logo

༄༅། །གློག་བརྙན་འཕྲིན་གྱི་བརྙན་ཡིག་ལོ་ཙཱའི་སྐོར་ལ་ཐོག་མར་དཔྱད་པ།

རྩོམ་པ་པོ།:བྱང་བློ་བཟང་ཀུན་མཁྱེན། ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་ཨུད་རྩོམ་སྒྱུར་ཅུད། དུས་ཚོད།:2023-08-30 ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཐོག་མར་བརྙན་ཡིག་ལོ་ཙཱ་སྤྱི་བཤད་ཀྱིས་གཙོ་བོ་གློག་བརྙན་འཕྲིན་བརྙན་ཡིག་གི་གོ་དོན་དང་། དབྱེ་བ། ཁྱད་ཆོས། ཕན་ནུས་གླེང་ཞིང་། དེ་ནས་ལོ་ཙཱའི་དགོས་མཁོར་དམིགས་ནས་གློག་བརྙན་འཕྲིན་རིགས་དབྱེ་བྱས་ཏེ་རིགས་སོ་སོའི་སྐད་ཆའི་ཁྱད་ཆོས་ཕྱོགས་བསྡོམས་དང་དེ་བསྟུན་གྱི་སྒྱུར་ཐབས་གང་བཀོལ་མིན་གླེང་ཡོད་དེ། གཙོ་བོ་དཔྱད་རྩོམ་ཧྲིལ་པོར་གཞུང་ལུགས་ཀྱི་རྨང་འདིང་བའི་དམིགས་ཡུལ་བཟུང་ནས་ལོ་ཙཱའི་ལག་ལེན་གྱི་ཆ་ནས་དཔེར་བརྗོད་དང་དབྱེ་ཞིབ་སྦྲགས་ཏེ་བརྙན་ཡིག་ལོ་ཙཱ་དང་བརྙན་མིང་ལོ་ཙཱར་དཔྱད་ཅིང་། གང་ཐུབ་ཀྱིས་ལོ་ཙཱའི་ཆོས་ཉིད་འཚོལ་བསྔོག་དང་ལེན་དངོས་ཁྲོད་འཕྲད་པའི་དོགས་གཞི་དང་གནད་དོན་སེལ་ཐབས་ལ་འབད་པ་བྱས་ཡོད།
བརྡ་ཆད་གཙོ་བོ། གློག་བརྙན་འཕྲིན། བརྙན་ཡིག བརྙན་མིང་། ལོ་ཙཱ།
 
       དུས་རབས་ཉེར་གཅིག་ལ་སླེབས་དུས། བོད་མིའི་རིག་གནས་གདམ་གསེས་ལ་ལམ་ཕྱོགས་མང་པོ་དོད་ཅིང་། གློག་བརྙན་འཕྲིན་ནི་དེའི་ནང་གི་གཅིག་རེད།
       གློག་བརྙན་འཕྲིན་ནི་འཛམ་གླིང་རང་བཞིན་གྱི་སྒྱུ་རྩལ་རིགས་ཤིག་ཡིན་པས། རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་རིག་གནས་འབྲེལ་འདྲིས་ཁྲོད་གོ་གནས་ཇེ་ཐོར་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་དང་མི་རིགས་ཤིག་གིས་རང་གི་རིག་གནས་ཕྱི་རུ་སྒྲོག་པའམ་གཞན་གྱི་རིག་གནས་ལ་རྒྱུས་ལོན་བྱ་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་ན་བོད་ཀྱི་ན་གཞོན་མང་པོས་གློག་བརྙན་འཕྲིན་གྱི་རིག་གནས་གདམ་པ་འདི་ཡང་དགོས་པ་ཆེ་ཞིང་། ལྷག་དོན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཛམ་གླིང་འཕེལ་རྒྱས་ལ་ཁ་ཕྱོགས་ཐབས་ཤིག་ཡིན་པས་དོན་སྙིང་ལྡན་ཡོད།
       དུས་རབས་བཅུ་དགུ་བའི་ནང་དུ་འཛམ་བུའི་གླིང་འདིར་འདྲ་པར་མང་པོ་གུང་བསྒྲིགས་ཀྱིས་འགུལ་རིས་བཟོ་བའི་གློག་བརྙན་གྱི་རྣམ་པ་ཐོག་མར་བྱུང་། དེའི་རྗེས་ཏེ1929ལོའི་ཟླ་བ1ཚེས26ཉིན། ཨ་རིའི་གློག་བརྙན«རྫེ་སི་རོལ་མོའི་གཞས་པ་གྲགས་ཅན»(The Jazz Singer)[1]ཞེས་པའི་གློག་བརྙན་པ་ལི་རུ་སྟོན་སྐབས་ཐེངས་དང་པོར་སྒྲ་ལྡན་གློག་བརྙན་ལ་བརྙན་ཡིག་སྦྱར་བ་དང་། ལོ་དེའི་ཟླ་བ8པའི་ཚེས17ཉིན་ཏན་མག(Denmark)གི་རྒྱལ་ས་ཁོ་ཕེན་ཧ་ཀ(Copenhagen)རུ་སྟོན་པའི་དབྱི་ཐ་ལིའི(Italy)གློག་བརྙན«གླུ་བ་ལྐུགས་པ»(The Singjing Fool)ལ་ཏན་མག་གི་ཡི་གེའི་བརྙན་ཡིག་སྦྱར་ཡོད་པས། ལོ་དེར་བརྙན་ཡིག་འདི་གློག་བརྙན་འཕྲིན་ལོ་ཙཱའི་གྲུབ་ཆ་གལ་ཆེན་ཞིག་ངོས་ནས་ལྟད་མོ་བའི་མིག་ལམ་དུ་མངོན་ཐུབ་པ་བྱུང་། དེ་ནས་བཟུང་བརྙན་ཡིག་དང་བརྙན་ཡིག་ལོ་ཙཱ་གཉིས་གློག་བརྙན་འཕྲིན་གྱི་འཕེལ་རྒྱས་དང་བསྟུན་ནས་ནུབ་གླིང་སྤྱི་ཚོགས་སུ་དར་ཁྱབ་ཆེན་པོ་བྱུང་ཞིང་། ཕུལ་དུ་བྱུང་བའི་བརྙན་ཡིག་སྒྲིག་བཟོའི་ལག་རྩལ་བྱུང་ཡོད་ལ་བརྙན་ཡིག་ལོ་ཙཱའི་ལག་ལེན་དང་ཞིབ་འཇུག་གང་ཅིའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་སྟེ། ཞིབ་འཇུག་མ་ལག་ཆ་ཚང་ཞིག་གྲུབ་དང་འགྲུབ་བཞིན་ཡོད།
       འོན་ཀྱང་། རྒྱལ་ནང་མཚོན་ན1949ལོའི་ཟླ5པར་ཡོན་ནའེ་ཁྲེན(袁乃晨)གྱིས་སྒྲ་སྦྱོར་བྱས་པའི་སུ་ལེན་གྱི་གློག་བརྙན«དམག་མི་ཕལ་བ»(《普通一兵》)[2]ཞེས་པ་ཀྲུང་གོའི་ཐོག་མའི་སྒྲ་སྦྱོར་གློག་བརྙན་དུ་བརྩིས་ན་ཡང་ནུབ་གླིང་སྤྱི་ཚོགས་དང་བསྡུར་ན་གློག་བརྙན་འཕྲིན་ལོ་ཙཱ་བྱུང་བ་ཅུང་ཕྱི་བ་ཡིན་ལ། དེའི་རྗེས་སུ་རིག་གསར་རྐྱེན་གྱིས་ལོ་བཅུ་ཙམ་གློག་བརྙན་བྱ་གཞག་ལ་འཕེལ་རྒྱས་དེ་ཙམ་བྱུང་མེད་པས། གློག་བརྙན་འཕྲིན་ལོ་ཙཱ་ནི་དེ་བས་འཕེལ་མེད། བཅོས་སྒྱུར་སྒོ་དབྱེའི་རྗེས་རིམ་བཞིན་གློག་བརྙན་འཕྲིན་དོ་སྣང་དང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཧྲང་ཧེ་དང་པེ་ཅིན་སོགས་གྲོང་ཁྱེར་ཆེན་པོ་དག་ནས་གློག་བརྙན་འཕྲིན་སྒྲ་སྦྱོར་ཁང་བཙུགས་པ་དང་བསྟུན་ནས་ལོ་རབས་བརྒྱད་ཅུའི་མཇུག་དང་དགུ་བཅུའི་སྔོན་ལ་བརྙན་ཡིག་ལོ་ཙཱ་རིམ་བཞིན་དར་འགོ་ཚུགས་ཤིང་། གློག་བརྙན་ལོ་ཙཱའི་སྐོར་གྱི་ཞིབ་འཇུག་དཔྱད་འབྲས་ཀྱང་རིམ་བཞིན་རིག་གཞུང་དུས་དེབ་དག་ཏུ་ཐོན་ཇེ་མང་དུ་སོང་ཡོད།
