དགེ་རྒན་ཆེན་མོ་འགྱན་སངས་ལགས་ལ་ལོ་ཙཱའི་ཉམས་མྱོང་སྐོར་ནས་བཅར་འདྲི་བྱས་པ།
རྩོམ་པ་པོ།:པདྨ་དབང་གྲགས་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-21
ཀློག་གྲངས།:
རྒྱ་བོད་ལོ་ཙཱའི་སྒྲིག་སྒྱུར་དང་སྤྲོས་སྒྱུར་བྱེད་ཚུལ་གླེང་བ་བློ་གསལ་འགུགས་པའི་ལྕགས་ཀྱུ།
—དེང་རབས་བོད་ཀྱི་ལོ་ཙཱ་བ་འགྱན་སངས་རྒྱས་དོན་གྲུབ་ལགས་ལ་བཅར་འདྲི་བྱས་པ།
བཅར་འདྲི་བ། པདྨ་དབང་གྲགས་རྡོ་རྗེ།
བཅར་འདྲི་བྱ་ཡུལ་ངོ་སྤྲོད་མདོར་བསྡུས།
འགྱན་སངས་རྒྱས་དོན་གྲུབ་ལགས་ནི་དུས་རབས༢༠པའི་ལོ་རབས༦༠པའི་མཇུག་ལ་མདོ་སྨད་བྱང་ངོས་རྨ་གཡང་དགའ་བ་འཁྱིལ་བའི་ཁུག་སོ་གཉིས་པ་སྟེ་སྲིན་པོ་རིའི་ལྷ་ཞོལ་དུ་ས་འཛིན་གྱི་སྔ་བར་ཆགས་པའི་བརྒྱ་སྡེ་དོ་བརྒྱའི་ཡུལ་དུ་སྐྱེས། ༡༩༧༦ལོ་ནས་བཟུང་། སྔ་ཕྱིར་སྡེ་བའི་སློབ་ཆུང་དང་། ཡུལ་ཚོའི་ཆ་ཚང་སློབ་ཆུང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་སོགས་རིམ་པར་འགྲིམས་ཤིང་། ༡༩༨༧ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད། ༢༠༠༦ལོར་སློབ་ཆེན་དེ་ག་ནས་རམས་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་། བོད་ལྗོངས་སློབ་ཆེན་སོགས་སུ་དགེ་རྒན་དང་རིག་གནས་དཔྱོད་འཇུག་གི་ལས་ཀ་དོན་ཏུ་གཉེར། «མེ་ལོང་མའི་ལུས་ལས་ལྷུག་པའི་སྐོར་ལ་བསྐྱར་དུ་དཔྱད་པ»ཞེས་པས་མཚོན་པའི་དཔྱད་རྩོམ་སུམ་ཅུ་ཡས་མས«མཚོ་སྔོན་སློབ་གསོ»སོགས་དུས་དེབ་ཁག་ཏུ་བཀོད་ཅིང་། «རིག་གནས་དང་མི་གཤིས»སོགས་བརྩམས་ཆོས་ལྔ་དང་། «དམ་ཆོས་སྟོང་ཐུན»སོགས་བསླབ་གཞི་གཉིས་རྣམས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ནས་དངོས་སུ་དཔེ་སྐྲུན་གྱིས་ཀློག་པ་པོའི་གཟིགས་མོར་བཀྲམས། ཞོ་ཕེན་ཧ་ཝུར་གྱི«དཔེ་ཀློག་དང་དཔེ་ཆ»ཞེས་པ་དང་ཨེན་སི་ཏེན་གྱི«བདག་གི་འཇིག་རྟེན་ལྟ་ཚུལ»ཞེས་པ་སོགས་གཞན་རིགས་ཀྱི་རྩོམ་རབ་བཅོ་ལྔ་ལྷག་བོད་སྐད་དུ་ཕབ་ནས«ཀློག་པ་པོ»དང«ན་གཞོན་རབ་བྱེད»སོགས་དུས་དེབ་དང་ཀློག་དེབ་ཁག་ཅིག་ཏུ་སྤེལ། ནཱ་ཕོ་ལོན་ཧེལ་གྱི«བྲོད་སེམས་ཀྱི་སྟོབས་ཤུགས»ཞེས་པ་དང«དབྱིན་ཇིའི་གསར་བརྗེ»ཞེས་པ་གཉིས་སྒྲིག་སྒྱུར་གྱིས་རང་སྐད་དུ་ཕབ་ནས༢༠༡༣ལོ་དང༢༠༡༩ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྔ་ཕྱིར་པར་དུ་བསྐྲུན། ངེས་དོན་གྱི་དྲན་དབང་གཉའ་བློ་གྲོས་རྒྱལ་མཚན་མཆོག་གིས་སྔོན་འགྲོ་མཛད་པའི་འབོལ་རྩོམ་གྱི་ཚོམས«སྨྲ་བའི་གོ་མཚོན»ཞེས་པ༢༠༢༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས།
མདོར་ན་དེང་རབས་བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་འགྱན་སངས་ལགས་ནི་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བོད་སྐད་ཡིག་རྩོམ་རིག་འཕེལ་རྒྱས་སུ་གཏོང་བར་ནུས་པ་མི་དམན་པ་བཞག་དང་འཇོག་བཞིན་པའི་ལྷག་བསམ་གྱིས་ཕྱུག་པའི་མི་བུ་ཞིག་ཡིན་ལ། ཁོང་གི་བརྩམས་ཆོས་དང་འགྱུར་ཆོས་དག་ལ་ཀློག་མཁན་མང་པོས་དགའ་བསུ་བླ་ལྷག་ཐོབ་དང་འཐོབ་བཞིན་ཡོད་པར་མ་ཟད། དེང་གི་གཞོན་སྐྱེས་ཤེས་ཡོན་པ་དག་གིས“འགྱན་རྩོམ་ཉི་མ་ཤར་འདྲ། འགྱན་འགྱུར་ཟླ་བ་ཚེས་འདྲ།”ཞེས་གདེང་འཇོག་ཆེན་པོ་བྱེད་ཀྱིན་འདུག
བཅར་འདྲི་བ། རྒན་ལགས། སྐུ་ཁམས་བཟང་། སྐུ་ཉིད་ཀྱིས་སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་། བོད་ལྗོངས་སློབ་ཆེན་སོགས་སུ་དགེ་རྒན་དང་རིག་གནས་དཔྱོད་འཇུག་གི་ལས་ཀ་དོན་ཏུ་གཉེར་ཏེ། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཐད་ལ་ཕྱག་རྗེས་མི་དམན་པ་བཞག་ཡོད་པ་དང་། ལྷག་པར་ཏུ་ལོ་ཙཱའི་ལས་སུ་ཞུགས་ཏེ«བྲོད་སེམས་ཀྱི་སྟོབས་ཤུགས»ལྟ་བུས་མཚོན་པའི་འགྱུར་ཆོས་མང་པོ་ཞིག་བཀྲམས་པ་ལ་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཀློག་མཁན་མང་པོས་ཀྱང་དགའ་བསུ་བླ་ལྷག་འཐོབ་ཀྱིན་འདུག །དེ་བས་ཐེངས་འདིར་གུས་པ་རང་གི་དགོས་དབང་དང་གཞན་གྱི་བསྐུལ་པ་ལ་བསྟུན་ནས། རྒན་ལགས་ཀྱིས་རྒྱ་བོད་ལོ་ཙཱའི་གྲུབ་འབྲས་དག་དམིགས་སུ་བཟུང་སྟེ་ལོ་ཙཱའི་ཉམས་མྱོང་དང་ལག་ལེན་གྱི་ཐད་ནས་བཀའ་འདྲི་ཞུ་འདོད་བྱུང་བ་ལ། རྒན་ལགས་ཀྱིས་དང་ལེན་ཞུ་རོགས་དང་བཅས་ཐོག་མར་རང་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་སྐུ་ཚེའི་མཛད་རིམ་དང་འབྲེལ་ཏེ་ལོ་ཙཱའི་ལས་ལ་ཇི་ལྟར་ཞུགས་ཚུལ་དང་། ཞོར་དུ་ཉིད་ཀྱིས་རྒྱ་བོད་ལོ་ཙཱའི་རིན་ཐང་ལ་བཟུང་བའི་ལྟ་སྟངས་ག་འདྲ་ཞིག་ཡིན་པ་སོགས་གསུང་རོགས་ཞུ།
