག་སྐད་དུ་བསྒྱུར་ཏེ་བཀས་བཅད་མཛད། འདི་ནི་བོད་སོག་ཡིག་སྒྱུར་གྱི་གཞུང་ལུགས་ཐོག་མ་ཡིན་ལ་དེས་སོག་པོའི་ཕྱི་རབས་ཀྱི་ཡིག་སྒྱུར་ལས་དོན་ཐད་ལའང་གཞུང་ལུགས་ཀྱི་དཔེ་བལྟ་སའི་དཔྱད་གཞི་མཆོག་ཏུ་གྱུར་ཡོད་པ་དང་། བསྟན་འགྱུར་ཡོངས་རྫོགས་སོག་སྐད་དུ་ལེགས་པར་བསྒྱུར་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ཡུན་རིང་ལ་གནས་པའི་ཆ་རྐྱེན་བསྐྲུན། གཞན་ཡང་སོག་པོའི་ཡུལ་ཁམས་སུ་དགོན་སྡེ་འཛུགས་སྐྲུན་བྱས་ཤིང་དབང་ལུང་མན་ངག་སོགས་གནང་ནས་དོན་གཉེར་ཅན་རྣམས་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་བསྩལ་བས། སོག་པོའི་ཡུལ་ཁམས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྔར་བས་དར་བར་བྱས་ཏེ། གོང་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་མངའ་འབངས་རྣམས་ཀྱང་བློ་ཁ་ཆོས་ཀྱིས་བསྒྱུར་ནས་དགེ་སྡིག་གི་བླང་དོར་ལེགས་པར་ཤེས་པ་སོགས་མི་གཤིས་ཀུན་སྤྱོད་ཇེ་ལེགས་སུ་བཏང་ནས་རྒྱལ་ཁམས་བདེ་འཇགས་སུ་གཏོང་བའི་ཐད་ལའང་བྱས་རྗེས་བླ་ན་མེད་པ་བཞག་ཡོད་དོ། །
       གསུམ། མན་ཇུའི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།
       དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས“མན་ཇུའི་རིགས་ཀྱི་པདྨ་ཁ་འབུས་ཀྱང་། །ཚངས་སྤྱོད་གེ་སར་བཅུད་ཀྱིས་མ་བཟུང་བ། །ཁྱོད་ཀྱི་ཐུགས་རྗེ་ཉི་འོད་དང་འགྲོགས་པས། །བསླབ་གསུམ་སྦྲང་རྩིའི་སྙིང་པོ་ཅི་ཡང་རྒྱས། །”[1]ཞེས་གསུངས་པ་ཇི་བཞིན། མན་ཇུའི་རིག་གནས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་ཆེ་ཞིང་། དེ་ཡང་མན་ཇུའི་ཡི་གེའི་གཟུངས་སྔགས་གསར་བཟོ་དང་། བཀའ་བསྟན་ཡིག་སྒྱུར། དམ་ཆོས་དར་སྤེལ་བཅས་ཀྱི་ཕྱོགས་ནས་གླེང་བར་བྱ་སྟེ། མན་ཇུའི་ཡི་གེའི་གཟུངས་སྔགས་ནི་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆེན་པོའི་བཀའ་བཞིན་ཡི་གེའི་སྒྲ་གདངས་མཐུན་སྡེབ་རྩོམ་སྒྲིག་བྱས་རྗེས་གསར་དུ་བཟོས་པ་ཡིན་ལ། དེ་ཡང་མན་ཇུའི་སྔར་ཡོད་ཀྱི་ཡི་གེའི་རྨང་གཞིའི་སྟེང་ནས་བཟོས་པ་ཞིག་ཡིན། ལེགས་སྦྱར་སྐད་དང་བོད་སྐད་ཀྱི་སྒྲ་ཚིགས་དང་བསྡུར་ན་མན་ཇུའི་ཡི་གེའི་གཟུངས་སྔགས་ནི་ཅུང་རྙོག་འཛིང་ཆེ་སྟེ། རྒྱུ་མཚན་ནི་སྐད་རིགས་གསུམ་པོ་སྒྲ་སྦྱོར་ཡི་གེ་ཡིན་ནའང་སྐད་ཁོངས་མི་གཅིག་པས་སྒྲའི་སྦྱོར་ལུགས་ཀྱང་མི་འདྲ་བས་སོ། །མན་ཇུའི་ཡི་གེའི་གཟུངས་སྔགས་གསར་བཟོ་བྱས་རྗེས། མན་ཇུའི་ཆོས་གཞུང་གི་མཚན་བྱང་དང་། གཟུངས་སྔགས། ལྷའི་མཚན་སྔགས་སོགས་ཚང་མ་དེས་མཚོན་པར་བྱས་ཤིང་། ཕྱིས་ཀྱི་མན་ཇུའི་བཀའ་བསྟན་དང་། རྒྱལ་པོས་མཛད་པའི་མན་ཇུ་རྒྱ་ཧོར་བོད་ཡིག་བཞི་ཡི་སྐད་ཤན་སྦྱར་བའི་བཀའ་འགྱུར་གྱི་སྔགས་ཚང་བར་བཀོད་པ་སོགས་ཚང་མར་གཟུངས་སྔགས་ཀྱི་ཡི་གེ་འདི་སྤྱད་ཡོད་དོ། །ཡི་གེ་འདིར་ཞན་ཆ་འགའ་རེ་ཡོད་ཀྱང་ལེགས་སྦྱར་དང་བོད་སྐད་ཇི་བཞིན་སྒྲ་ལེགས་པར་ཐོན་ཐུབ་ཅིང་། ཡི་གེ་འདི་གསར་དུ་བཟོ་བའི་དམིགས་ཡུལ་ཡང་ཆོས་གཞུང་ཡིག་སྒྱུར་གྱི་ཆེད་དུ་ཡིན་པས། སྔགས་དག་པར་ཀློག་པ་དང་རིག་གནས་འབྲེལ་འདྲིས་ཀྱི་ཐད་ལ་བྱེད་ནུས་གལ་ཆེན་ཐོན་ཡོད་དོ། །
       ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆེན་པོའི་ཐུགས་དགོངས་བཞིན་བཀའ་བསྟན་མན་ཇུའི་སྐད་དུ་བསྒྱུར་བས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ཡུན་རིང་བོར་གནས་པའི་ཆ་རྐྱེན་བསྐྲུན་ལ། བོད་དང་སོག་པོ། མན་ཇུའི་མི་རིགས་བཅས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་ཞིང་། མན་ཇུའི་རིག་གནས་ཀྱང་ཕུན་སུམ་ཚོགས་པར་བཏང་ངོ་། །གཞན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆེན་པོའི་ཐུགས་ཁུར་འོག་མན་ཇུའི་དགོན་སྡེ་དང་གྲྭ་ཚང་བཙུགས་ཏེ། ཆོ་ག་དང་ཆོས་སྤྱོད་ཀྱི་རིགས་རྣམ་གྲངས་མང་པོ་སོག་པོའི་སྐད་དུ་བསྒྱུར་ཅིང་། མན་ཇུའི་སྐད་ཀྱིས་ཆོས་འདོན་པ་ལ་བོད་ཀྱི་དབྱངས་རྟ་མི་འགྲིག་པས། གསར་དུ་རྟ་དབྱངས་འདུར་མ་རྣམས་ཀྱང་བཟོས་ཏེ། མན་ཇུའི་སྐད་ཀྱིས་རྒྱལ་བའི་གསུང་རབ་དང་དགོངས་འགྲེལ་ལ་སློབ་པར་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྐྲུན་ཞིང་། མན་ཇུའི་སྤྱི་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་སྤྱི་དང་སྒོས་སུ་རི་བོ་དགེ་ལྡན་པའི་བསྟན་པ་རྒྱ་ཆེར་དར་བར་བྱས་སོ། །དེ་བས་ཁོང་ནི་བོད་དང་མན་ཇུའི་རིག་གནས་འབྲེལ་འདྲིས་ཀྱི་ཕོ་ཉ་ལྟ་བུར་གྱུར་ཡོད་དེ། ཁོང་གི་སྐུ་དྲིན་ལས་མདོ་དབུས་མཐོ་སྒང་གི་བོད་པ་མང་པོས་མན་ཇུའི་རིག་གནས་ལ་རྒྱུས་ལོན་བྱུང་ལ། ནང་ལོགས་ཀྱི་མན་ཇུ་པ་མང་པོས་བོད་ཀྱི་རིག་གནས་ལ་སྔར་བས་རྒྱུས་ལོན་བྱུང་ངོ་། །