       བོད་ལ་མཚོན་ན་སྒྱུར་བཅོས་སྒོ་དབྱེའི་རྗེས་ནས་གཞུང་ཕྱོགས་ཀྱི་གློག་བརྙན་འཕྲིན་ཁང་ཁག་བྱུང་ཞིང་སྒྲ་སྦྱོར་སྒྱུར་སྒྲིག་གི་གློག་བརྙན་འཕྲིན་ལོ་ཙཱ་བྱུང་བས། ད་བར་གྱི་བོད་ཀྱི་གློག་བརྙན་འཕྲིན་ལོ་ཙཱའི་གྲངས་ཕལ་ཆེར་དེས་ཟིནཡོད། བརྙན་ཡིག་ལོ་ཙཱ་ནི2010ལོའི་ཟླ་དགུ་བར་པེ་ཅིང་དུ་བཙུགས་པའི་བོད་བརྙན་ཚོགས་ཆུང་དང་བོད་བརྙན་དྲ་བ་བྱུང་བ་ནས་མགོ་བརྩམས་པར་བརྩིས་ཀྱང་མི་ཆོག་པ་མེད། བོད་ལ་བརྙན་ཡིག་ལོ་ཙཱའི་འགོ་ཙམ་བྱུང་མོད་གཞི་འཛིན་སར་འོས་པའི་གློག་བརྙན་འཕྲིན་ལོ་ཙཱའི་གཞུང་ཞིག་མེད་པས། ད་ལྟ་ང་ཚོར་ཆེས་གལ་བ་ནི་གློག་བརྙན་འཕྲིན་ལོ་ཙཱའི་གཞི་འཛིན་སར་འོས་པའི་གཞུང་ལུགས་ཤིག་དགོས་ཤིང་དེ་ནི་མི་རེ་ཙམ་གྱིས་ཆོག་པ་ཞིག་མིན་པར་ཞིབ་འཇུག་པའི་སྡེ་ཞིག་ཆགས་ནས་རིམ་བཞིན་གཞུང་ལུགས་ཀྱི་མ་ལག་འཐུས་ཚང་ཞིག་གྲུབ་པར་འབུངས་དགོས། ད་ཐེངས་ངས་ཀྱང་རང་ནུས་ཀྱིས་བོད་དུ་བརྙན་ཡིག་ལོ་ཙཱའི་གཞུང་ཤིག་གྲུབ་པའི་རྒྱུད་རིམ་ཁྲོད་རྒྱུ་བཟང་དུ་འགྱུར་བར་རེ་བཞིན་བརྙན་ཡིག་ལོ་ཙཱའི་སྐོར་ལ་དཔྱད་པ་གཏོང་བ་ཡིན།
ས་བཅད་དང་པོ། བརྙན་ཡིག་དང་བརྙན་ཡིག་ལོ་ཙཱའི་སྐོར།
       དང་པོ། བརྙན་ཡིག་གི་གོ་དོན་དང་དབྱེ་བ།
       གཅིག གོ་དོན།
       བརྙན་ཡིག་གི་གོ་དོན་ལ་ངོས་འཛིན་ཚུལ་མི་འདྲ་བ་ཁག་གཅིག་བྱུང་ཡོད་མོད་ད་བར་མཐོང་བའི་གོ་དོན་དག་ནས་གཤམ་གྱི་གོ་དོན་འདི་གཉིས་ནི་ཅུང་ཆ་ཚང་ཞིང་གནད་འཁེལ་བར་འདོད་དེ། “བརྙན་ཡིག་ནི་སྐད་མེད་གློག་བརྙན་གྱི་བརྙན་ངོས་སུ་འཆར་བའི་ཡི་གེའི་རྣམ་པའི་གསལ་བཤད་དམ་འཁྲབ་མིའི་གླེང་མོལ་གོ་ཆོག་ལ། ཕྱི་གླིང་གློག་བརྙན་འཕྲིན་གྱི་བརྙན་ངོས་གཤམ་དུ་སྦྱར་བའི་འཁྲབ་ཚིག་གི་འགྱུར་ཡིག་ལ་གོ”[3](P.94)ཞེས་དང་ཡང“བརྙན་ཡིག་ནི་གློག་བརྙན་འཕྲིན་ཁྲོད་ཀྱི་འཁྲབ་མིའི་གླེང་མོལ་དང་དེ་བཞིན་ལྟད་མོ་བར་གོ་བ་བསྐྱེད་པར་རོགས་འདེགས་བྱེད་པའི་གླེང་མོལ་སོགས་ཀྱི་ཆ་འཕྲིན་དང་། ཐ་ན་སྒྲའི་རིགས་ཀྱི་རྒྱབ་ལྗོངས་རོལ་དབྱངས་དང་། ཁ་པར་གྱི་སྒྲ། ད་དུང་སྒྲའི་རིགས་མིན་པའི་གློག་བརྙན་ཁྲོད་ཀྱི་ཡི་གེ(ལྟད་མོར་འགྲེལ་བཤད་ཚུལ་གྱི་ཡི་གེ)དང་། ལམ་བྱང་སོགས་ཀྱི་ཆ་འཕྲིན་དག་ཡི་གེའི་ལམ་ནས་བརྙན་ངོས་སུ་འཆར་བར་བྱེད་པ་ཞིག་ལ་གོ །”[4](P.66) མདོར་ན་བརྙན་ཡིག་ནི་སྐད་ཁོངས་གཅིག་མིན་གང་རུང་གི་ལྟད་མོ་བ་ཚོར་གློག་བརྙན་འཕྲིན་གྱི་བྱུང་རིམ་ལེགས་པར་རྟོགས་ཕྱིར་གཞོགས་འདེགས་ཚུལ་དུ་གློག་བརྙན་འཕྲིན་གྱི་བརྗོད་དོན་གསལ་བའི་སྐད་ཆ་ཡི་གེའི་རྣམ་པའི་ཐོག་ནས་བརྙན་ངོས་སུ་སྦྱར་བ་ཞིག་ལ་གོ་ན་འགྲིག་པར་སྙམ། གློག་བརྙན་ལ་བརྙན་ཡིག་སྦྱོར་བའི་ཐོག་མའི་སྐུལ་སློང་ནི་སྒྲ་འཛིན་གྱི་ནུས་པ་མེད་པའམ། སྐད་རིགས་གཞན་ཧ་མི་གོ་བའི་ལྟད་མོ་བའི་ཚོགས་ལ་སྟབས་བདེ་བསྐྲུན་ནས་ལྟད་མོ་བ་ཇེ་མང་དུ་གཏོང་ཐབས་ལྟ་བུ་ཞིག་ལ་གོ་དགོས་པར་སེམས།
       གཉིས། དབྱེ་བ།
       ཞིབ་འཇུག་སོགས་ཀྱི་དམིགས་ཡུལ་མི་འདྲ་བར་གཞིགས་ནས་བརྙན་ཡིག་ལ་རིགས་དབྱེ་སྟངས་མི་འདྲ་བ་ཁ་ཤས་ཡོད་མོད་གཤམ་གྱི་རིགས་འདི་གཉིས[5]ནི་འབྲེལ་ཡོད་ཀྱི་གཞུང་ཕལ་ཆེར་གཅིག་མཐུན་དུ་འདུག
       ཀ བརྙན་ཡིག་གི་རྣམ་པའི་ཆ་ནས་དབྱེ་ན། སྐད་གཅིག་བརྙན་ཡིག་དང་སྐད་གཉིས་བརྙན་ཡིག་གཉིས་ཡོད་དེ། སྐད་གཅིག་བརྙན་ཡིག་ནི་ཡིག་རིགས་གཅིག་ལས་གྲུབ་པའི་བརྙན་ཡིག་དང་། སྐད་གཉིས་བརྙན་ཡིག་ནི་ཡིག་རིགས་གཉིས་ཅན་གྱི་བརྙན་ཡིག་ལ་གོ།(གཤམ་གྱི་རི་མོ་ལྟ་བུར།)
       ཁ སྐད་བརྡ་རིག་པའི་ཆ་ནས་དབྱེ་ན། སྐད་ཁོངས་གཅིག་པའི་བརྙན་ཡིག་དང་སྐད་ཁོངས་མི་གཅིག་པའི་བརྙན་ཡིག་གཉིས་ཡོད། སྐད་ཁོངས་གཅིག་པའི་བརྙན་ཡིག་ནི་འཁྲབ་མིའི་སྐད་ཆ་དང་བརྙན་ཡིག་གཉིས་རྒྱལ་ཁབ་བམ་མི་རིགས་གཅིག་པའི་སྐད་ཡིག་ཡིན་པར་གོ། དེའི་ནང་དུ་འཁྲབ་མིའི་སྐད་ནི་ཡུལ་ལུང་ཞིག་གི་ཡུལ་སྐད་ཡིན་མོད་བརྙན་ཡིག་རིགས་གཅིག་ཡུལ་ལུང་ཀུན་གྱི་གོ་བའི་སྤྱི་སྐད་དེ་ཡིག་སྐད་ཡིན་པ་དག་ཀྱང་འདུས་ངེས་སྙམ། སྐད་ཁོངས་མི་གཅིག་པའི་བརྙན་ཡིག་ཅེས་པ་ནི་འཁྲབ་མིའི་སྐད་ཆ་དང་བརྙན་ཡིག་གཉིས་སྐད་ཁོངས་མི་གཅིག་པའི་ཡིག་རིགས་ཡིན་པར་ཟེར། བརྙན་ཡིག་ལོ་ཙཱ་ནི་རིགས་དེར་འབྱུང་ཞིང་། དཔྱད་རྩོམ་འདིར་གླེང་རྒྱུ་ཡང་གཙོ་བོ་སྐད་ཁོངས་མི་གཅིག་པའི་བརྙན་ཡིག་ལོ་ཙཱ་ཡིན་ནོ། །
       གཉིས་པ། བརྙན་ཡིག་ལོ་ཙཱའི་གོ་དོན་དང་དབྱེ་བ།
       གཅིག གོ་དོན།