རྒན་འགྱན་སངས། སྐུ་ཁམས་བཟང་། ཁྱོད་ཀྱིས་ད་ཐེངས་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་བདག་འདྲར་ལོ་ཙཱའི་ཉམས་མྱོང་ཕྱོགས་ནས་བཅར་འདྲི་གནང་བར། ངས་དབུས་འགྱུར་ལྷ་ལྡན་གྲོང་ནས་བཀའ་དྲིན་ལེགས་འབུལ་གྱི་སྙིམ་པའི་འདབ་མ་བྲང་ཁར་ཟུམ་པ་ཡིན། ཕྲན་ནི་ཐོག་མཐའ་བར་གསུམ་དུ་ཕ་སྐད་མ་སྐད་ཀྱི་འོད་སྣང་ལ་བརྟེན་ནས་སྲོག་གི་རང་མགོ་ཐོན་པ་ཙམ་བྱུང་བས། ལྟོ་མ་བཀྲེན་རྒྱབ་མ་གྲང་ཙམ་གྱི་ངང་ལ་རང་འཁྲིའི་ལས་ཀ་ཙག་ཙིག་དོན་དུ་གཉེར་མཁན་གྱི་ཕོ་ཐ་ཞིག་ཡིན་པ་ལས། བསླབས་པའི་ཡོན་ཏན་ཅན་དང་བྱས་པའི་ལག་རྗེས་ཅན་ཞིག་རྩ་བ་ནས་མ་ཡིན་པ་འདི་རེད་པས། དེ་ཕྱོགས་ཀྱི་གཏམ་ཉོག་རུམ་གང་སྤུངས་ཏེ་ཁྱེད་རྣམ་པའི་སྙན་དབང་སུན་ལ་མི་སྐུར་ཕྱིར། སྐབས་བབ་ཀྱི་དྲི་བ་ལ་ཐད་ཀར་མདོར་ལན་རེ་གདབ་པར་བྱ་བ་ལ།
ཕྲན་ལོ་ཙཱའི་བྱ་བ་ལ་འཇུག་པའི་ཐོག་མའི་ཀུན་སློང་བརྒྱ་ལོ་གོང་མའི་ལོ་རབས༩༠པར་རིག་གནས་དཔྱོད་འཇུག་གི་ལས་ཀ་དོན་དུ་གཉེར་སྐབས་སྐྱེས་པའི་རིག་གནས་ཉམ་ཆག་གི་རྟོག་པ་སབ་སོབ་དེས་བསླངས་པ་ཡིན་ཏེ། སྐབས་དེར་ང་དང་ངའི་རིག་གྲོགས་རྣམས་ཀྱིས། བདག་ཅག་གི་སྲོལ་རྒྱུན་རིག་གནས་དང་། ཁྱད་པར་དུ་འཁོར་བའི་ཁ་སྟབས་ལ་སྡུར་ཤེས་ཀྱིས་ལྟ་ཐུབ་པར་གྱུར་ཅིང་། སྡུར་ཤེས་ཀྱིས་བགྲོ་གླེང་བྱེད་ཤེས་པར་གྱུར་སྐབས་དེར། ལྷག་ཆད་ནུས་སྟོང་གི་ཕྱོགས་ཆ་མང་པོ་ཞིག་འུ་ཅག་ལ་མ་བགོས་རང་ཆས་སུ་གྲུབ་འདུག་ལུགས་ཕྱོགས་ཞེན་རིས་གཅོད་ཀྱིས་མ་བསླད་པའི་ཁྲ་ཆུང་མིག་གིས་ཅུང་ཟད་མཐོང་བར་གྱུར་གཤིས། མགོ་ནག་རྩམ་ཟན་ཞིག་གི་སྐྱེ་བ་བླངས་ཡོད་པའི་ཆ་ནས། དེ་དག་ལ་སྐབས་བསྟུན་བབ་བལྟས་ཀྱིས་སྣོན་འདེབས་གསོས་སྒྲོན་རེ་ཅི་ནས་ཀྱང་བྱ་དགོས་སོ་སྙམ་ནས། ལས་ཞོར་གྱི་ཁོམ་གླགས་ཅི་རིགས་ཆུད་མི་འཛའ་བར་བྱས་ཏེ་ལོ་ཙཱའི་བྱ་གཞག་ལ་ཐོག་མར་ཞུགས་པ་ཡིན།
བཙན་པོའི་སྐབས་ལ་མཚོན་ན། བཙན་པོ་ན་རིམ་གྱིས་རྒྱ་གར་ནག་སྟག་གཟིག་སོགས་ཀྱི་ཤེས་རིག་ནང་དུ་དྲང་རྒྱུའི་མཛད་པ་སྙིང་ལ་རིང་ནས་བརྣགས་གཤིས། སྐད་རིགས་དེ་དག་དང་ཁྱད་པར་དུ་རྒྱ་དཀར་པོའི་སྐད་ཀྱི་ལོ་ཙཱས་ཁ་བའི་ཡུལ་ལུང་འདི་ལ་ཤེས་རིག་གི་འོད་སྣང་སྦར་ཏེ་ལེགས་ཚོགས་ཀྱི་མཚན་མ་ས་ལྒང་རིལ་མོའི་བླ་རུ་ཤར་བཅུག་པ་སྒྲོ་བཏགས་མ་ཡིན་པས། གནས་སྐབས་དེ་དག་ཏུ་དེ་ཕྱོགས་ཀྱི་ལོ་ཙཱའི་རིན་ཐང་བླ་མ་དང་སྟེང་མ་ཡིན་པ་སྨོས་ཅི་དགོས་ཀྱང་། འུ་ཅག་གི་ཡོན་ཏན་པའི་སྡེས་ཐོག་མཐའ་བར་གསུམ་དུ་མ་གོ་བ་རེད་མ་གཏོགས། དོན་ལ་ཉེ་རབས་ནས་བཟུང་། ནུབ་ཕྱོགས་པའི་ཤེས་རིག་རྩ་ལག་གིས་འཇིག་རྟེན་ཁ་དབང་དུ་བསྡུས་པ་ལྟ་བུའི་དགེ་བོགས་དམར་མོ་བཏོན་པས། བརྒྱ་ལོ༡༩པའི་མཇུག་ནས་མགོ་བརྩམས་ཏེ་འཛམ་གླིང་གི་མི་རིགས་ཕལ་མོ་ཆེས་ནུབ་ཕྱོགས་ཤེས་རིག་ནང་འདྲེན་གྱི་དགེ་བོགས་ལ་བརྟེན་ནས་རང་མགོ་ཐོན་ཞིང་གཞན་མགོ་འདྲེན་སྐབས་བྱུང་བ་དངོས་པོའི་གནས་ཚུལ་རང་ཡིན་པ་དེ་རེད། འོ་སྐོལ་ཚོར་མཚོན་ན། ན་ནིང་དོ་ཚིགས་ཕྱི་སྐད་ཕྱི་ཡིག་གི་ལོ་ཙཱ་དོན་དུ་གཉེར་མཁན་ཇེ་མང་དུ་འགྲོ་གིན་ཡོད་སྟབས། དབྱིན་བོད་ལོ་ཙཱར་བརྟེན་ནས་རིག་གནས་ནང་འདྲེན་བྱེད་པའི་མགོ་གསར་དུ་འཛུགས་བཞིན་པ་དེ་རེད་མ་གཏོགས། སྔོན་ཆད་ནུབ་ཕྱོགས་གཙོར་བྱས་པའི་མི་རིགས་གཞན་དང་ཡུལ་ལུང་གཞན་གྱི་རིག་གནས་ནང་འདྲེན་བྱ་དགོས་བྱུང་ན། རྒྱ་བོད་ལོ་ཙཱ་ལ་བརྟེན་པ་ལས་འོས་མེད་དོ། །གཞུང་ལུགས་ཀྱི་ཟབ་ཚད་དང་ལོ་ཙཱ་བའི་གྲངས་ཚད། ལོ་ཙཱའི་ཐབས་རྩལ་སོགས་ཕྱོགས་གང་ཐད་ནས་བརྟགས་ཀྱང་། རྒྱ་བོད་ལོ་ཙཱས་འུ་ཅག་གི་ལོ་ཙཱའི་རྩ་བ་དང་རྐང་བཟུང་འདུག་པ་དེ་ལྟར་རེད་ལ། མ་འོངས་པར་ཡང་དེ་ལྟར་གཟུང་ངེས་རེད་སྙམ་མོ། །
བཅར་འདྲི་བ། དེས་ན་རྒན་ལགས་ཀྱིས་གོང་དུ་བཤད་པའི་བརྩམས་ཆོས་དེ་དག་དམིགས་སུ་བསྒྱུར་བའི་ཀུན་སློང་དང་དགོས་པ་ཅི་ཞིག་ཡིན།
རྒན་འགྱན་སངས། ང་ལོ་ཙཱའི་ཆེད་ལས་མིན་སྟབས། འདི་ཕྱོགས་ཀྱི་གཞུང་ལུགས་ལ་ཟབ་ཚད་མེད་པར་མ་ཟད། འགྱུར་གྲངས་ཀྱང་ཤིན་ཏུ་ནས་ཉུང་ཉུང་ཡིན་མོད། ཁ་ཤས་ཤིག་བསྒྱུར་ཡོད་པ་དེ་དག །ང་དང་ངའི་རིག་གྲོགས་རྣམས་ཀྱིས་འོ་སྐོལ་ཚོའི་རིག་གནས་རྩ་ལག་འདིའི་སྟོང་ཆ་དང་ཞན་ཆ་དག་ལ་དམིགས་ནས། དེ་ཕྱོགས་ལ་སྣོན་འདེབས་གསོས་སྒྲོན་གྱི་ལས་ཀ་ཅུང་ཟད་ཙམ་རེ་བྱ་ཐུབ་ན་བསམས་ནས་སྒྱུར་ཁུལ་བྱས་པ་ཡིན། འུ་ཅག་གི་ཤེས་ཡོན་པ་སྲོལ་རྒྱུན་པ་ཁ་ཅིག་གིས་གཏམ་འདི་འདྲ་ཐོས་པའི་མོད་ལ་ཁོང་ཁྲོ་ལངས། ཚིག་ཆེན་ཟོས་ནས་མི་ཁྱད་དུ་གསོད་ཕྱིར་རྐང་འོག་ཏུ་བརྫིས་འགྲོ་བ་གཤིས་ལ་གྲུབ་པ་དེ་ལྟར་རེད་ཀྱང་། དོན་དངོས་པོའི་གནས་ཚུལ་དེ་རང་ཡིན་པས། རྗེས་མར་ཁྱེད་གཞོན་རབས་པ་རྣམས་ཀྱིས་མུ་མཐུད་ནས་ལོ་ཙཱའི་ཕྱོགས་ལ་ཁུར་སྐྱེད་ཆེན་པོ་གནང་དགོས་རྒྱུ་རེད་སྙམ། དུས་ཚོད་ཀྱིས་མ་འདང་པས། ངའི་ལོ་ཙཱའི་ལས་ཀ་རེ་གཉིས་ཀྱི་མཇུག་ད་དུང་བསྡུས་མེད་ལ། རྩོམ་ཐུང་འགའ་རེ་ཡང་དག་འཆོས་བྱེད་ལོང་མ་བྱུང་བར་ད་ལྟའི་བར་དུ་བཏང་སྙོམས་གྱི་ནར་བཞག་ཡོད།
བཅར་འདྲི་བ། རྒན་ལགས་ཀྱི་མྱོང་ཚོར་ལྟར་ན་ད་ལྟའི་རྒྱ་བོད་ལོ་ཙཱའི་རྩ་དོན་དང་ཚད་གཞི་ཇི་ལྟ་བུ་ཞིག་ཡིན་ན་འགྲིག་སྙམ།
རྒན་འགྱན་སངས། རྩ་དོན་དང་ཚད་གཞིའི་སྐོར་གཞུང་དག་ན་མང་དུ་བསྟན་འདུག་པ་དེ་ལས་ལོགས་པ་ཞིག་ང་ལ་བཤད་རྒྱུ་ཅི་ཡང་མེད་མོད། དོན་བསྡུས་ན། འབྲུ་དོན་རིས་བོར་མེད་པར་མ་ཡིག་གི་དོན་ཇི་བཞིན་ཤོད་པ་དང་། བསྟན་བྱའི་དོན་ཇི་ལྟ་བ་བཞིན་གོ་བདེ་བར་སྟོན་ནུས་པ་གཉིས་སུ་འདུ་སྙམ། དེའི་སྐོར་སྒྲ་སྦྱོར་བམ་གཉིས་སོགས་དང་། ལྕང་སྐྱ་རིན་པོ་ཆེ། དགེ་ཆོས་སོགས་ཀྱི་ལོ་ཙཱའི་གཞུང་ན་ཞིབ་ཏུ་བསྟན་འདུག་པས་ཚིག་གི་སྤྲོས་པ་འགྱེད་མི་དགོས་པར་ཞུ། ངག་དྲིལ་ནས་བཤད་ན། འགྱུར་ཡག་པོ་ཞིག་འཁྱོང་བ་ལ་རྩ་དོན་འདི་གཉིས་ཚང་དགོས་པ་མ་ཟད། དེ་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ལ་འགྲོ་བ་ཞིག་འོང་དགོས་སྙམ་མོ། །དེ་ཡང་མ་ཡིག་གི་དོན་ལེགས་པར་ཤོད་པ་ཁོ་ནས་དོན་ཇི་བཞིན་དུ་གོ་ཐུབ་པའི་ཁྱད་ཆོས་ཐོན་ཡོད་པའི་ངེས་པ་ཡོད་རྒྱུ་མ་རེད་ལ། དོན་ཇི་བཞིན་དུ་གོ་ཐུབ་པའི་ཁྱད་ཆོས་ཡོད་པ་ཁོ་ནས་ཀྱང་མ་ཡིག་གི་དོན་ཇི་བཞིན་བཤད་ཡོད་པའི་ངེས་པའང་དེ་བཞིན་མེད་པ་དཔེར་ན། «དུས་འཁོར་རྩ་རྒྱུད»དང«རྣམ་འགྲེལ»ལྟ་བུ་བོད་སྐད་ལ་གོ་མི་བདེ་ཡང་ལེགས་སྦྱར་གྱི་གཞུང་དང་ཐད་ཀར་སྦྱོར་བདེ་ལ། «འདུལ་བ་ལུང»དང«སྤྱོད་འཇུག»ལྟ་བུ་བོད་སྐད་ལ་གོ་བདེ་ཡང་ལེགས་སྦྱར་གྱི་གཞུང་ལ་ཇི་མ་ཇི་བཞིན་སྦྱོར་མི་བདེ་ལུགས་དགེ་ཆོས་ཀྱིས་གསུངས་པ་ལྟར་རེད་ལ། གནད་འདི་ནམ་རྒྱུན་གྱི་ལག་ལེན་སྟེང་ནས་ང་ཚོས་ཀྱང་གསལ་པོར་མཐོང་འོང་བ་ལྟ་བུ་རེད། ངས་བལྟས་ན། སམ་བོད་སྔ་འགྱུར་རྣམས་ཀྱིས་གནད་འདི་གཉིས་ལེགས་པར་ཐག་བཅད་འདུག་སྙམ་ལ། དེ་དག་ལས་ཀྱང«མངོན་རྟོགས་རྒྱན»དང«མངོན་པ་མཛོད» «སྤྱོད་འཇུག» «བཤེས་སྤྲིངས»ལ་སོགས་པའི་འགྱུར་རྣམས་འུ་ཅག་གི་མཁས་པ་སྔ་རབས་པ་རྣམས་ཀྱིས་འགྱུར་ཡག་ཤོས་སུ་རྩི་བར་བཤད་དེ། དེའང་གཙོ་བོ་གོང་གི་རྩ་དོན་དེ་གཉིས་ཡོངས་སུ་ཚང་ཡོད་པའི་རྐྱེན་གྱིས་རེད་སྙམ། འགྱུར་ཆོས་གང་དེ་གོ་བདེ་མིན་གྱི་གནད་ལ་ཡོན་ཏན་པའི་སྡེ་ཡིན་ཀྱང་གོ་འཛོལ་ཆེན་པོ་ཞིག་བྱུང་འདུག་སྙམ་སྟེ། ཁ་ཅིག་གིས་སློབ་ཆུང་སློབ་མས་བལྟས་ཀྱང་གོ་ཐུབ་ན་བྲིས་དང་འགྱུར་གང་ཡིན་ཀྱང་རབ་དང་ཕུད་ཡིན་པར་འཆད་བཞིན་པ་དེ་རེད་ཀྱང་། ངས་བལྟས་ན་གོ་བདེ་མིན་གྱི་གནད་ནི་ཀློག་པ་པོའི་ཆུ་ཚད་དང་རིག་ཚན། ཆེད་ལས་སོགས་ལ་ལྟོས་པ་ཅན་རེད་མ་གཏོགས། འགྱུར་གང་ཞིག་བློ་རབ་འབྲིང་ཐ་གསུམ་མམ་མཁས་བླུན་བར་གསུམ་དང་། ཆེད་ལས་དང་ཆེད་ལས་མ་ཡིན་པ་སུས་བལྟས་ཀྱང་གསལ་པོར་གོ་དགོས་པའི་དོན་གཏན་ནས་ཡིན་རྒྱུ་མ་རེད་སྙམ་སྟེ། འགྱུར་ཡིག་སྨོས་ཅི་དགོས། གླིང་སྒྲུང་ལྟ་བུ་ཕ་ཡིག་མ་སྐད་དུ་བཞུགས་པའི་སྒྱུ་རྩོམ་རེ་འགའ་མ་གཏོགས། སྒྲུང་རྩོམ་ཡིན་ཀྱང་མཁས་བླུན་བར་མ་ཐམས་ཅད་ཀྱིས་ཁྱད་མེད་དུ་གོ་ཐུབ་པ་ཞིག་སྤྱིར་བཏང་དཔེ་ལ་མི་སྲིད་པ་དེ་རེད། ཆོས་རྗེ་ས་པཎ་གྱིས། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད། །གསུངས་པ་ལྟར་དེང་སང་ལོ་ཙཱ་བ་དང་རྩོམ་འབྲི་བ་ཁ་ཅིག་གིས། ཐམས་ཅད་ཀྱིས་གོ་བདེ་བའི་ཕྱིར་དུ། ཡུལ་སྐད་དང་ལུང་སྐད་མང་པོ་སྤྱད་འོང་བར་མ་ཟད། བཀས་བཅད་གཉིས་པ་དང་གསུམ་པའི་སྐབས་སུ་བཀག་ཚར་པའི“མྱི”དང“མྱིང་པོ།” “རལ་གྱི།” “འགྱོ།” “བྱས་ཙང་།” “འུང་ནས”ཞེས་པ་ལྟ་བུའི་ཡུལ་སྐད་ཐ་དད་པ་མང་པོ་སྤྱད་པས། ཡུལ་འགའ་ཞིག་ལ་བརྡ་དེ་རིགས་མ་གྲགས་པའི་སྟོབས་ཀྱིས་བརྗོད་བྱའི་དོན་བསྒྲིབས་ནས་གོ་བར་མི་འགྱུར་བ་དེ་ལྟར་རེད་ལ། ཡང་མདོ་ཁམས་ཀྱི་རྩོམ་འབྲི་བ་དང་ལོ་ཙཱ་བ་ཁ་ཅིག །ཡུལ་ལུང་ག་གེ་མོའི་ཡི་གེ་བ་སྤྱི་སེམས་བོར་ཚར་པ་དག་གིས་རང་རང་གི་ལུང་སྐད་རང་དུ་བྲིས་པའི་བརྡ་དང་ཐ་སྙད་དག་གི་རྗེས་སུ་དཔྱོད་པ་མེད་པར་འབྲང་གི་འདུག་སྟེ། དོན་གོ་བ་ལ་ཕན་མི་ཐོགས་ཁར། ཕ་ཡིག་མ་སྐད་ཀྱི་གཅིག་གྱུར་དང་ཚད་ལྡན་ལ་གནོད་པའི་གེགས་ཅི་རིགས་བྱེད་བཞིན་ཡོད་པར་མཐོང་།
བཅར་འདྲི་བ། རྒན་ལགས་ཀྱིས་བལྟས་ན་རྒྱ་བོད་ལོ་ཙཱ་བ་ཞིག་ལ་མཚོན་ན། གཞུང་ལུགས་དང་ལག་ལེན་གཉིས་ཇི་ལྟར་ཟུང་འབྲེལ་བྱེད་དགོས་པ་ཡིན།
རྒན་འགྱན་སངས། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏེ། སྨན་པ་ཞིག་ལ་ཆ་བཞག་ན། སྨན་གཞུང་དང་ནད་ཐོག་ལག་ལེན་གཉིས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་ཇི་བཞིན་ནོ། །གཞུང་ལགས་མེད་པའི་གཏར་སྲེག་དཔྱད་ཀྱིས་མི་སྲོག་ངེས་མེད་དུ་འཇོམ་འགྲོ་ལ། ལག་ལེན་མེད་པའི་གཞུང་གི་གོ་བ་ཡང་དེ་བཞིན་དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་དང་འདྲ་ལུགས་གཞུང་དག་ན་མང་དུ་བསྟན་འདུག་པ་ལྟར་ཏེ། ལོ་ཙཱ་ཡང་དེ་ལས་མ་འདས་སོ། །དེའི་ཕྱིར། ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་སྒྲ་སྦྱོར་བམ་པོ་ནས་ཕྱི་དར་སྐབས་ཀྱི་ལོ་ཆེན་དང་རྔོག་ལོ། ས་པཎ། ཤོང་ལོ། དཔང་ལོ། ཞ་ལུ་ལོ་ཙཱ་བ་སོགས་དང་། དེ་ནས་མར་བརྩིས་པའི་ཁྲིམས་ཁང་ལོ་ཙཱ་བ། སྐྱོགས་སྟོན། སི་ཏུ་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། དགེ་ཆོས་བར་གྱི་ལོ་ཙཱའི་གཞུང་ལུགས་སམ་དགོངས་པའི་སྐོར་ལ་ངེས་ཆ་ཅུང་ཟད་ཡོད་དགོས་པར་མ་ཟད། དེང་རབས་ནུབ་ཕྱོགས་པའི་ལོ་ཙཱའི་གཞུང་ལུགས་གསར་པ་དག་ལ་དེ་བས་ཀྱང་མཐོང་ཆེན་བྱ་དགོས་སྙམ། དེ་ལྟ་བུའི་གཞུང་ལུགས་ཀྱི་སྣེ་ཤན་འོག་ནས་ལོ་ཙཱའི་ལག་ལེན་མང་དུ་བྱས་ནས་ཉམས་མྱོང་རྒྱ་ཆེར་གསོག་དགོས་སྙམ་སྟེ། དཔེར་ན། རྣམ་དབྱེ་དང་ཚིག་ཕྲད། ཚིག་སྡུད། རྣམ་གཅོད་ཀྱི་སྒྲ། མངོན་བརྗོད། གབ་ཚིག དོན་གཅིག་པའི་མིང་། དུས་གསུམ་ལ་སོགས་པའི་བྱེ་བྲག་གི་སྒྱུར་ཐབས་རྣམས་ལག་ལེན་དངོས་ལས་ཤེས་དགོས་པ་ལྟ་བུ་རེད། ཆོས་རྗེ་ས་པཎ་སོགས་ཀྱིས། ཚིག་གི་དོན་ལེགས་པར་ཤེས་འདོད་ན། རིག་པའི་གནས་ལྔ་པོ་ལ་སྦྱང་བ་སྔོན་དུ་འགྲོ་དགོས་པར་མ་ཟད། ཁྱད་པར་དུ་སྒྲ་དང་སྡེབ་སྦྱོར། སྙན་ངག །མངོན་བརྗོད་སོགས་ལ་འདྲིས་དགོས་པར་བསྟན་པ་ལྟར། ལོ་ཙཱ་བ་རབ་ཅིག་འཁྱོང་བ་ལ། ལག་ལེན་ཡོད་པ་གཅིག་པུས་ཀྱང་མི་ཆོག་པར་སྲོལ་རྒྱུན་གྱི་གཞུང་ཅི་རིགས་པར་དཔེ་ཀློག་རྒྱ་ཆེན་གནང་སྟེ་བོད་རྒན་པོའི་ངག་རིག་ཁོང་དུ་ཆུད་དགོས་པར་མ་ཟད། གཞུང་དག་ལས་འབྱུང་བའི་བརྡ་དང་ཐ་སྙད་ཀྱི་སྲི་ཚགས་གསོག་རུན་ལའང་དེ་ལྟར་འབད་དགོས་སྙམ། འུ་ཅག་ལ་མཚོན་ན། རིག་ཚན་ནམ་ཆེད་ལས་ཕྱོགས་ཀྱི་ལོ་ཙཱའི་གསོ་སྦྱོང་མེད་པ་དེ་སྐྱོན་ཆེན་པོ་ཞིག་རེད། གལ་ཏེ་དེ་འདྲ་ཡོད་ཚེ་གཞུང་ལུགས་དང་ལག་ལེན་གཉིས་རང་ཤུགས་སུ་ཟུང་འབྲེལ་བྱས་འོང་བས། བསམ་གཟས་ནས་དེ་ཕྱོགས་ལ་ཤུགས་རྒྱག་དགོས་རྒྱུ་མ་རེད་འདོད།
བཅར་འདྲི་བ། དེང་སྐབས་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་གསར་བྱུང་གི་མིང་བརྡ་གང་མང་ཞིག་ཐོན་དང་འཐོན་བཞིན་འདུག རྒན་ལགས་ཀྱིས་བལྟས་ན་མིང་བརྡ་གསར་བ་འདི་དག་བོད་སྐད་དུ་སྒྱུར་དུས་མཉམ་འཇོག་དགོས་ས་གང་དག་ཅིག་མཆིས།
རྒན་འགྱན་སངས། བརྡ་དང་ཐ་སྙད་སྔར་ཡོད་རྣམས་ལ་རྒྱུས་བླངས་ཏེ་སྔར་འཁྱུད་ལྟར་སྤྱད་དགོས་སྙམ་ཏེ། འདུལ་གཞུང་གིས་མཚོན་པའི་གཞུང་རྙིང་པ་དག་ན་རིག་གནས་ལྟ་སྤྱོད་དང་འཚོ་བའི་ཉེར་སྤྱད། བྱ་བྱེད་ལས་གསུམ་དང་འབྲེལ་བའི་བརྡ་དང་ཐ་སྙད་གྲངས་མཐའ་མེད་པ་ཡོད་པ་དེ་དག་ལ་ཐོས་བསམ་བྱས་ཏེ་ཉེ་བར་སྤྱད་དགོས་ལ། མེད་པ་རྣམས་ལ་བརྡ་གསར་པ་སྦྱར་རྒྱུ་ལས་འོས་མེད་དེ། དེང་སང་རིག་གནས་དང་ཚན་རྩལ། དཔལ་འབྱོར་སོགས་ཉིན་ཞག་གི་ཡུན་ལ་འཕེལ་སྐྱེད་ཆེན་པོ་འབྱུང་བཞིན་ཡོད་པ་དེ་དག་ནང་འདྲེན་མི་བྱ་ཐབས་མེད་རེད་ལ། དེ་ལ་ད་ཡོད་ཀྱི་བརྡ་དང་ཐ་སྙད་གཅིག་པུས་ག་ལ་འདང་། ཡིན་ནའང་། བརྡ་གསར་པ་སྦྱོར་སྐབས་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་ཞིང་བརྗོད་དོན་ཡང་དག་པར་སྟོན་ཐུབ་པ། བརྡ་སྤྲོད་ཀྱི་ལུགས་དང་མི་འགལ་བའི་གནད་ལ་དགོངས་པ་ཞིབ་ཏུ་བཞེས་ནས་ཐུན་མོང་གིས་གཏན་ལ་དབབ་རྒྱུ་ཤིན་ཏུ་ནས་གལ་ཆེན་རེད་སྙམ་སྟེ། དེ་སྐད་དུ་ལོ་ཆེན་ཞབས་ཀྱིས། “ཟབ་མོ་གཟུངས་སྔགས་ཀྱི་གོ་དོན་འཁྱོག་བཤད་དང་། རང་བཟོའི་ཚིག་གི་ལྷད་བཅུག་པ། བརྡ་དང་ཐ་སྙད་གང་བྱུང་དུ་སྦྱོར་བ་བཅས་ནི་རང་གཞན་འཕུང་བའི་རྒྱུ་སྟེ། གསང་སྔགས་རྒྱུད་དང་སྔགས་ཀྱི་ཚིག་ཐུ་བས་རང་དགར་བསྒྱུར་མི་རུང་བ། བསྒྱུར་ཀྱང་རང་གི་གོ་བས་མ་བཅད་པར་བླ་མ་དང་སློབ་དཔོན་ལ་བརྟེན་པ་གལ་ཆེ”གསུངས་པ་ལྟར་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་ཞབས་ཀྱིས། “བརྡ་སྦྱོར་གྱི་གཞུང་འདི་དང་གཞན་དག་ཏུ་མ་བྱུང་བའི་བརྡ་གསར་དུ་སྦྱོར་དགོས་པ་བྱུང་ན། རང་རང་གི་སར་འདོད་པས་རང་དགར་མི་འདོགས་པར་བསྒྱུར་བའི་གྲྭར་གཏུགས་ཏེ་གཞུང་དང་གཏན་ཚིགས་དང་མི་འགལ་བར་བསྒྱུར་བར་བྱའོ”གསུངས་པ་ལྟར་རོ། །དེ་རིང་ཁ་སང་ས་གནས་སོ་སོ་ན“བརྡ་ཆད་ཨུ་ཡོན་ལྷན་ཁང”ལྟ་བུའི་དེ་འབྲེལ་གྱི་བསྒྱུར་གྲྭ་གང་རུང་བཙུགས་ཡོད་པ་ཐལ་སྦྱར་རྗེས་སུ་ཡི་རང་ཞུ་ཡུལ་ཡིན་པ་སྨོས་ཅི་དགོས་ཀྱང་། གྲྭ་དག་ན་ལོ་ཙཱའི་མཁན་པོ་དང་བརྡ་སྤྲོད་མཁན་པོ་ཉུངས་བསྡད་པ་དེ་ཅུང་ལེགས་མ་སོང་སྙམ། བོད་ལ་ཆ་བཞག་ན། འགྱུར་བཅད་ཁོ་ནར་མ་ཟད། དག་ཡིག་དང་ཚིག་མཛོད་ཀྱང་མི་སྒེར་གྱི་ཞེ་འདོད་ལྟར་གང་བྱུང་གིས་སྒྲིག་པ་དར་སྲོལ་ཆེ་བ་འདི་རེད་མོད། མི་རིགས་གཞན་དང་ཡུལ་ལུང་གཞན་ལ་བཀས་བཅད་ལས་དེ་འདྲའི་ལུགས་སྲོལ་མེད་པར་གཞིགས་ན། འུ་ཅག་གི་དེའང་ཅི་འདྲ་ཞིག་ཡིན་ནམ་སྙམ།
བཅར་འདྲི་བ། རྒན་ལགས་ཀྱིས་བསྒྱུར་གནང་མཛད་པའི«བྲོད་སེམས་ཀྱི་སྟོབས་ཤུགས»ཞེས་པར་ཀློག་པ་པོ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་འདུག །དེས་ན་རྒན་ལགས་ཀྱིས་འགྱུར་རྩོམ་འདི་བསྒྱུར་བའི་ཐོག་མའི་ཀུན་སློང་དང་གོ་རིམ། ཉམས་མྱོང་སོགས་གསུང་རོགས་ཞུ།
རྒན་འགྱན་སངས། དེབ་འདི་བསྒྱུར་པའི་ཀུན་སློང་ངས་གོང་ནས་ཞུས་ཟིན་པ་ལྟར་ཏེ། ཁ་བ་ཅན་ལ་འཇིག་རྟེན་ལས་འདས་པའི་མི་ཆོས་ཀྱི་གཞུང་ལུགས་རྒྱ་ཆེ་ཞིང་གཏིང་ཟབ་ལ། གྲངས་མང་ཡོད་པ་དེ་ལྟར་རེད་ཀྱང་། རྩ་ལག་ཅན་དུ་གྱུར་ཅིང་ངོ་བོའི་སྒོ་ནས་འཁོར་བའི་འཚོ་ཚིས་ལ་འཇུག་པར་སྐུལ་བའི་མི་ཆོས་ཀྱི་གཞུང་ཕལ་ཆེར་མེད་པ་དེ་རེད། འདི་ལྟར་བཤད་ན་འུ་ཅག་གི་སྟེང་ན་འཁོར་འདུག་པའི་མི་མང་པོ་ཞིག་ཁོང་ཁྲོ་ལངས། ཚིག་པ་ཟོས་ནས་ཁྱད་གསོད་ཀྱི་རྐན་སྒྲ་དྲག་ཏུ་བརྡབ་འོང་ངེས་ནའང་དོན་ལ་དེ་ལྟར་རེད་དེ། འུ་ཅག་གི་ལེགས་བཤད་དང་བསླབ་བྱ། བློ་སྦྱོང་། ལུགས་ཀྱི་བསྟན་བཅོས་སུ་བཏགས་པའི་གཞུང་དེ་དག་གིས་ཡ་རབས་མ་རབས་དང་དྲང་ལྡོག་ལེགས་ཉེས་སོགས་ཀྱིས་མཚོན་པའི་མི་གཤིས་ཀྱི་གནས་ལུགས་སྤྱི་བམ་ཙམ་ལས། འཇིག་རྟེན་གྱི་དོན་བྱེ་བྲག་པར་བབས་ཏེ་འཁོར་བའི་བྱ་གཞག་གི་སྙིང་པོ་དང་། དེ་ལ་འཇུག་པའི་ཐབས་ཤེས། དེ་ལ་དམིགས་ནས་བཅས་པའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅི་ཞིག་བསྟན་འདུག་གམ། འདིའི་སྐོར་བྱེ་བྲག་ཏུ་རྩོམ་གཞན་ཞིག་ཏུ་བཤད་རྩིས་ཡིན་པས་སྐབས་འདིར་བཏང་སྙོམས་སུ་གཞག་ཆོག་པར་ཞུ། གང་ལྟར་ཁོ་བོས་དེ་ལྟ་བུའི་མི་ཆོས་ཀྱི་སྟོང་ཆ་དག་ལ་དམིགས་ནས། དེབ་ཚོགས་དེའི་སྒྲིག་གཙོ་ལགས་ཀྱིས་དགོངས་འཆར་གནང་བ་དང་དུ་བླངས་ཏེ་ལས་ཀའི་ཁོམ་གླགས་ཅི་ཡོད་བེད་སྤྱད་ནས་སྒྱུར་ཁུལ་བྱས་པ་ཡིན། དེའང་ཐོག་མར་མ་ཡིག་གི་བརྗོད་བྱ་དོན་སྒྱུར་དང་བསྡུས་སྒྱུར་གྱི་ལམ་ནས་གསལ་པོར་སྟོན་ཆེད་མ་ཡིག་གི་ཚིག་ཟིན་ལ་བསྟུན་ཅི་ཐུབ་བྱས་པ་ཡིན་ལ། བསྒྱུར་ཚར་རྗེས་རང་སྐད་རྣལ་མའི་ཁྱད་ཆོས་ཅུང་ཟད་ཐོན་ཆེད། མ་ཡིག་བཞག་ནས་བུ་ཡིག་ཁོ་ནར་ཞུ་དག་འཕྲི་སྣོན་ཐེངས་འགའ་བཏང་བ་ཡིན། འགྱུར་དེ་ལ་བརྡ་དང་ཐ་སྙད་རྙིང་པ་འགའ་རེ་སྤྱད་ཡོད་པ་མཁས་འདོད་གྲགས་འདོད་མ་ཡིན་པར་དེ་རྣམས་བརྗེད་ངས་ཀྱི་རྐུན་པོའི་ལག་ཏུ་མི་འཇོག་ཆེད་ཡིན། ཞིབ་ཏུ་དེབ་དེའི་འགྱུར་བྱང་དུ་ཅུང་ཙམ་བྲིས་ཡོད་པས་དེར་གཟིགས་རོགས་ཞུ། འགྱུར་གྱི་མ་ཡིག་དེ་འདྲ་མི་དག་པ་དང་ཁོ་བོ་རང་ཉིད་ཀྱིས་ཀྱང་ཅུང་ཟད་མ་འཇོན་པ་སོགས་ཕྱི་རྐྱེན་ནང་རྒྱུ་དུ་མའི་དབང་གིས། འགྱུར་ཆོས་ལ་དེ་འགལ་མ་ངེས་མ་དག་པའི་སྐྱོན་ཅི་རིགས་གྲུབ་ཡོད་གོར་མ་ཆག་ན། ཁྱེད་རྣམ་པས་དེ་ལུགས་ཀྱི་དགག་གཞག་སྤོང་གསུམ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ། གཞན་ཡང་དཔེར་ན། མདའ་ཉེ་འབེན་རྒྱང་དང་མདའ་ཉེ་འབེན་འགྱང་ཞེས་པ་གཉིས་ཀྱི་དང་པོ་ནི་ཉེ་རིང་ཆགས་སྔང་གི་དོན་དང་། གཉིས་པ་ནི་ཁ་བཤད་ལག་ལེན་ལ་མི་འདེབས་པའི་དོན་ཡིན་པས་མཚོན། ཚིག་ཟུར་ཙམ་གྱི་ནུས་པས་དོན་ལ་ཁྱད་པར་ཆེན་པོ་ཕྱེ་ཡོད་པའི་གྲུབ་ཚིག་དེ་རིགས་ཀྱང་གང་ལ་གང་འཚམ་གྱིས་སྤྱོད་ཁུལ་བྱས་ཡོད་ནའང་། དོན་གོ་བའི་ཡན་ལག་ཏུ་ཞབས་མཆན་དང་དཀྱུས་མཆན། ཟུར་མཆན་སོགས་གང་ཡང་མ་བཏབ་པ་དེའང་ཁོ་བོའི་འགྱུར་དེབ་དེའི་སྐྱོན་ཞིག་རེད་བསམ་གི་ཡོད།
བཅར་འདྲི་བ། རྒན་ལགས་ཀྱི་འགྱུར་དེབ«བྲོད་སེམས་ཀྱི་སྟོབས་ཤུགས»ལས་ལེའུ་བརྒྱད་པའི་ཚན་པ་བཞི་པ་རུ་བཀོད་པའི«སྡུག་སྦྱོང་གཏོང་མཁན་མི་དེ་དྲིན་ཅན་ཡིན»ཞེས་པ་བོད་ཡིག་ཏུ་བསྒྱུར་སྐབས་ཧྲིལ་སྒྱུར་མ་བྱས་པར་ཕྲི་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་རྩོམ་ལ་འདོར་ལེན་གང་ཅི་མཛད་དོན་ཅི། དེ་ལྟར་བྱས་ན་ཕན་པ་ཅི་ཞིག་ཡོད།
རྒན་འགྱན་སངས། དེབ་དེའི་མ་ཡིག་དཔེ་སྐྲུན་ཁང་གིས་བསྡུས་སོང་བས། དེའི་སྐོར་ངས་ད་ལྟ་གསལ་པོ་ཞིག་དྲན་གི་མི་འདུག་མོད། འགྱུར་དེ་དཔེ་སྐྲུན་ཁང་གི་བཀའ་ལྟར་སྒྱུར་སྒྲིག་བྱས་པ་ཡིན་སྟབས། ཕལ་ཆེར་རྩོམ་དེ་ལ་དཔེ་ཆོས་འགའ་དྲངས་ཡོད་པ་ལས། ཁག་ཅིག་ཕྱོད་ཆེ་བས་བསྒྱུར་ཅིང་། ཁག་ཅིག་དོན་ལ་ཤིན་ཏུ་འབྱོར་ཞིང་ངོ་མཚར་ཆེ་བ་དེ་འདྲ་མིན་པས། བསྒྲུབ་བྱའི་དོན་དེ་ཡང་དག་པར་སྒྲུབ་ལ་གཏན་ཚིགས་ཀྱི་ཕན་རླབས་ཆེན་པོ་མི་འདུག་སྙམ་ནས་བཞག་པ་ཡིན། མཇུག་གི་བརྗོད་བྱའི་ཁག་ཅིག་ཀྱང་བཅད་ནས་བསྒྱུར་མེད་པ་དེ། བརྗོད་དོན་ལ་ཟློས་སྐྱོན་ཡོད་པར་འདོད་རྐྱེན་གྱིས་ཡིན་ཤས་ཆེ།
བཅར་འདྲི་བ། «དབྱིན་ཇིའི་གསར་བརྗེ»ཞེས་པའི་འགྱུར་དེབ་འདིའི་བརྗོད་བྱ་གཙོ་བོ་ཅི་ཡིན་པ་དང་དེ་བོད་ཡིག་ཏུ་བསྒྱུར་བའི་དགོས་པ་དང་སྒྱུར་སྟངས་ག་འདྲ་ཞིག་ཡིན།
རྒན་འགྱན་སངས། དེབ་དེ་ཡང་དཔེ་སྐྲུན་ཁང་གི་བཀའ་ལྟར་སྒྲིག་སྒྱུར་བྱས་པ་ཞིག་སྟེ། བརྗོད་བྱ་གཙོ་བོ༡༦༠༣ལོ་ནས༡༦༨༩ལོའི་བར་ལ་བྱུང་བའི་དབྱིན་ཇིའི“གཟི་བརྗིད་ཀྱི་གསར་བརྗེའི”བྱུང་རབས་ཏེ། སྐབས་དེའི་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་དང་། དབྱིན་ཇིའི་རྒྱལ་ཁབ་རང་གི་སྤྱི་ཚོགས་དང་ཆབ་སྲིད། ཆོས་ལུགས་སོགས་ཀྱི་གནས་སྟངས་བསྟན་པའི་ལོ་རྒྱུས་ཀྱི་གཞུང་ཞིག་རེད། ཁོང་ཚོས་གསར་བརྗེ་དེ་ལ་གཟི་བརྗིད་ཞེས་པའི་མཚན་གྱི་ཅོད་པན་དེ་འདྲ་འདོགས་དགོས་དོན་ནི། དབྱིན་ཇིའི་རྒྱལ་རྒྱུད་ཀྱི་འཁོས་ཀ་ཞན་ཞིང་། ཆོས་གསར་གྱི་དབུ་རྨོག་བཙན་པ། ཧྥ་རན་སིའི་ཕྱིས་གནོན་མྱངས་པ་སོགས་ཕྱི་རྐྱེན་ནང་རྒྱུའི་དབང་གིས། དབྱིན་ཇི་དྲག་སྤྱོད་ཀྱི་ལམ་དུ་བགྲོད་མ་དགོས་པར་ཞི་ལམ་ནས་གསར་བརྗེ་མངོན་དུ་བྱས་པར་མ་ཟད། དེའི་རྗེས་ཀྱི་དབྱིན་ཇིའི་མང་གཙོ་གྲོས་ཆོད་ལམ་ལུགས་དང་ཆོས་ལུགས་རང་དབང་གི་སྲིད་ཇུས་སོགས་བྱུང་བར་ཡང་ཉེར་སྡོག་མི་ལྕོགས་མེད་པར་བྱས་པའི་རྒྱུ་མཚན་གྱིས་སོ། །དེ་བོད་ཡིག་ཏུ་བསྒྱུར་པའི་དགོས་པ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དགོངས་པ་ལྟར། ཡུལ་ལུང་འདིའི་སློབ་གྲྭ་ཆེ་མ་ཆུང་གསུམ་ལ་མི་ཚུལ་རིག་གནས་ཕྱོགས་ཀྱི་བཀླག་བྱའི་བདག་རྐྱེན་བསྐྲུན་པ་དེ་རེད། དེའང་གོ་བདེའི་ཡོན་ཏན་ལ་གཙོ་བོར་དམིགས་པ་ཡིན་གཤིས། དོན་སྒྱུར་དང་ཕྲི་སྒྱུར། བསྡུས་སྒྱུར་ཀྱི་ཐབས་ལམ་སྤྱད་ནས་འབྲུ་ཉུང་དོན་འདུས་སུ་སྒྱུར་ཁུལ་བྱས་པ་ཡིན་མོད། དེ་སྐད་དུ་ལོ་ཆེན་དགེ་ཆོས་ཞབས་ཀྱིས། “རྒྱ་དཔེ་དང་བོད་དཔེ་བསྡུར་ན། མང་ཉུང་ཤིན་ཏུ་ཆེ་བས་རྒྱ་སྐད་འདུ་ཆེ་སྙམ་ནའང་མིན་ཏེ། སྤྱིར་འགྱུར་དེ་བསྒྱུར་བྱ་ལས་མང་ཙམ་མ་བྲིས་ན་མི་གསལ་བ་སྐད་ཐམས་ཅད་ལ་འདྲ་ཞིང་། ད་དུང་ཚིག་གི་དབང་དུ་བྱས་ན། རྒྱ་ཚིག་བརྒྱད་པ་རྣམས་བོད་སྐད་ལ་ཚེག་བར་བདུན་དང་། བཅུ་པ་རྣམས་དགུར་བསྒྱུར་པས། བཀླགས་ན་བོད་སྐད་ཉུང་ཡང་སྔོན་རྗེས་ཀྱི་ཡིག་ཚོགས་ཆེ་བས་བོད་དཔེ་བོངས་ཆེ་བར་སྣང་བ་ཙམ་མོ”གསུངས་པ་ལྟར་བོད་འགྱུར་གྱི་འབྲུ་ཅི་ཙམ་གྱིས་ཉུངས་ནའང་། མ་ཡིག་ལས་བོངས་ཚོད་ཆེ་བ་གནས་ལུགས་ཡིན་པས། ངའི་འགྱུར་ལའང་མ་ཡིག་ལས་ཤོག་ངོས་གཉིས་གསུམ་ཙམ་གྱིས་མང་འདུག་པའི་སྐྱོན་ལྷགས་སོང་བར་ངས་གཅོད་གཏུབ་བྱ་མི་དགོས་པའི་ཐབས་ཤེས་སྣ་ཚོགས་བཏང་བ་ཡིན་མོད། མཐར་ཐུག་ཤོག་ངོས་ཁ་ཤས་མི་གཡུག་ཐབས་མེད་བྱུང་སོང་བས། ཀློག་པ་པོ་རྣམས་ལ་ཐུགས་དགོངས་འཇགས་གནང་རོགས་ཞུས་པ་ཡིན་ལ། རྗེས་མར་གོ་སྐབས་འདྲ་བྱུང་ན་ཁ་ཚང་ངེས་ཅན་དཔར་ན་བསམ་གི་ཡོད།
བཅར་འདྲི་བ། རྒན་ལགས་ཀྱིས་ཨེན་སི་ཏེན་གྱི«བདག་གི་འཇིག་རྟེན་ལྟ་ཚུལ»ཞེས་པ་འདི་བསྒྱུར་དུས་ཐད་སྒྱུར་གྱི་ཐབས་མ་སྤྱད་པར་སྤྲོས་སྒྱུར་བྱེད་དོན་ཅི་ཡིན།
རྒན་འགྱན་སངས། དེའི་མ་ཡིག་ཟབ་དྲགས་ཁར། རྒྱ་ཡིག་གི་འགྱུར་ཡང་དེ་འདྲ་གོ་མི་བདེ་བ་ལ་དམིགས་ནས་ཐོག་མར་དོན་སྒྱུར་བྱེད་ཁུལ་བྱས་པ་ཡིན་མོད། འགྱུར་གྲུབ་རྗེས་ཅུང་ཟད་བཞག་ནས་བསྐྱར་དུ་ཀློག་སྐབས། ཚིག་ཁ་ཤས་གྱོང་ཞིང་མཁྲེགས་ལ། རྗོད་པ་མི་བདེ་བ། རང་ཉིད་ཀྱིས་ཀྱང་གོ་དཀའ་བ་སོགས་ཀྱི་སྣང་བ་ཞིག་བཅོས་མིན་དུ་བྱིན་སོང་བས། མ་ཡིག་ལ་མ་བལྟས་པར་ཚིག་གི་ལྷན་པ་སྣ་ཚོགས་བཏབ་ནས་སྤྲོས་པ་ཅན་དུ་བྱས་པ་ཡིན་མོད། དོན་གྱི་གོ་བ་ཇི་ལྟ་བ་བཞིན་ཐོན་པ་ལ་ཕན་ཐོགས་ཡོད་མེད་ཤེས་མ་སོང་།
བཅར་འདྲི་བ། «བྲོད་སེམས་ཀྱི་སྟོབས་ཤུགས»ཞེས་པའི་འགྱུར་བྱང་དུ“གཞན་གྱི་རིག་གནས་བསམ་བློ་ཚུར་ལེན་སྐབས། བཤད་བཤད་ལ་ཉན་རྒྱུ་དང་སྟེར་ཚད་ལ་ཟ་རྒྱུ་མེད་པའི་གནས་ལུགས་དེ་བཞིན། ང་ཚོས་ཀྱང་བརྗོད་དོན་གྱི་འགངས་ཆེ་ཆུང་ལ་དམིགས་ཏེ་དོན་སྒྱུར་མཁོ་བ་ལ་དོན་སྒྱུར་དང་། བསྡུས་སྒྱུར་མཁོ་བ་ལ་བསྡུས་སྒྱུར། ཕྲི་སྒྱུར་མཁོ་བ་ལ་ཕྲི་སྒྱུར་སོགས་གང་ལ་དེ་འགབ་ཀྱི་ཐབས་སྤྱད་ཡོད་པ་ལས། མཐར་ཆགས་འབྲུ་འདེད་ཀྱི་ལམ་ནས་ཚིག་དོན་རེ་རེ་བཞིན་བསྒྱུར་བའི་ངལ་བ་སྤངས་ཡོད”ཅེས་བཀོད་པ་དེས་རྒན་ལགས་ཀྱི་ལོ་ཙཱའི་ལྟ་དགོངས་མཚོན་པ་ཡིན་ནམ། དེའི་སྐོར་ནས་ཅུང་ཟད་གསུང་རོགས་ཞུ།
རྒན་འགྱན་སངས། ལོ་ཙཱའི་ལྟ་དགོངས་ཞེས་པ་ཆེད་ལས་མིན་པ་བདག་ལྟ་བུ་ལ་སྦྱར་ན་བོང་བུ་ལ་གསེར་སྒ་བསྟད་པའི་དཔེར་སོང་ཡོད་པས། འཚམ་པོ་རང་ཡོད་པ་མ་རེད་མོད། བསྒྱུར་བྱ་གང་ཞིག་སྒྱུར་སྐབས། རང་རིགས་ཀྱི་རིག་གནས་འཛིན་སྲུང་སྤེལ་གསུམ་དང་དེ་ཕྱོགས་ཀྱི་རྟོགས་པ་སད་ལ་ཕན་ཐོགས་དང་དགོས་བྱེད་ཡོད་མེད་ལ་བལྟས་ནས་བསྒྱུར་རྒྱུ་ངའི་ལོ་ཙཱའི་ལྟ་བ་ཙམ་པོ་ཡིན། དེང་སང་གི་ལོ་ཙཱ་བ་རྒན་རབས་པའི་གྲས་ན། དེ་ལྟ་བུའི་གནད་ལ་དགོངས་པ་མི་བཞེས་པར་དུས་ལས་ཡོལ་བའི་བསྒྱུར་བྱ་ལག་ལ་གང་འོང་དང་གང་བདེ་རྣམས་ངེས་མེད་དུ་སྒྱུར་མཁན་ཡང་འདུག་སྟེ། དེ་དག་བསྒྱུར་པས་དགོས་བྱེད་ཅི་ཞིག་ཡོད་ན་བསམ་གི །དེར་མ་ཟད། འདམ་ག་མེད་པའི་རིག་གནས་ནང་འདྲེན་གྱི་ལོ་ཙཱ་ལ་ཕན་གནོད་ཅི་ཞིག་ཡོད་མེད་གཏེར་ལས་རྙེད་པའི་ཤོག་དྲིལ་ཞིག་ན། མེས་ཨག་ཚོམ་གྱིས་མཐའ་བཞིའི་རྒྱལ་པོ་བཏུལ་པས། མཐའ་བཞིའི་རྒྱལ་པོས་གཅན་གཟན་དང་རི་དྭགས་ཀྱིས་མཚོན་པའི་རྒྱལ་མཚན་ཕུལ་ནས་བཀའ་ལ་ཉན་པར་གྱུར་ནའང་། རྒྱལ་པོ་དེ་བཞི་སེམས་ཀྱི་གདུག་པ་དང་མ་བྲལ་བར“བོད་རྡོལ་བ་ཅན”འཕུང་བའི་ཐབས་ལ། སོ་སོས་གབ་ཙེ་སུམ་བརྒྱ་དྲུག་ཅུ་བདེན་བརྩན་ཕྱེད་མ་ཅན་དང་། ཆོས་དང་ངན་སྔགས་མཉམ་བསྲེས་ཅན། རྒྱུ་ནོར་ལོངས་སྤྱོད་ཞད་སྐྱོན་ཅན་སོགས་བཏང་བའི་ལོ་རྒྱུས་ཤིག་བྲིས་ཡོད་པ་དཔྱད་བཟོད་ཡིན་མིན་མི་ཤེས་མོད། རིག་གནས་ནང་འདྲེན་བྱེད་སྐབས་ཕན་གནོད་ལ་བལྟ་དགོས་པར་གདམས་པ་ལ་དོགས་པ་ཅི་ཡང་གཟུང་མི་དགོས་པ་ལྟ་བུའོ། །
