logo

སྒོ་བྱང་ཡིག་སྒྱུར་ཁྲོད་གནས་པའི་གནད་དོན་དང་དེའི་ཐད་ཀྱི་བསམ་གཞིག

རྩོམ་པ་པོ།:བློ་བཟང་མཐར་ཕྱིན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-03 ཀློག་གྲངས།:
དང་པོ། སྒོ་བྱང་ལ་བོད་རྒྱ་ཤན་སྦྱར་འགོད་པའི་དགོས་པ་དང་རྩ་དོན།
       སྤྱིར་རྒྱལ་ཁབ་དང་མི་རིགས་གང་གི་རིག་གནས་དེ་རང་ས་གནས་ཁོ་ན་རུ་འཕེལ་རྒྱས་སོང་བ་མ་ཡིན་པར་ཕན་ཚུན་བརྗེ་རེས་དང་། ཕྱི་བཟང་ནང་འདྲེན་གྱི་སྒོ་ནས་ལེགས་ཆ་སྙིང་བསྡུས་བྱེད་དགོས་པ་རེད། དེར་བརྟེན་སྒོ་བྱང་གི་སྐད་གཉིས་ཡིག་སྒྱུར་ཐད་ཀྱི་ཚད་ལྡན་དང་གཅིག་གྱུར་སོགས་དོན་འཁྱོལ་ཡོང་བར་མཐོང་ཆེན་དང་ལག་བསྟར་བྱས་ན། གཅིག་ནས་མི་རིགས་སོ་སོའི་རིག་གནས་དར་རྒྱས་ཕུན་ཚོགས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། གཉིས་ནས་མི་རིགས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་། ཆབ་སྲིད་བརྟན་བརླིང་། དཔལ་འབྱོར་གོང་འཕེལ་ཡོང་ཐུབ། གསུམ་ནས་སྒོ་བྱང་སྐད་གཉིས་ཡིག་སྒྱུར་གྱི་ཚོང་བདག་དང་འཛད་སྤྱོད་མཁན་གྱི་ཁེ་ཕན་ལ་ནུས་པ་ཐོན་ཡོད། རྩ་དོན་གླེང་ན། དེ་ཡང་རྒྱ་བོད་སྒོ་བྱང་གི་ལོ་ཙཱ་ལ་མཚོན་ན་སྦྱིན་བདག་གམ་སྒོ་བྱང་གི་མིང་འདོགས་མཁན་གང་དེའི་དགོངས་དོན་དང་བསྟུན་དགོས་པར་མ་ཟད་བོད་རང་གི་བརྡ་སྤྲོད་ལུགས་དང་བསྟུན་མཁས་བྱེད་དགོས། རང་སྐད་དུ་མིང་འཚམ་པོ་ཞིག་མེད་ན་མ་ཡིག་གི་དོན་དང་བསྟུན་ནས་མིང་གསར་དུ་གདགས་དགོས། དཔེར་ན“超市”ལ་སྒོ་རྩིས་ཚོང་ཁང་། “砂锅”ལ་རྫ་ཁོག་དང་། “批发”ལ་སྡེབ་ཚོང། རང་སྐད་དུ་ཐད་དོན་གང་རུང་གི་བསྒྱུར་མི་ཐུབ་པ་རྣམས་སྒྲ་ཇི་བཞིན་དུ་བསྒྱུར་དགོས་ལ། དཔེར་ན། “永梅饭店”ལྟ་བུའི“永梅”ནི་མིའི་མིང་ཡིན་པས་ཡུང་མེ་ལྟ་བུའོ། །སྔར་ཡོད་ཀྱི་མིང་སྤྱོད་ཐུབ་པ་རྣམས་ཅི་ནུས་ཀྱིས་བེད་སྤྱོད་པ། དཔེར་ན“酒店”ལ་གསོལ་མགྲོན་ཁང་། “饭店”ལ་གསོལ་ཚིགས་ཁང་སོགས་མང་དུ་མངོན་བཞིན་ཡོད།
གཉིས་པ། སྒོ་བྱང་ཡིག་སྒྱུར་ཐད་ཀྱི་གནད་དོན།
       ༡ དབྱེ་བ་མེད་པར་སྒྲ་སྒྱུར་ལ་གཞོལ་བ།