       བརྙན་ཡིག་ནི་གློག་བརྙན་འཕྲིན་བྱུང་ཞིང་འཕེལ་བའི་གོ་རིམ་ཁྲོད་དུ་བྱུང་བ་ཡིན། བརྙན་ཡིག་གི་གོ་དོན་རྟོགས་ན་བརྙན་ཡིག་ལོ་ཙཱའི་གོ་དོན་རྟོགས་པར་ལས་སླ་མོ་ཡིན་ཏེ། གློག་བརྙན་འཕྲིན་གྱི་ཐོག་མའི་སྐད་མི་འགྱུར་བའི་རྨང་གཞིའི་ཐོག་འཆར་ངོས་སུ་ཤར་བའི་གློག་བརྙན་འཕྲིན་ནང་གི་མི་སྣའི་སྐད་ཆ་དང་། དེ་འབྲེལ་གྱི་ཆ་འཕྲིན་དག་ལྟད་མོ་བར་ཅུང་གསལ་བར་འགྲེལ་ཕྱིར་ལྷན་ཐབས་སུ་སྦྱར་བའི་བརྙན་ཡིག་དེ་དག་ཡིག་རིགས་གཞན་ཞིག་ཏུ་སྒྱུར་བར་གོ། གློག་བརྙན་ནི་སྒྲ་གཟུགས་འོད་གསུམ་གཅིག་འདུས་ལས་གྲུབ་པ་ཞིག་ཡིན་པས། གློག་བརྙན་འཕྲིན་གྱི་བརྗོད་དོན་རྟོགས་པར་སྒྲ་ཁོ་ན་གོ་བ་དང་གཟུགས་ཁོ་ན་མཐོང་བའི་མི་ཆོག་པས། གློག་བརྙན་འཕྲིན་འཕེལ་བའི་འགྲོས་དང་བསྟུན་ནས་རིམ་བཞིན་རོགས་འདེགས་ཀྱི་ནུས་པ་ཐོན་པའི་བརྙན་ཡིག་བྱུང་ལ། དེ་ནས་རྒྱལ་ཁབ་དང་མི་རིགས་བར་རིག་གནས་འབྲེལ་འདྲིས་དང་བརྗེ་རེས་ཀྱི་དགོས་པ་དངོས་ལས་བརྙན་ཡིག་ལོ་ཙཱ་བྱུང་ཞིང་འཕེལ་བ་ཡིན།
       གཉིས། དབྱེ་བ།
       སྤྱིར་གློག་བརྙན་འཕྲིན་ལོ་ཙཱའི་དབྱེ་ཚུལ་ལ་རིགས་མི་འདྲ་བ་ཁག་གཅིག་ཡོད་མོད། ལོ་ཙཱའི་ལག་ལེན་གྱི་ཆ་ནས་དབྱེ་ན་གཙོ་བོ་བརྙན་ཡིག་ལོ་ཙཱ་དང་བརྙན་མིང་ལོ་ཙཱ། སྒྲ་སྦྱོར་སྒྱུར་སྒྲིག་བཅས་རིགས་ཆེ་བ་གསུམ་དུ་དབྱེ་སྲོལ་ཡོད། བརྙན་མིང་ལོ་ཙཱ་ནི་སྟབས་བདེར་བཤད་ན་གློག་བརྙན་འཕྲིན་གྱི་བརྙན་མིང་ཡིག་རིགས་གཞན་དུ་སྒྱུར་བར་གོ། སྒྲ་སྦྱོར་སྒྱུར་སྒྲིག་ཅེས་པ་ནི་སྒྲ་སྦྱོར་སྒྱུར་སྒྲིག་མང་ཆེ་བ་ནི་གློག་བརྙན་འཕྲིན་གྱི་སྐད་སྒྲ་དག་ཐོག་མའི་སྐད་རིགས་དེ་དང་སྐད་ཁོངས་གཅིག་པའི་ཡིག་རིགས་ཐོག་ཏུ་ཕབ་ནས་ཡང་སྐད་ཡིག་གཞན་དུ་སྒྱུར་རྗེས་སྒྲ་སྦྱོར་བས་འགྱུར་ཡིག་སྐད་ཁོངས་ཀྱི་སྐད་ཆའི་ལམ་ནས་སྒྲ་སྦྱོར་བྱས་པ་ཞིག་ཡིན། དམིགས་བསལ་དབང་གིས་སྐད་རིགས་གཅིག་ནས་ཐད་ཀར་ངག་སྒྱུར་བྱས་ཏེ་སྒྲ་སྦྱོར་བྱས་པ་རེ་ཟུང་ཡོང་སྲིད་མོད། དེ་ནི་སྤུས་ཚད་དང་གང་གི་ཆ་ནས་བཤད་ཀྱང་བརྙན་ཡིག་ལོ་ཙཱའི་ཚད་དང་མི་མཐུན་པ་ཤས་ཆེ།
       གསུམ་པ། བརྙན་ཡིག་གི་དམིགས་བསལ་ཁྱད་ཆོས།
       གཅིག རྣམ་པའི་ཆ་ནས་བཤད་ན།

       ཀ ཡི་གེའི་རྣམ་པ་ཡིན་པ་གང་ཞིག་གློག་བརྙན་འཕྲིན་གྱི་ཐོག་མའི་སྐད་སྒྲ(原声)དང་སྐད་ཁོངས་གཅིག་པ་ཡིན་མིན་གང་རུང་ཐོན་པ་ཞིག་ཡིན། བརྙན་ཡིག་ཅིག་ཡིག་རིགས་གཞན་དུ་ལོ་ཙཱ་བྱས་རྗེས་ད་གཟོད་ཐོག་མའི་སྐད་སྒྲ་དང་སྐད་ཁོངས་གཅིག་པ་མིན་པ་ཆགས་ཀྱི་ཡོད།