བཅར་འདྲི་བ། རྒན་ལགས་ཀྱིས“དུས་ཀྱི་གཉན་འཕྲང་འདི་འདྲའི་སྐབས་སུ། གངས་ཀྱི་འཁོར་བའི་མེ་ཁ་གསོ་ལ་ཐུགས་གཏད་པའི་ཁ་བའི་སྨྱུག་འཛིན་དབང་པོ་རྣམས་དང་། ལྷག་པར་དུ་ལྗོངས་འདིའི་འཇིག་རྟེན་མིག་ཏུ་སྐྱེ་བ་བཞེས་པའི་རིག་པའི་སྒྲོན་མེ་རྣམས་ཀྱིས། རང་ཉིད་ཀྱི་ཕྲག་གོང་དུ་བབས་པའི་ཟློག་མེད་ཀྱི་འཁྲི་ཆ་གང་དེ། ཕར་གཏོང་པདྨ་ཁ་འབྱེད་མ་ཡིན་པར་ཚུར་ལེན་སྒྲོ་བ་ཁ་གཟེད་ཡིན་པའི་གནད་འདི་ཅི་ནས་ཀྱང་ཡིད་ལ་ངེས་དགོས”ཞེས་གསུངས་དོན་ཅི།
རྒན་འགྱན་སངས། སྐད་ཆ་འདི་གཙོ་བོ་ང་རང་ཚོའི་ཕྲག་གོང་དུ་བབས་པའི་འགན་འཁྲི་ལ་བལྟས་ནས་བཤད་པ་ཡིན། ལར་མི་རིགས་སུ་དང་གང་ཞིག་ཡིན་ཀྱང་། ལོ་ཙཱ་བའི་སྐྱེ་བ་བཞེས་མཁན་ཞིག་ཡིན་ཙ་ན། དྲིལ་བསྒྲགས་དང་དག་སེལ། རོགས་བྱེད་སོགས་ཀྱི་དགོས་པ་ཕྲན་བུ་འདྲ་ཡོད་ན་ཅི་ཤེས་མ་གཏོགས། བྱེད་ལས་གཙོ་བོ་སྤྱིར་བཏང་རིག་གནས་ནང་འདྲེན་ཡིན་པ་རང་གཞན་ལོ་ཙཱའི་བྱུང་རབས་ལ་བལྟས་ན་གསལ་པོ་ཡིན་པ་དེ་ལྟར་རེད། གཞན་དུ་སྒྱུར་མི་ཆོག་པའི་བཀས་བཅད་གང་ན་ཡོད་པ་མ་རེད་མོད། གཅིག་ནས་འུ་ཅག་ལ་མཚོན་ན། བརྒྱ་ལོ་གོང་མའི་ལོ་རབས་བཅུ་པ་ནས་བཟུང་རིག་གནས་ནང་འདྲེན་བྱས་པར་བཤད་ཀྱང་། ད་ལྟར་ཐུག་གི་བར་དུ་རྩ་ལག་ཅུང་ཟད་ཚང་བའི་རིག་ཚན་ལ་རྩོམ་རིག་ལས་གཞན་གང་ཡང་གཞག་ཏུ་མེད་པའི་གནས་ལུགས་དེ་ལྟར། འུ་ཅག་གིས་རིག་གནས་ནང་འདྲེན་གྱི་འགན་འཁྲི་རྩ་བ་ནས་རྫོགས་ཀིན་མེད་པའི་དོན་གྱིས་དང་། གཉིས་ནས་དགེ་ཆོས་ཞབས་ཀྱིས་དེ་སྐད་དུ། “འུ་ཅག་རང་ལ་སྐད་དང་ཡི་གེ་ཡོད་བཞིན་དུ་རྒྱ་སྐད་ཙམ་དུ་རྩོམ་བྱེད་དགོས་པའི་དོ་གལ་ཅི་ཞིག་མགོ་ལ་འབབ། དྲང་པོར་སྨྲས་ན་གཞན་ཕར་ཞོག །འདར་ལོས་དཔག་བསམ་འཁྲི་ཤིང་གི་ཆད་གསབ་ཏུ་བྲིས་པ་དེ་དག་ཀྱང་རྒྱ་གར་བས་ཀློག་ཐུབ་པ་གཅིག་ཀྱང་མེད”ཅེས་དང་། “འུ་ཅག་གིས་སྒྲ་སྦྱངས་པ་དེ་ཡང་བོད་སྐད་མི་ཤེས་པ་ཞིག་གིས་སུམ་རྟགས་སྦྱངས་ཁུལ་བྱས་པ་དང་འདྲ”གསུངས་པ་ལྟར། བརྒྱ་ལ་གཞན་སྐད་དུ་སྒྱུར་ཁུལ་བྱས་ཀྱང་དོན་གྱི་ཕྱོགས་ཙམ་སྟོན་ཐུབ་ཀིན་ཡོད་མེད་ལ་ང་དོགས་པ་ཟ་བའི་རྐྱེན་གྱིས་ཡིན་ལ། གསུམ་ནས་ཕར་བསྒྱུར་བྱ་གང་དེ་ཕ་རོལ་པོ་ལ་དགོས་བྱེད་ཡོད་མེད་ལ་བལྟ་དགོས་པ་རིག་གནས་ནང་འདྲེན་དང་མཚུངས། དགོས་བྱེད་ཡོད་མེད་ང་ཚོ་ལས་ཁོ་ཚོས་ཤེས་རྒྱུ་རེད་ལ། ཤེས་ན་ནམ་ཞིག་ལ་ཁོ་ཚོས་རང་བསམ་གྱིས་བསྒྱུར་འགྲོ་ངེས་རེད་མ་གཏོགས། སྒྱུར་མཁན་ལ་མི་འདོད་ནན་གྱིས་སྦྱིན་པའི་དོ་གལ་ཅི་ཡང་མེད་སྙམ་པའི་རྒྱུ་མཚན་གྱིས་ཏེ། རྒྱུ་མཚན་གསུམ་ལ་བལྟས་ནས་ངས་སྐད་ཆ་དེ་འདྲ་བཤད་པ་ཡིན། དོན་འདི་སྐབས་གཞན་དུ་བཤད་ཟིན་པས་ད་ཐེངས་ཚིག་ཚོགས་ཀྱི་ངལ་བ་བསྟེན་མ་འདོད་པས། ཁོམ་སྐབས་རེ་བྱུང་ན་དེ་དུས་ཞིབ་ཏུ་གླེང་ཆོག
བཅར་འདྲི་བ། རྒན་ལགས་ཀྱི་འགྱུར་ཆོས་དག་གི་ཚིག་སྦྱོར་སྤེལ་སྟངས་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངའ། དེས་ན་ཉིད་ཀྱིས་དེང་གི་ལོ་ཙཱ་བ་ཞིག་ལ་མཚོན་ན་ཚིག་སྦྱོར་སྤེལ་སྟངས་ཐད་ནས་མཉམ་འཇོག་བྱེད་དགོས་ས་གང་དག་ཅིག་འདུག་པ་གསུང་རོགས་ཞུ།
རྒན་འགྱན་སངས། ངའི་འགྱུར་ཆོས་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅེས་ན་བསྟོད་ཐལ་དྲགས་པ་རེད། ང་ལ་མཚོན་ན། ད་ལྟ་ཡིན་ཀྱང་རང་སྐད་རྣལ་མའི་ཚིག་ཉམས་མ་ཐོན་པའམ། བརྡ་དང་ཐ་སྙད་ཀྱིས་ཕོངས་པའི་སྣང་བ་ཞིག་རྒྱུན་དུ་སྐྱེ་འོང་གི་འདུག་ལ། ལོ་ན་གཞོན་དུས་ཀྱི་བྲིས་རྩོམ་དང་འགྱུར་རྩོམ་ལ་ད་ལྟ་ལྟ་སྐབས། གཞན་སྐད་ཀྱི་ཤན་ཆེན་པོ་ཕོག་འདུག་སྙམ་པའི་སྣང་བའང་བཅོས་མིན་དུ་སྐྱེ་འོང་གི་འདུག །དེའི་ཕྱིར། ང་ཚོ་ཐུན་མོང་གིས་བོད་སྐད་རྣལ་མའི་བརྡ་དོན་སྦྱོར་ལུགས་དང་ཚིག་སྦྱོར་སྤེལ་སྟངས་ལ་སྣང་བ་གཏད་ནས། ར་མ་ལུག་གི་ཚིག་སྦྱོར་སྤེལ་སྟངས་དང་ཡ་མ་ཟུང་གི་བརྡ་གསར་སྦྱོར་ལུགས་ལྟ་བུའི་འགྱུར་སྐྱོན་ཅི་རིགས་རྩད་ནས་སྤང་ལ་འབད་དགོས་སྙམ།
བཅར་འདྲི་བ། རྒན་ལགས་ཀྱིས་གཟིགས་ན་ལོ་ཙཱ་བའི་སྒྱུར་རྩལ་གོང་འཕེལ་དུ་གཏོང་དགོས་ན་སྔོན་གྱི་བསྟན་བཅོས་གང་དག་ལ་གཟིགས་ན་ལེགས།
རྒན་འགྱན་སངས། གཞུང་ལུགས་ཕྱོགས་ནས་གོང་དུ་སོང་ཟིན་པ་ལྟར་བོད་རང་གི་ལོ་ཙཱའི་གཞུང་ལུགས་ཡོད་དོ་ཅོག་དང་། ནུབ་ཕྱོགས་པའི་དེ་ཕྱོགས་ཀྱི་གཞུང་གསར་ཡོད་ཚད་ལ་བལྟ་དགོས་ལ། ལག་ལེན་ཕྱོགས་ནས་བདག་གིས་སྔོན་ཆད་འབོལ་རྩོམ་ཞིག་ཏུ་བཤད་པའི་བོད་སྔ་མའི་ཚད་ཐུབ་ཀྱི་བསྟན་བཅོས་ཏེ། དཔེར་ན། བོད་རྒན་པོའི་ལྷན་སྐྱེས་ཀྱི་ངག་གི་རང་མདངས་རྣམ་པར་གསལ་བ«ཧོར་གླིང་གཡུལ་འགྱེད»ཀྱིས་གཙོས་པའི་གླིང་སྒྲུང་རྣམས་དང་། དྭགས་པོ་བསོད་ནམས་རིན་ཆེན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ཆོས་རྗེ་ས་སྐྱ་པཎ་ཆེན། མཚོ་སྣ་ཤེས་རབ་བཟང་པོ། གཙང་སྨྱོན་རུས་པའི་རྒྱན་ཅན། ཙོང་ཁ་བློ་བཟང་གྲགས་པ། ཞང་ཞུང་ཆོས་དབང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། མདོ་མཁར་ཚེ་རིང་དབང་རྒྱལ། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