       སྒྲ་སྒྱུར་ནི་བསྒྱུར་བྱ་གང་གི་སྒྲ་དོན་ཇི་ལྟ་བ་བཞིན་གཞན་དུ་མ་བསྒྱུར་བར་སྒྱུར་བྱེད་སྐད་དུ་ཇི་བཞིན་རང་སོར་འཇོག་པ་ལ་གོ་བ་ཡིན། དེའང་སྒྲ་སྒྱུར་ཐབས་ལ་ཕན་ཡོན་དང་དགོས་ངེས་མི་དམན་པ་ཞིག་ལོས་ཡོད་དེ་རིག་གནས་ཀྱི་ཁྱད་པར་ལས་མ་ཡིག་ཁྲོད་ཀྱི་ས་མིང་དང་མི་མིང་ཚོང་རྟགས་གྲགས་ཅན་སོགས་སྒྲ་སྒྱུར་བྱས་ན་གོ་བདེ་བར་བྱེད་ཐུབ། ཡིན་ནའང་སྒྱུར་བྱེད་ནང་དོན་ལ་མ་བལྟས་པར་དབྱེ་བ་མེད་པར་མཐོང་ཚད་སྒྲ་སྒྱུར་བྱེད་པ་ནི་སྐྱོན་དུ་འགྲོ་བ་ལས་ཕན་པ་གང་ཡང་ཐོན་གྱིན་མེད། དཔེར་ན། ལྷ་སའི་ཚོང་ཁང་ཞིག་གི་སྒོ་བྱང་ལ“真善美商行”ལ“ཀྲེན་ཧྲན་མེའི་ཚོང་ཁང”ཞེས་སྒྱུར་བ་ནི་ནང་དོན་ལ་མ་བལྟས་པར་བཙན་གྱིས་སྒྲ་སྒྱུར་བྱས་པ་ཡིན་པས་ཚོང་བདག་གི་ཚོང་གཉེར་དང་འཛད་སྤྱོད་པའི་གདམ་གསེས་སོགས་སུ་ལ་ཡང་ཕན་ཐོགས་མེད་པར་མ་ཟད་སྐད་བརྡའི་དོན་ཉམས་དབེན་པའི་རྒྱུ་རུ་འགྱུར་ངེས།
       ༢ བརྗོད་དོན་ཇི་བཞིན་མ་ཐོན་པ།
       ཡིག་སྒྱུར་གྱི་དམིགས་ཡུལ་ནི་མ་ཡིག་གི་ནང་དོན་ནོར་འཁྲུལ་མེད་པར་ཇི་མ་ཇི་བཞིན་ཕབ་སྒྱུར་བྱ་རྒྱུ་དེ་ཡིན་ཞིང་། སྒོ་བྱང་ཡིག་སྒྱུར་གྱི་དམིགས་ཡུལ་ཡང་དེ་ལས་མ་འདས་པས། ཡིག་སྒྱུར་གྱི་སྤྱིའི་ཚད་གཞི་འཛིན་དགོས་པ་དེ་ནི་སྒོ་བྱང་ཡིག་སྒྱུར་སྐབས་འདོར་དུ་མེད་པ་ཞིག་རེད། རྒྱའི་ལོ་ཙཱ་བ་ཡན་ཧྥུ་ཡིས་གཏན་ལ་ཕབ་པའི“བསྟུན་བདེ་སྙན་གསུམ”ནི་ཡིག་སྒྱུར་གྱི་ཚད་གཞི་ཡིན་པ་ཀུན་གྱིས་ཁས་ལེན་པ་སྟེ། འགྱུར་གང་ཞིག་དོན་དང་འགལ་བ་ཡོད་མེད་དང་འགྱུར་ཚིག་སྙན་འཇེབས་ལྡན་མིན་སོགས་ནི་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད། དེར་བརྟེན། ཡིག་སྒྱུར་པས་འགྱུར་གང་ཞིག་བསྒྱུར་དུས། ངེས་པར་དུ་མ་ཡིག་གི་དོན་དང་མཐུན་དགོས་པ་དང་། འགྱུར་ཡིག་དེས་ངེས་པར་དུ་མ་ཡིག་གི་དོན་མཚོན་ཐུབ་དགོས་པ་ནི་ལོ་ཙཱའི་མ་མཐའི་ཆ་རྐྱེན་ཡིན།དཔེར་ན“绿色藏餐”ཞེས་པར“གངས་ཅན་པ”ཞེས་བསྒྱུར་ཡོད་ལ། དེ་ནི་མ་ཡིག་གིས་བརྗོད་འདོད་པའི་ཟ་ཁང་གང་དེའི་བོད་ཟས་ནི་ལྷད་དང་མ་འདྲེས་པ་བདེ་ཐང་གཙང་མ་ཡིན་པའམ་ཡང་ན་ཚོང་ཁང་གི་གཉེར་བྱ་ནི་དཀར་ཟས་ཡིན་པ་བརྒྱུད་སྤྲོད་བྱེད་ཐུབ་ཀྱིན་མི་འདུག