       ཁ གློག་བརྙན་འཕྲིན་གྱི་འཁྲབ་མིའི་སྐད་ཆ་ནི་བརྙན་ཡིག་གི་འབྱུང་ཁུངས་ཡིན་པ་ལས་དེ་མེད་ན་བརྙན་ཡིག་མི་ཡོང་བ། རྣ་བ་སྐྱོན་ཡོད་པའམ་སྐད་ཁོངས་མི་གཅིག་པའི་མི་ཚོར་མཚོན་ན་བརྙན་ཡིག་གིས་གློག་བརྙན་འཕྲིན་གྱི་ནང་དོན་རྟོགས་པར་གཞོགས་འདེགས་ཀྱི་ནུས་པ་ཐོན་པ་བཅས་སོ། །
       ག གློག་བརྙན་འཕྲིན་ནང་གི་སྐད་ཆའི་སྒྲ་དང་ལྷན་དུ་འཆར་ངོས་སུ་ཤར་དགོས་ཤིང་ཞིབ་མོར་འཆད་ན་སྐར་ཆ་གཅིག་གཉིས་གཅིག་གིས་གློག་བརྙན་འཕྲིན་སྒྲ་ལས་མགྱོགས་པར་འཆར་གྱིན་ཡོད།
       ང འཆར་ངོས་སུ་ཤར་བའི་བརྙན་ཡིག་མྱུར་མོར་མྱུར་མོར་བརྗེ་འགྲོ་ཡི་ཡོད་པས། དུས་ཐུང་གི་རང་བཞིན་ཤིན་ཏུ་ལྡན།
       གཉིས། ནང་དོན་ཐད་ནས་དབྱེ་ན།
       ཀ གོ་བདེའི་རང་བཞིན་ལྡན་པ། གློག་བརྙན་འཕྲིན་ནི་ཐོག་མར་གསར་དུ་གཏོད་དུས་ནས་ཚོང་ལས་དམིགས་ཡུལ་དབང་གིས་མང་ཚོགས་ལ་ཕྱོགས་པའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན། མང་ཚོགས་ཀྱི་ལྟ་འདུན་ཡིད་སེམས་ཇི་ལྟར་འགུགས་ཐུབ་ན་གློག་བརྙན་འཕྲིན་ལས་པའི་དམིགས་ཡུལ་ཡང་དེ་ཙམ་འགྲུབ་པ་ཡིན་པས། གློག་བརྙན་འཕྲིན་གང་ཡིན་རུང་མང་ཚོགས་ལ་ཕྱོགས་པའི་ཆ་ཤིན་ཏུ་མང་ཞིང་། གློག་བརྙན་གྱི་སྐད་ཆ་ཡང་དེའི་གྲས་ཀྱི་གལ་ཆེན་ཞིག་ཡིན། མ་གཞི་མང་ཚོགས་ལ་རིག་གནས་ཀྱི་གོ་རྟོག་མཐོ་དམན་མང་དུ་ཡོད་མོད། སྤྱི་ཡོངས་ནས་བཤད་ན་ལྟོས་བཅས་ཀྱིས་ཞན་པས། ཆེད་ལས་རང་བཞིན་ཤུགས་ཆེན་ལྡན་པའི་གློག་བརྙན་འཕྲིན་ཕུད་གོ་བདེའི་སྐད་ཆ་བཀོལ་བ་མང་། བརྙན་ཡིག་ནི་གློག་བརྙན་ཁྲོད་ཀྱི་སྐད་ཆའི་ཚོགས་ཡི་གེར་ཕབ་པ་ཞིག་ཡིན་པས། གོ་བདེའི་རང་བཞིན་ཤུགས་ཆེན་ལྡན་དགོས།
       ཁ སྐད་ཆའི་སྤྱི་འདུས་རང་བཞིན་ཆེ་བ།(语言的融合性)ཞེས་གློག་བརྙན་འཕྲིན་ཁྲོད་ཀྱི་འཁྲབ་མིའི་གླེང་མོལ་དང་། གླུ་དབྱངས། དེ་བཞིན་འགུལ་རྣམ་གྱི་པར་ངོས་སོགས་ཀྱི་བར་ཕན་ཚུན་གཅིག་རྟེན་གྱི་འབྲེལ་བ་དམ་ཟབ་དུ་གནས་པ་དེར་ཟེར། གློག་བརྙན་འཕྲིན་གྱི་སྐད་ཆ་ལ་ངག་ཐོག་གི་སྐད་ཆ་དང་ངག་ཐོག་མིན་པའི་སྐད་ཆ་གཉིས་འདུ་སྟེ། ངག་ཐོག་གི་སྐད་ཆ་ནི་འཁྲབ་མིའི་སྐད་ཆ་གོ་ཞིང་། མི་ཁོ་ནར་མི་གོ་བར་སྲོག་ཆགས་རིགས་ཡིན་ཡང་ཆོག