་འཇིགས་མེད་འོད་ཟེར། དཔལ་སྤྲུལ་འཇིགས་མེད་ཆོས་དབང། གུང་ཐང་བསྟན་པའི་སྒྲོན་མེ། སྒེའུ་སྟེང་བློ་བཟང་དཔལ་ལྡན། རྡོ་སྦིས་ཤེས་རབ་རྒྱ་མཚོ། དྲན་དབང་དགེ་འདུན་ཆོས་འཕེལ། འཇིགས་མེད་རིགས་པའི་བློ་གྲོས་སོགས་ཀྱི་ལྗགས་རྩོམ་རྣམས་ལ་ཞིབ་ཏུ་མཇལ་ཏེ། དེ་དག་གི་ཚིག་སྦྱོར་སྤེལ་སྟངས་དང་མིང་བརྡའི་སྦྱོར་ལུགས་རྣམས་བསླབ་པ་ལེན་པའི་རྟེན་དུ་བྱ་དགོས་སྙམ། མཁས་པ་གཞན་པའི་བསྟན་བཅོས་དག་ལ་ལྟ་མི་རུང་བའི་དོན་ག་ལ་ཡིན་མོད། ངས་བལྟས་ཚར་པའི་ནང་ནས་ཚིག་དོན་གཉིས་ཆ་དངོས་གཙང་འཁྲུལ་ཟད་ཡིན་པས། ངག་གི་སྦྱོར་བ་སྤེལ་སྟངས་ཕྱོགས་ནས་ཐེ་ཚོམ་མེད་པར་དཔེར་གཟུང་ཆོག་པ་འདི་དག་རེད་སྙམ།
བཅར་འདྲི་བ། དེང་གི་གཞོན་སྐྱེས་ཤེས་ཡོན་པ་མང་པོ་ཞིག་གིས་རྒན་ལགས་ཀྱི་བརྩམས་ཆོས་དག་ལ“འགྱན་རྩོམ་ཉི་མ་ཤར་འདྲ། འགྱན་འགྱུར་ཟླ་བ་ཚེས་འདྲ།”ཞེས་གདེང་འཇོག་ཆེན་པོ་བྱེད་ཀྱིན་འདུག ཉིད་ཀྱི་བརྩམས་ཆོས་དག་གིས་གཞོན་སྐྱེས་ཤེས་ཡོན་པ་དག་ལ་དེ་འདྲའི་ཤུགས་རྐྱེན་ཞིག་ཐེབས་ཐུབ་དོན་གཙོ་བོ་གང་དག་ལ་རག་ལས་ཀྱིན་འདུག་སྙམ།
རྒན་འགྱན་སངས། དེ་ནི་ཁམས་དང་དབང་པོ། བསམ་པ་དང་བག་ལ་ཉལ་བ་རྣམས་བདག་དང་ཆ་འདྲ་བའི་གཞོན་སྐྱེས་ཤེས་ཡོན་པ་ཁ་ཅིག་གི་གདེང་འཇོག་རེད་མོད། དེ་ཡང་ང་ལ་བསྟོད་ཐལ་དྲགས་པ་རེད། དོན་ལ་བདག་ཀྱང་ཁྱོད་ཚོ་ཇི་བཞིན་སློབ་པ་ལམ་གྱི་གནས་སྐབས་ན་བསླབ་སྦྱང་གི་ཁུར་ཆེན་མ་ཁྱོགས་མཆིན་པའི་རྔུལ་ནག་ཤོར་ནས་སྡོད་མཁན་ཞིག་ཡིན་སྟབས། ལག་ལེན་དངོས་ལ་ཐུག་འོང་སྐབས། ཕ་ཡིག་མ་སྐད་ལ་ད་དུང་ཁ་བྱང་ལག་བྱང་བྱུང་མི་འདུག་སྙམ་པའི་རྟོག་པ་ཞིག་ནམ་རྒྱུན་སྐྱེ་འོང་གི་འདུག །དེའི་རྐྱེན་གྱིས། ད་ལྟ་ཡིན་ཀྱང་དེ་ཕྱོགས་ལ་བརྩོན་པའི་གོམ་ཁ་མ་ཆད་ཙམ་ཞིག་སེམས་ལ་བཟུང་བཟུང་ལ་ཡོད། མ་འོངས་པ་ན་འུ་ཅག་ཚང་མས་དེ་འདྲའི་གྲགས་པ་རེ་ལེན་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས།
བཅར་འདྲི་བ། བོད་ཀྱི་རིག་གནས་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་ང་ཚོ་བོད་རིགས་རྒན་དར་གཞོན་གསུམ་ཚང་མའི་ཕྲག་སྟེང་དུ་བབས་པའི་ལྡོག་མེད་ཀྱི་འགན་འཁྲི་ཡིན་ལ། དེ་ཡང་སྐབས་མང་པོ་ཞིག་ལ་ལོ་ཙཱ་ལ་བརྟེན་དགོས་པས། རྒན་ལགས་ལ་ད་ལྟའི་རྒྱ་བོད་ལོ་ཙཱ་གོང་འཕེལ་དུ་གཏོང་སྟངས་ཕྱོགས་ལ་དགོངས་ཚུལ་གང་དག་ཡོད།
རྒན་འགྱན་སངས། དེ་ངོ་མ་རེད། སྔ་རབས་ད་འབྱུང་གང་ལ་མཚོན་ནའང་། རིག་གནས་ནང་འདྲེན་གྱི་ཐབས་ལ་མ་བརྟེན་པའི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཟེར་བ་ཞིག་འཇིག་རྟེན་གྲག་ཚོད་ལ་མེད་པ་དེ་ལྟར་རེད། དེ་ལ་ལོ་ཙཱའི་བྱ་གཞག་དོ་གལ་ཆེ་ལུགས་འུ་ཅག་གི་སྟོད་ལྷ་རབས་ཀྱི་རིག་གནས་ནས་བར་སྲིད་པའི་བོན་གྱི་རིག་གནས་དང་། སྨད་ཐུབ་བསྟན་གྱི་རིག་གནས་གསུམ་གའི་བྱུང་རབས་ལ་བལྟས་ན་གསལ་པོར་གོ་འོང་བས། ཚིག་གི་སྤྲོས་པ་འགྱེད་དོན་མི་འདུག་སྙམ། དེའི་སྟབས་ཀྱིས། འོ་སྐོལ་ཚོར་མཚོན་ན། རིག་གནས་ཀྱི་བྱ་གཞག་ཡོད་རྒུའི་ནང་ནས་ལོ་ཙཱའི་བྱ་གཞག་འདི་དོན་ཆེན་ནང་གི་འགངས་ཆེན་ཡིན་པས། དེ་ཕྱོགས་ལ་འཕེལ་སྐྱེད་ཆེན་པོ་འབྱུང་རྒྱུ་མིག་མདུན་ན་བསྣར་འདུག་པའི་དོན་དག་དང་པོ་དེ་རེད་སྙམ། འཕེལ་སྐྱེད་འབྱུང་བའི་ཐབས་ཤེས་བསྡུས་ན། དེ་སྐད་དུ། བསླབ་པའི་ཡོན་ཏན་གྲངས་མང་བསམ་ཡས་ཀྱང་། །འབྲི་ཀློག་གཉིས་ནི་ཡོན་ཏན་གཞི་མ་ཡིན། །གསུངས་པ་ལྟར་འབྲི་ཀློག་གཉིས་ལ་འདུ་ཞིང་། དེ་གཉིས་ཀྱང་ཟུང་དུ་འབྲེལ་བའི་སྒོ་ནས་ལག་ཏུ་བླང་རྒྱུ་ཤིན་ཏུ་ནས་གལ་ཆེ་སྙམ། དེ་ཡང་ཀློག་གི་ཐོག་མཐའ་བར་གསུམ་དུ་བོད་རྒན་པོའི་ངག་གི་རིག་བྱེད་ལ་ཆེད་དམིགས་ཀྱིས་སྦྱོང་བ་གནང་དགོས་ལ། བརྡ་དང་ཐ་སྙད་ཀྱི་སྲི་ཚགས་ལའང་དེ་བཞིན་འབད་དེ་རང་ཉིད་བརྡ་དག་དང་ཚིག་གི་གན་མཛོད་གསོན་པོར་བསྒྱུར་དགོས་སྙམ་མོ། །
བཅར་འདྲི་བ། རྒན་ལགས་ཀྱིས་བྱ་བའི་བྲེལ་གསེང་གི་ཀློང་ནས་གུས་པའི་བཅར་འདྲི་འདི་དང་ལེན་གནང་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ། སྐུ་གཟུགས་བདེ་ཐང་དང་འདོད་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཡང་ཡང་ཞུ།
རྒན་འགྱན་སངས། སྐྱོན་ཡོད་མ་རེད། ད་ལོར་ལས་ཀ་མང་དྲགས་པས། དུས་འདོམ་གྱི་དབང་གིས་ཁྱོད་ལ་དུས་ལྟར་ལན་རྒྱག་མ་ཐུབ་པར་ཐུགས་དགོངས་འགལ་མེད་པ་ཞུ། ཐེངས་འདིར་ས་བཤད་རྡོ་བཤད་ཐང་གང་བྱས་ཀྱང་གནད་ལ་སོང་ཡོད་མེད་མི་ཤེས་པས། ཁྱོད་ཀྱིས་དེ་ལུགས་ཀྱི་སྤང་བླང་འདོར་ལེན་ཚུལ་བཞིན་གནང་རྒྱུ་གལ་ཆེ། བདག་གིས་ཀྱང་ལྷ་ལྡན་དག་པའི་ཞིང་ནས་ཁྱོད་ལ་སྤྲོ་བདེ་སྐྱིད་གསུམ་གྱི་འབྱོར་བ་མ་བསྒྲིགས་སྟབས་འཛོམས་བྱུང་ཐོག །ཞིབ་འཇུག་གི་བགྱི་བར་འབྲས་བཟང་ཁུར་དུ་སྨིན་ནས་དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུས་པ་ཡིན།། །།
༢༠༢༢ལོའི་ཟླ༡ཚེས༡༦ལ།
འབྲེལ་ཡོད་འོས་སྦྱོར།