གཉིས་པ། བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།
       ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ནི། ཡིག་སྒྱུར་དང་ཚིག་མཛོད་རྩོམ་སྒྲིག་དང་། ཆབ་སྲིད་ཀྱི་བླ་མར་བཞུགས་པའི་ཐད་ནས་གླེང་བར་བྱ་སྟེ། ཡིག་སྒྱུར་དང་ཚིག་མཛོད་རྩོམ་སྒྲིག་གི་ཐད་ནས་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆེན་པོའི་བཀའ་བཞིན་བཀའ་བསྟན་སོག་པོ་དང་མན་ཇུའི་སྐད་དུ་བསྒྱུར་ནས་བོད་བརྒྱུད་ནང་བསྟན་ཕྱིའི་མི་རིགས་ཁག་ལ་རྒྱ་ཆེར་སྤེལ་ཏེ་མི་རིགས་ཁག་གི་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་ཆེན་པོ་བཏང་ཞིང་། ཡིག་སྒྱུར་གཞུང་ལུགས་དག་ཡིག་མཁས་པའི་འབྱུང་གནས་བརྩམས་པས་བོད་ལ་རིག་གནས་ཕྱིར་སྤེལ་སྐོར་གྱི་ཡིག་སྒྱུར་གཞུང་ལུགས་ཐོག་མ་བྱུང་། དེར་མ་ཟད་དག་ཡིག་མཁས་པའི་འབྱུང་གནས་ནི་བོད་ཀྱི་ད་ལྟའི་ཡིག་སྒྱུར་གཞུང་ལུགས་ཀྱི་ཁུངས་གཏུགས་སའི་གཞུང་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་ཟིན་ཡོད་དོ། །གཞན་ཡང་ཁོང་གིས་དབུ་འཛིན་གནང་ནས་བསྐལ་བཟང་རྣམ་འདྲེན་སྟོང་གི་མཚན་བྱང་དང་སྐད་ལྔ་ཤན་སྦྱར་གྱི་མན་ཇུའི་སྐད་གསལ་བའི་མེ་ལོང་སོགས་ཚིག་མཛོད་མང་པོ་རྩོམ་སྒྲིག་བྱས་ཤིང་། དེས་བོད་ཀྱི་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀར་རྨང་བཏིངས་པར་མ་ཟད། རྒྱ་དང་སོག་པོ། མན་ཇུ་སོགས་ཀྱི་སྐད་ལ་ཡོད་ཅིང་རང་རེའི་བོད་ཀྱི་སྐད་དུ་མེད་པའི་མིང་བརྡ་གསར་པ་མང་པོ་ནང་འདྲེན་བྱས་ཡོད་ཅིང་། དེ་དག་ཀྱང་རང་དགར་བསྒྱུར་བ་ཙམ་མིན་པར་ཞིབ་ཏུ་བརྟག་ཅིང་བོད་རང་གི་སྐད་ཀྱི་སྦྱོར་ལུགས་དང་ལེགས་པར་བསྟུན་ཡོད་པས། ད་ལྟའི་ཡིག་སྒྱུར་ལག་ལེན་ཁྲོད་དུའང་རྒྱ་ཆེར་སྤྱོད་བཞིན་ཡོད་དོ། །

ལུང་ཁུངས།
[1] གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི«གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ»(པོད་བདུན་པ) [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020:387

(རྩོམ་པ་པོ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཞིབ་འཇུག་སློབ་མ་ཡིན།)
འབྲེལ་ཡོད་འོས་སྦྱོར།