ངག་ཐོག་མིན་པའི་སྐད་ཆ་ནི་འཁྲབ་མིའི་ཡན་ལག་འགུལ་བ་སོགས་ལ་ཡན་ལག་གི་སྐད་ཆ་ལ་གོ གློག་བརྙན་འཕྲིན་གྱི་ངག་ཐོག་མིན་པའི་སྐད་ཆ་ནི་རྩོམ་རིག་བརྩམ་ཆོས་ལས་འདས་པའི་རང་སྟེང་གི་དམིགས་བསལ་ཁྱད་ཆོས་ཤིག་རེད།
       བཞི་པ། བརྙན་ཡིག་ལོ་ཙཱའི་དམིགས་བསལ་ཁྱད་ཆོས་དང་ཚད་བཀག
       གཅིག བརྙན་ཡིག་ལོ་ཙཱའི་དམིགས་བསལ་ཁྱད་ཆོས།

       ཀ ཕྱོགས་འདུས་ཀྱི་རང་བཞིན།
       སྒྲ་གཟུགས་གཅིག་གྱུར་གྱི་ཕྱོགས་འདུས་རང་བཞིན་ནི་གློག་བརྙན་འཕྲིན་གྱི་སྐད་ཆའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན་པས། མ་བརྙན་ཁྲོད་ཀྱི་པར་མིག་དང་འཁྲབ་མའི་གླེང་མོལ་ཚང་མ་མཐོང་ཚོར་བརྒྱུད་དེ་ལྟད་མོ་བར་སྟོན་དགོས། ལྟད་མོ་བས་བརྙན་ངོས་ལྟ་བཞིན་ཡོད་ལ། བརྙན་ཡིག་ལའང་ལྟ་བཞིན་ཡོད་པས། བརྙན་ཡིག་བརྗེ་སྒྱུར་དང་འཁྲབ་མིའི་གླེང་མོལ་དེ་བཞིན་བརྙན་ངོས་ཀྱི་འགྱུར་བ་དག་གཅིག་གྱུར་ཡོང་བ་བྱ་དགོས་ལ། བརྙན་ཡིག་བརྗེ་སྤོར་གྱི་མྱུར་ཚད་དེ་འཁྲབ་མིའི་གཏམ་གླེང་གི་མྱུར་ཚད་དང་མཐུན་དགོས། གལ་ཏེ་དེ་གཉིས་དུས་གཅིག་གི་སྟེང་དུ་སླེབས་མ་ཐུབ་ཚེ། མཐོང་བའི་བརྙན་ཡིག་དང་ཐོས་པའི་སྐད་ཆའི་ནང་དོན་གཅིག་མཚུངས་མིན་པས་ལྟད་མོ་བར་དཀའ་ངལ་བཟོ་སྲིད་ལ། ལྟ་འདུན་མེད་པར་གྱུར་ནས་གློག་བརྙན་འཕྲིན་ཧྲིལ་པོའི་ཕན་ནུས་ལ་སྐྱོན་བཟོ་སྲིད། དེར་བརྟེན་བརྙན་ཡིག་ཡིག་སྒྱུར་སྐབས་ཚིག་ཉུང་དོན་བསྡུས། ཚིག་སྡུད་མཉམ་སྒྲིལ་གྱིས་ཚད་ཡོད་པའི་བར་སྟོང་ཞིག་ནས་མ་ཡིག་གི་ནང་དོན་གང་ཐུབ་ཀྱིས་གསལ་བར་མཚོན་ཐུབ་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
       ཁ། མྱུར་བའི་རང་བཞིན།
       བརྙན་འཕྲིན་བལྟ་སྐབས་བརྙན་ངོས་སུ་འཆར་དང་འཆར་བཞིན་པའི་བརྙན་གཟུགས་དང་བརྙན་ཡིག་དག་སྐད་ཅིག་སྐད་ཅིག་དུ་བརྗེ་འགྲོ་བསDVDདང་ཕབ་ལེན་བྱས་ཟིན་པའམ་དྲ་ཐོག་ནས་བལྟ་བཞིན་པའི་གློག་བརྙན་འཕྲིན་མ་གཏོགས་བརྙན་འཕྲིན་ཡིན་ཚེ་ཕྱིར་འཐེན་ནས་བསྐྱར་དུ་བལྟ་མི་རུང་བས། བརྙན་ཡིག་ལོ་ཙཱ་བྱེད་སྐབས་ཚིག་སྦྱོར་བདེ་པོ་དགོས་ཏེ། རབ་བྱུང་ན་ཀློག་པ་ཙམ་གྱིས་ནང་དོན་སྤྱི་ཁོག་