གཞན་ད་དུང“七杯茶”ཞེས་པ་ལ“ཇ་ཞིམ་པོ་སྣ་བདུན”དང“欧力丝”ལ“སྲུང་སྐྱོབས་ཁོའོ”ཟེར་བ་སོགས་ཚིག་རིས་ལ་བསྟུན་དྲགས་པའི་སྐྱོན་དང་བྲིས་ཡིག་ལ་ནོར་འཛོལ་མང་བ་སོགས་གནད་དོན་མང་དུ་འདུག
གསུམ་པ། སྒོ་བྱང་ཡིག་སྒྱུར་ཐད་གནད་དོན་དེ་དག་འབྱུང་བའི་རྒྱུ་རྐྱེན།
       ༡ གཞུང་གི་ངོས་ནས།
       བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་ས་གནས་སྲིད་གཞུང་གིས་མི་རིགས་རང་སྐྱོང་ཁུལ་དུ་མི་རིགས་གྲངས་ཉུང་གི་སྐད་ཡིག་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བའི་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་སྤེལ་ཡོད་དེ། དཔེར་ན་སྤྱི་ལོ1987ལོའི་ཟླ7པའི་ཚེས9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་ལྔ་པར་ཐོག་མར་གཏན་འབེབས་བྱས་པ་དང་སྤྱི་ལོ2019ལོའི་ཟླ7པའི་ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་སྟེང་ལེགས་བཅོས་བྱས་པའི«བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གོང་འཕེལ་བཅས་གཏོང་རྒྱུའི་གཏན་འབེབས»ཀྱི་དོན་ཚན་བཅུ་གཅིག་པའི་ནང་དུ་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ་བཅས་དང་དེ་བཞིན་ལྗོངས་ཕྱིར་བཅའ་སྡོད་རྒྱུན་བཙུགས་ལས་ཁུངས་ཀྱི་གཞུང་ཐམ་དང་། ལག་ཁྱེར། སྒོ་བྱང་། ད་དུང་གྲོང་ཁྱེར་གྱི་སྤྱི་སྤྱོད་ཚོགས་རའི་སྒྲིག་ཆས་དང་། མཚམས་སྦྱོར་བརྡ་ཁྱབ་སོགས་སུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་བྱེད་དགོས་པར་མ་ཟད།འགྱུར་ཡིག་ཚད་ལྡན་དང་ཡང་དག་ཡིན་དགོས་པ་གཏན་འབེབས་གནང་ཡོད། ཡིན་ཡང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་རྩ་འཛུགས་ལག་ཏུ་བསྟར་མེད་པ་དང་ཡང་ན་ལས་དོན་སྒྲུབ་པར་བྱེད་ནུས་ཐོན་མེད་པ། ལྷག་པར་དུ་སྒོ་བྱང་ཚད་ལྡན་ཡིན་མིན་ལ་ལྟ་རྟོག་བྱས་པ་མི་འདང་བ་སོགས་ཀྱིས་སྒོ་བྱང་ལ་ཡིག་ནོར་ད་དུང་མང་དུ་འབྱུང་བཞིན་འདུག
