logo

བརྩམས་སྒྲུང་ལོ་ཙཱའི་ཚིག་གི་སྒྱུར་ཐབས་སྐོར་གླེང་བ།

རྩོམ་པ་པོ།:རྡོ་རྗེ་དབང་མོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-06-30 ཀློག་གྲངས།:
       དེ་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་རིག་གནས་སྣ་ཚོགས་མཉམ་འདྲེས་དང་བརྡ་འཕྲིན་གྱི་ཀློང་བརྡོལ་བའི་དུས་འདིར་འཛམ་གླིང་ཡུལ་གྲུ་སོ་སོའི་ཚན་རིག་ལག་རྩལ་ལ་སྔ་ན་མེད་པའི་དར་རྒྱས་ཆེན་པོ་བྱུང་ཞིང་། དེར་བསྟུན་ནས་སྐད་རིགས་སོ་སོའི་ཁྱབ་ཁོངས་སུའང་དངོས་པོ་གསར་པ་ཆུ་ཀློང་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་ཡོད་ལ། དེ་དང་མཉམ་དུ་བརྩམས་སྒྲུང་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཐད་ལའང་བོད་ཀྱི་ཤེས་ལྡན་པ་དག་གིས་ཞིབ་འཇུག་ཡང་ཡང་གནང་ནས་འབྲས་བུའང་མི་དམན་པ་ཞིག་བླངས་ཡོད། མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ལ་དོ་སྣང་དང་། ལྷག་པར་དུ་མ་ཡིག་དང་འགྱུར་ཡིག་ལ་གཤིབ་བསྡུར་རིག་པས་ཞིབ་ཏུ་དཔྱད་དེ་མ་ལག་ཆ་ཚང་བའི་ལོ་ཙཱའི་རྣམ་གཞག་གི་གཞུང་ལུགས་བསྐྲུན་པའི་ཚིག་གི་སྒྱུར་ཚུལ་མདོར་དྲིལ་ན། བོད་ཀྱི་ལོ་པཎ་སྔ་མ་དག་གི་དགོངས་བཞེད་དང་ཁྱད་པར་ཆེན་པོ་མི་མངའ་བར་སྣང་། དེ་ལས་འདིར་ད་ལྟ་སྤྱོད་མུས་ཀྱི་རྣམ་གཞག་འགར་དཔྱད་པར་བྱ་སྟེ།
གཅིག གོ་རིམ་ཇི་བཞིན་སྒྱུར་བ།
       «སྒྲ་སྦྱོར་བམ་གཉིས»ལས། “ངྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག”ཅེས་བསྟན་པ་བཞིན་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་བརྡ་སྤྲོད་པའི་སྒྲིག་གཞིར་བར་ཁྱད་ཆེན་པོ་མེད་པས། བྱ་བྱེད་ལས་གསུམ་དང་། སྤྱི་དང་བྱེ་བྲག་ཆེ་ཆུང་། རྒྱུ་འབྲས་ལ་སོགས་པའི་བརྗོད་རིམ་ཕལ་ཆེར་འདྲ་ཞིང་སྔ་ཕྱིའི་གོ་རིམ་མ་བསྣོར་བར་ཐད་ཀར་བསྒྱུར་བའི་རིགས་ལ་གོ་རིམ་ཇི་བཞིན་སྒྱུར་བ་ཞེས་བྱ་ཞིང་། འདིར་ཡང་གོང་དུ་བཤད་པ་བཞིན་གོ་རིམ་གཅིག་ཀྱང་མ་བསྣོར་བར་ཐད་ཀར་སྒྱུར་ཆོག་པ་ཤིན་ཏུ་དཀོན་པས་ལྟོས་བཅས་ཀྱི་དབྱེ་སྟངས་ཙམ་སྟེ། དཔེར་ན། «མཛངས་བླུན་ཞེས་བྱ་བའི་མདོ» ལས“常为摄身行,尔不杀盗淫。