logo

༄༅། །རྒྱ་ཡིག་གི་ས་མིང兰州ཞེས་པ་བོད་ཡིག་ཏུ་ཇི་ལྟར་བྲིས་ན་འགྲིག་གམ།

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས། ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས། དུས་ཚོད།:2023-08-16 ཀློག་གྲངས།:
       ཀན་སུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར兰州ལ་དེང་སང་གི་བོད་ཡིག་དཔེ་དེབ་དང་གསར་ཤོག་སྒོ་བྱང་སོགས་སུ་ལན་ཀྲོའུ་དང་། ལན་གྲུ། ལན་ཀྲིག །ལན་དྲུག་སོགས་འབྲི་སྟངས་མི་འདྲ་བ་དུ་མ་སྣང་ཞིང་། དེ་དག་གང་ཡིན་ཡང་རྒྱ་ཡིག་གི་ས་མིང兰州ཞེས་པ་དེང་དུས་ཀྱི་སྤྱི་རྒྱུགས་རྒྱ་སྐད་དང་ས་ཁུལ་ཁ་ཁེར་གྱི་རྒྱ་སྐད་ཉི་ཚེ་བས་མ་ཡིག་ཀློག་སྟངས་མི་འདྲ་བ་ལྟར་སྒྲ་སྒྱུར་བྱས་པ་ཤ་སྟག་ཡིན་ནོ། །
       རྒྱ་ཡིག་གི་ས་མིང兰州ཞེས་པ་བོད་ཡིག་ཏུ་ཡང་སྙིང་ཇི་ལྟར་བྲིས་ན་འགྲིག་གམ་ཞེ་ན། གངས་ཅན་ཁྱད་ནོར་དཔེ་ཚོགས། པོད་ཕྲེང་བཞི་བརྒྱ་གྱ་གསུམ་པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས་བསྒྲིགས་ཤིང་དཔར་དུ་བསྐྲུན་པ། རྗེ་ཙོང་ཁ་བའི་དངོས་སློབ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི«མངའ་རིས་རྒྱལ་རབས»སུ། རྒྱ་དང་གཉིས་ཀྱི་ཆ་ནས་ཡབ་ལ་འདུད་པ་ཙམ་གྱིས་གུས་སོ་བྱུང་བས་བསྐྱངས་མཛད་དེ། མེ་རྡིག་ས་ཆ་ཧ་ལ་ཤན་དུ་མཇལ་ནས། ས་བགོས་བྱས་པ་ལ། བོད་ཀྱི་རྒྱལ་ཁམས་ཀྱི་ས་ཚིགས། རྒྱའི་ལན་ཇུ། ལྦིན་ཏུའུ། ལྦེན་འཇུའུ། ཤིན་ཀུན། རྒྱའི་ལྷོ་ཕྱོགས་ཤིང་ཇེའི་དང་། བྱང་ནམ་གྱི་བར་དང་། རྒྱའི་བྱང་ཕྱོགས་བྱང་ནམ་གྱི་ས་ཆ་ནས་ཏཱ་ཏུ་ཧོའི་ལྷོ་ནུབ་ཀྱི་བར་དང་། རྨ་ཆུའི་བྱང་ཕྱོགས་ཚུན་ཆོད་བོད་ཀྱི་ས་ཆར་བྱས།(ཤ༦༥ནས༦༦)ཞེས་དང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་དཔར་དུ་བསྐྲུན་པའི«མདོ་སྨད་ཆོས་འབྱུང»དུ། ཁང་ཞི་དགུང་ལོ་བཅུ་གསུམ་པའི་སྟེང་ལན་ཇུའི་ཞིང་ས་འདིའི་རྒྱ་རྣམས་ཆང་མོ་ལ་མགོ་བཏགས་ནས་གོང་མར་ངོ་ལོག །གནམ་སྐྱོང་ཁྲི་ལོ་བཅུ་བཞི་བ་ཤིང་ཡོས་ལོར་དཔོན་འདི་ལ་ངོ་ལོག་འདུལ་རྒྱུའི་བཀའ་བབས། དཔོན་ཉིད་དང་སྲས་བློ་བཟང་དོན་གྲུབ་ཀྱིས་གཙོས་གཡུལ་བཤམས་པས་མ་འགྱངས་པར་ངོ་ལོག་གི་དཔུང་ཕམ། ཞེས་དང་།ཀཻ་ཇུའི་མཁར་གྱི་དཔོན་པོ་བྱེད་དགོས་པའི་བཀའ་ཕེབས་བྱུང་བ་ལན་ཇུ་བརྒྱུད་ནས་གོང་དུ་ཞུས་པས་སྔ་མར་དགོངས་ཁྲོལ་དང་། ཐོའུ་ཇུའི་མཁར་གྱི་ཧུ་ཇང་གི་གོ་ས་གཏད་པས་རྒྱུན་རིང་བཞུགས། ལན་ཇུའི་ཙུང་པེན་གྱི་གོ་ས་གནང་བ་ལ་ཡང་དགོངས་ཁྲོལ་ཞུས། མངའ་འོག་གི་དམག་རུ་སོ་སོར་མགོ་དཔོན་བཞག །(ཤ༦༦༡)ཅེས་དང་། མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས་བསྒྲིགས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༨ལོར་དཔར་དུ་བསྐྲུན་པའི«གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དཀོན་མཆོག་རྒྱ་མཚོའི་གསུང་འབུམ»ལས«ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་ལྔའི་རྣམ་པར་ཐར་བ་མདོར་བསྡུས་སུ་བཀོད་པ»ཞེས་བྱ་བར། དགུང་གྲངས་དགུ་བ་ཤིང་བྱི་ལོར་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ལན་ཇུ་ལ་ཕེབས་པར་མཇལ་འཛོམས་དང་སྦྲགས། ཡུལ་སྤྱིའི་བདེ་སྡུག་གི་རྒྱུ་རྐྱེན་སོགས་ཙོང་ཏུ་ལུའུ་ཏཱ་ཧྲུ་ལ་སྙན་སྒྲོན་ཞུ་བ་དང་ཆབས་ཅིག་ཏུ་ཆིབས་བསྒྱུར་མཛད་པར། སྐུ་མཆེད་བློ་བཟང་ཚེ་དབང་བ་སྔོན་ཕེབས་ཀྱིས་ཙོང་ཏུ་སོགས་ལ་ཞུས་པར་ཐུགས་ཁུར་ཆེ་བཞེས་མཛད་དེ། ཞེས་དང་། འདི་སྐབས་ནས་བཟུང་ཐོང་སི་ནས་འཁྲུགས་ཟིང་གི་གཞི་ཆེས་ཆེར་བསླང་སྟེ་ཡུལ་སྡེ་དུ་མ་དང་དགོན་ཁག་མང་བོ་གཏོར་བརླག་སོགས་མི་བཟོད་པའི་རྩུབ་སྦྱོར་དྲག་པོས་རྒྱུད་མར་གཟིར་བ་ལ་བརྟེན། སྐུ་མཆེད་བློ་བཟང་ཚེ་དབང་བ་ངོ་འཁོར་ཧྲག་བསྡུས་སླར་ཡང་ལན་ཇུ་ལ་ཕེབས་ནས་ལོ་ངོ་གསུམ་ཙམ་གྱི་རིང་ལ་རྒྱུན་བཞུགས་ཀྱིས་ཙོང་ཏུ་ལ་སྔར་གྱི་རྒྱུ་མཚན་དང་འབྲེལ་འཁྲུགས་ཟིང་གིས་ཡུལ་ཁམས་འཕུང་བཞིན་ཡོད་ཚུལ་སོགས་ནན་ཆགས་སུ་བསྟུད་མར་ཞུས་པའི་མཐར། བླ་བྲང་རང་གི་ཆོས་སྲིད་ཟུང་འབྲེལ་གྱི་བྱ་བཞག་ཐམས་ཅད་སྔར་སྲོལ་ལྟར་སོར་ཆུད་འཇགས་གནས་གང་ལེགས་དང་ས་གནས་སྡེ་རིས་བཅས་དེང་ནས་བཟུང་ཞིང་ཆེན་ལན་ཇུའི་མངའ་ཁོངས་སུ་བཅུག་སྟེ་འཕྲལ་ཡུན་གྱི་བགྱི་བ་མཐའ་དག་ལེགས་ལམ་བྱུང་བ་སོགས་ཚད་མེད་ཐུགས་རྗེ་ཆེན་པོའི་སྤྲིན་རུམ་ལས་མཐུ་སྟོབས་ནུས་པའི་གྲུ་ཆར་གྱི་རྒྱུན་བཟང་ལྷུག་པར་འཇོ་བས་མི་བསྲུན་གདུག་པའི་ཚ་གདུང་མཐའ་དག་གཅིག་ཅར་བཅིལ་ཏེ་བསྟན་འགྲོའི་ཕན་བདེའི་འདབ་བརྒྱ་བཞད་པར་མཛད་ཅིང་།(ཤ༤༠༨ནས༤༠༩)ཞེས་པ་ལྟར། བོད་ཡིག་གི་གནའ་དཔེ་ཡིག་ཚང་དུ་མར་རྒྱ་ཡིག་གི་ས་མིང兰州ལ་ལན་ཇུ་ཞེས་འབྱུང་ཞིང་། མདོ་སྨད་ལྷོ་རྒྱུད་ཀན་ལྷོ་དང་དེའི་ཉེ་འཁོར་གྱི་གཉུག་གནས་བོད་པ་རྣམས་ཀྱི་ངག་ཏུའང་ལན་ཇུའམ་ལན་འཇུའུ་ཞེས་རྒྱུན་འཇགས་སུ་གྱུར་ཡོད་པས兰州ཞེས་པ་བོད་ཡིག་ཏུ་ལན་ཇུ་ཞེས་བྲིས་ན་ཁུངས་བཙུན་ལོ་རྒྱུས་ཡིག་ཚང་དང་མཐུན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པའི་སྐད་ཡིག་གི་གོམས་སྲོལ་དང་མཐུན་ལ། དེང་གི་དུས་སུ་བོད་སྐད་ས་མིང་ཚད་ལྡན་དུ་གཏོང་བའི་དགོས་མཁོ་དང་ཡང་མཐུན་པ་ཡིན་ནོ། །
ཁུངས་དག་ཡིག་ངག་ཉལ་འགྲོའི་རྒྱུན་བཟང་ལས། །
ཁུངས་ཐུབ་ཚིག་གི་སྐྱོགས་ཀྱིས་བཅུས་པའི་ཆུས། །
ཁུངས་བྲལ་མུ་ཅོར་དྲི་མ་ཡོངས་བཀྲུས་ཏེ། །
ཁུངས་ལྡན་ཡིག་སྲོལ་མཛེས་ཞལ་ངོམ་པར་བྱེད། །
འབྲེལ་ཡོད་འོས་སྦྱོར།