       ༢ སྒེར་གྱི་ངོས་ནས།
       འདི་ལ་གཅིག་ནས་ས་གནས་མི་དམངས་དང་སྒེར་གཉེར་སྦྱིན་བདག་གིས་གོང་རིམ་གྱིས་བཏོན་པའི་སྲིད་ཇུས་ལ་རྒྱུས་ལོན་མེད་པ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པས་རང་སྣང་གང་འདོད་ཀྱིས་བསྒྱུར་བ་དང་བྲིས་པ། གཉིས་ནས་ས་གནས་མི་དམངས་ཀྱི་རིག་གནས་ཆུ་ཚད་དམའ་བ་དང་ཆེད་དམིགས་ཀྱི་ཆེད་ལས་མི་སྣར་བློ་འདྲི་བའི་འདུ་ཤེས་མེད་པ། ཁེ་ཕན་ཁོ་ནར་དམིགས་པ་དང་འགན་ཁུར་དང་དུ་མི་ལེན་པའི་བྱ་སྤྱོད་ཀྱིས་རང་སྣང་གང་ཤར་དུ་བསྒྱུར་བ་དང་ཅི་འདོད་དུ་བྲིས་པས་སྒོ་བྱང་ངོས་སུ་ཡིག་ནོར་དང་བསྒྱུར་ནོར་གང་མང་བྱུང་བ་རེད། གསུམ་ནས་ད་ལྟའི་སྒོ་བྱང་ཇུས་འགོད་དང་བཟོ་སྐྲུན་བྱེད་མཁན་གྱི་ལས་མི་ཕལ་ཆེ་བ་བོད་སྐད་ཡིག་མི་ཤེས་པ་དང་བོད་ཡིག་གི་སྤྱོད་སྟངས་ཐད་རྒྱུས་ལོན་མེད་པའི་དབང་གིས་ཡིག་ནོར་དང་བསྒྱུར་ནོར་བྱུང་བ། བཞི་ནས་རང་རེའི་རིག་གནས་དང་སྐད་ཡིག་གི་གལ་ཆེན་རང་བཞིན་ངོས་མ་ཟིན་པར་སྒོ་བྱང་སོགས་སུ་ཡིག་ནོར་ཡོད་པ་དག་ལ་དོ་སྣང་དང་འགན་ཁུར་ཅི་ཡང་མི་བྱེད་པའི་བྱ་སྤྱོད་སོགས་ལ་རག་ལས་ཡོད།
       མདོར་ན་བོད་ཁུལ་གྱི་ལས་ཁུངས་སོ་སོ་དང་། ཁེ་ལས། དེ་བཞིན་སྒེར་གྱི་གནས་ཁང་སོགས་ཀྱི་སྒོ་བྱང་ཡིག་སྒྱུར་བྱེད་སྐབས་གནའ་དེང་ཕྱི་ནང་གི་ཡིག་སྒྱུར་གཞུང་ལུགས་གཞིར་བཟུང་ནས་བོད་རང་གི་ཚིག་སྦྱོར་དང་མཐུན་པ་དང་། ཡིག་ནོར་མེད་ཅིང་མང་ཚོགས་ཀྱི་གོ་བདེ་བ་ཞིག་ཏུ་སྒྱུར་དགོས་པ་ནི་སྒོ་བྱང་ཡིག་སྒྱུར་བྱེད་པའི་གནད་དམ་པ་ཡིན་ལ།དེ་ལས་གཞན་ད་དུང་ཐ་སྙད་གཅིག་གྱུར་ཐད་ཤུགས་རྒྱག་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། འདི་དག་ནི་ང་ཚོ་དུས་རབས་གསར་པའི་ལོ་ཙཱ་བ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ནོ། །

རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2019ལོའི་བོད་རྩོམ་རིག་འཛིན་གྲྭའི་ཡིན།
འབྲེལ་ཡོད་འོས་སྦྱོར།