不两舌恶口,妄言及绮语。心不贪诸欲,无真恚毒想,舍离诸邪见,是为菩萨行。”ཞེས་པའི་འགྱུར་ལ“ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང་། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་རྫུན་དང་ཚིག་རྩུབ་དང་། །ཀྱལ་བ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང་། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །ངན་པར་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །”ཞེས་གོ་རིམ་ཇི་བཞིན་ཐད་ཀར་བསྒྱུར་བ་ལྟ་བུའོ། །
གཉིས། སྣོན་སྒྱུར།
       སྒྱུ་རྩལ་རྩོམ་རིག་ཏུ་བཀོད་པའི་བརྩམས་ཆོས་གང་ཡིན་རུང་རྩོམ་པ་པོ་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་དང་། རང་ཉིད་གང་ལ་གཏོགས་པའི་མི་རིགས་སམ་ཚོགས་པ་དེའི་འབྲེལ་ཡོད་མི་སྣ་དང་དོན་རྐྱེན་སོགས་ལ་སྦྱར་བའི་ནང་དོན་ཡོད་པ་སྨོས་མ་དགོས་ལ། མི་རིགས་དེའི་ཀློག་པ་པོ་ཞིག་ལ་མཚོན་ན་ལོ་རྒྱུས་མི་སྣ་ཞིག་བཀོད་ཡོད་པའི་མིང་ཙམ་ཐོས་པས་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གོ་བསྐྱེད་ཐུབ་ནའང་འགྱུར་མ་ཀློག་པ་པོར་མཚོན་ན་མི་སྣ་དེར་གསལ་ཆ་ཡོད་པའི་ངེས་པ་མ་མཆིས་པས། ལོ་ཙཱ་བས་རྒྱས་པར་འགྲེལ་བའམ་སྣོན་སྒྱུར་གྱི་ཐབས་ལམ་སྤྱོད་པའི་དགོས་པ་བྱུང་ཡོད་དེ།
       དཔེར་ན། “ཕ་བོང་འབྲོང་སྟག་གཉིས་ཀྱི་ཀླད་ན་བསང་བཏང་བའི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་གྱིན་འདུག”ཞེས་པའི་འགྱུར་ལ“那两块神形恰似野牦牛和猛虎的巨石顶上煨起了桑烟,缕缕青烟浮在蓝天”ཞེས་མ་ཡིག་གི་ཁྲོད་དུ་མེད་པའི་ཚིག“神形恰似”ཞེས་པ་གསར་དུ་བསྣན་ཡང་ཚིག་གོང་འོག་གི་སྡེབ་འཕྲོད་པས་ཚིག་ཉོག་ཏུ་མི་འགྲོ་བར་མ་ཟད། བརྩམས་སྒྲུང་གི་སྣང་བརྙན་དོད་པོར་མངོན་ཐུབ་པ་ལྟར། སྣོན་སྒྱུར་ནི་བསྒྱུར་བྱའི་མ་ཡིག་གི་རྨང་གཞིའི་སྟེང་། དགོས་ངེས་ཀྱི་མིང་དང་། ཚིག་ཕྲད་དང་། མིང་གི་ཚོགས་པ་དང་། ཚིག་གི་སྦྱོར་བ་ལ་སོགས་པ་གསར་དུ་བསྣན་ནས་འགྱུར་མའི་བརྡ་སྤྲོད་སོགས་སྐད་ཆའི་རྣམ་པའི་སྟེང་སྒྱུར་བྱེད་ཀྱི་སྐད་ཆའི་གོམས་སྲོལ་གྱི་སྦྱོར་ལུགས་དང་མཐུན་པར་མ་ཟད། རིག་གནས་ཀྱི་རྒྱབ་ལྗོངས་དང་ཐ་སྙད་ལ་འབྲེལ་བའི་བསམ་གཞིག་བྱེད་སྟངས་ཀྱང་བསྒྱུར་བྱའི་མ་ཡིག་དང་མཐུན་པར་བྱས་པ་སྟེ། བསྒྱུར་བྱ་དང་འགྱུར་གཉིས་ཀྱི་ནང་དོན་དང་རྣམ་པ། བསམ་བློ་བཅས་ཕྱོགས་གསུམ་ནས་འདྲ་མཚུངས་ཡོང་རྒྱུ་ནི་གང་གི་དམིགས་ཡུལ་ལོ། །
གསུམ། འཕྲི་སྒྱུར།
       འཕྲི་སྒྱུར་ནི་སྐད་རིགས་གཉིས་ཀའི་བརྡ་སྤྲོད་ལུགས་ལ་སོགས་པ་ཐ་དད་ཡིན་པས། བསྒྱུར་བྱའི་སྐད་ལ་མེད་དུ་མི་རུང་བའི་མིང་དང་ཚིག་ཕྲད། མིང་གི་ཚོགས་པ། ཚིག་གི་སྦྱོར་བ་རྣམས་ལས་གང་རུང་ཞིག་སྒྱུར་བྱེད་ཀྱི་སྐད་ལ་གོ་གལ་ཆུང་བའང་ཚིག་རོར་གྱུར་པ་འཕྲི་ནས་བསྒྱུར་བ་ལ་བྱ་ཞིང་། དཔེར་ན། «ཆུ་ངོགས་གཏམ་རྒྱུད»དུ། “昏昏默默,杳杳冥冥。数百年不见太阳光,亿万载难瞻明月影。不分南北,怎辨东西。黑烟霭霭扑人寒,冷气阴阴侵体颤。人迹不到之处,妖精往来之乡,闪开双眼有如盲,伸出两手不见掌。常如三十夜,却似五更时。”ཞེས་པའི་འགྱུར་ལ། “སྨག་རུམ་ནག་པོས་འཐུམས་ཤིང་ཅི་ཡང་མི་རིག་ཨ་མ་མ། ཟླ་བའི་འོད་ཙམ་ཡང་མི་ཕོག་པར་ཉི་མའི་འོད་ནི་ལྟ་ཅི་སྨོས། དུད་ནག་འཁྱིལ་འཁྱིལ་གྲང་ངར་ཆེ་ཞིང་བསིལ་རླུང་ཤུར་ཤུར་གྱིས་ནི་ལུས་པོ་འདར། འཇིགས་སུ་རུང་བ་འདི་ལྟ་བུ་ནི་གདོན་འདྲེ་བཅའ་གནས་མིན་ན་གང་ཡིན།” ཞེས་བསྒྱུར་ཡོད། འདིར་མ་ཡིག་གི་སྐད་ཆ་དུམ་བུ་བདུན་པོ་འགྱུར་ཡིག་ཏུ་དུམ་བུ་བཞི་རུ་བསྡུས་པས་འཕྲི་སྒྱུར་བྱས་ཡོད་པ་སྟེ། “不分南北,怎辨东西”དང“闪开双眼有如盲,伸出两手不见掌。常如三十夜,却似五更时”ཞེས་པའི་སྐད་ཆ་དུམ་བུ་འདི་གསུམ་པོ་འགྱུར་ཡིག་ཏུ་ཇི་བཞིན་ཐོན་མེད་ཀྱང་འགྱུར་ཡིག་གི་སྐད་ཆ་དུམ་བུ་བཞི་བོས་གནས་དེ་འཇིགས་སུ་རུང་ཞིང་སྨག་རུམ་ནག་པོས་བཏུམ་ཡོད་པ་མཚོན་ཐུབ་པས་འགྱུར་ལེགས་པར་སྣང་ངོ་། །

རྩོམ་པ་པོ་ནི་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཡིན།
འབྲེལ་ཡོད་འོས་སྦྱོར།