ཡིད་ལ་འཆར་ཐུབ་པ་ཞིག་དགོས། དེ་ཡང་ཚིག་སྦྱོར་བདེ་ཞིང་ཀློག་ཙམ་གྱིས་སྤྱི་དོན་བློ་ལ་ཤར་བ་ཞེས་པ་ནི་ལྟད་མོ་བ་ཡོངས་ཀྱིས་དོན་རྟོགས་དགོས་པར་གོ་བ་མིན་ཏེ། ལྟད་མོ་བ་རིགས་མི་འདྲ་སོ་སོ་རིག་གནས་ཆུ་ཚད་མཐོན་དམན་གྱི་དབང་གིས་གོ་བ་ལོན་ཚད་ཀྱང་མི་འདྲ་བས། རྒྱུན་ཤེས་རིགས་དག་གོ་བ་ལོན་བདེ་མོད། ཆེད་ལས་རང་བཞིན་ཆེ་བ་དག་ཚིག་སྦྱོར་བདེ་བར་སྒྱུར་ན་ལྟད་མོ་བས་ཀློག་བདེ་བ་ལས་གོ་བ་ལོན་ངེས་པས་མི་ཁྱབ།
       ག མཆན་འགྲེལ་འགོད་མི་འོས་པའི་རང་བཞིན།
       ལྷག་དོན་བརྙན་ཡིག་ལ་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་བརྙན་ངོས་བར་སྟོང་ཚད་བཀག་ཡོད་པས་ཞབས་མཆན་དང་མཇུག་མཆན་སོགས་ཡོད་མི་རུང་། དེར་བརྟེན་བརྙན་ཡིག་ཁྲོད་གཏམ་རྒྱུད་དང་ཁ་དཔེའི་རིགས་སམ་ཡིག་རིགས་གཞན་ལ་སྒྱུར་སྐབས་འགྱུར་ཡིག་ལྟད་མོ་བས་གོ་དཀའ་བ་ཡོད་མོད། དེ་རིགས་འོས་མཚམས་ཀྱིས་ཚིག་ཉུང་རེ་ཁ་སྣོན་གྱིས་འགྲེལ་བཤད་ཚུལ་གྱིས་བརྙན་ཡིག་རང་གི་བར་དུ་བཅུག་པ་ལས་ཆེད་དུ་མཆན་ནི་འགོད་སྲོལ་མེད།
       གཉིས། ཚད་བཀག
       ཀ བར་སྟོང་གི་ཚད་བཀག
       གློག་བརྙན་འཕྲིན་གྱི་འཆར་ངོས་ལ་བར་སྟོང་གི་ཚད་བཀག་ཆེ་བས། བརྙན་ཡིག་སྦྱོར་བའམ་བརྙན་ཡིག་ལོ་ཙཱ་གང་ལ་མཚོན་ན་ཚད་བཀག་དེ་ལ་གདོང་གཏོད་དགོས་པ་ཞིག་ཡིན། འདིར་གླེང་བའི་བར་སྟོང་ཞེས་པ་ཡང་འཆར་ངོས་ཀྱི་ཆེ་ཆུང་དང་། བརྙན་ཡིག་གི་ཡིག་འབྲུའི་གྲངས་དང་ཡིག་ཕྲེང་དག་ལ་གོ་བ་ཡིན་པས་གཤམ་ནས་རེ་རེ་བཞིན་གླེང་བར་བྱ།
       ༡ ཡིག་ཕྲེང་གི་གྲངས།
       ལྟད་མོ་བས་གློག་བརྙན་འཕྲིན་བལྟ་ཚད་དང་གོ་བ་ལོན་ཐུབ་པའི་མྱུར་ཚད་བཅས་ལ་དམིགས་ཏེ་སྤྱིར་བཏང་ཆ་ནས་གློག་བརྙན་འཕྲིན་གྱི་བརྙན་ཡིག་ཡིག་ཕྲེང་གཅིག་ལ་ཚོད་འཛིན་བྱེད་མོད། ད་ཆ་དྲ་ཐོག་གི་གློག་བརྙན་ཁ་ཤས་ལ་བརྙན་ཡིག་ཡིག་ཕྲེང་གཉིས་བྱས་པ་ཡོད་ལ། ལྷག་དོན་སྐད་ཡིག་གཉིས་ཀྱི་བརྙན་ཡིག་ཡིག་ཕྲེང་གོང་འོག་བྱས་པ་རྒྱུན་དུ་མཐོང་རྒྱུ་ཡོད་དེ། དབྱིན་ཇི་དང་རྒྱ་ཡིག་བརྙན་ཡིག་གོང་འོག་བྱས་པའི་རྒྱལ་ནང་ཁྱབ་ཆེ་བའི་ཕྱི་གླིང་གློག་བརྙན། དེ་བཞིན་ཉེ་ཆར་དར་མགོ་ཚུགས་པའི་རྒྱ་བོད་དམ་བོད་དབྱིན་ཡིག་རིགས་གཉིས་ཀྱི་བརྙན་ཡིག་མངའ་བའི་བོད་བརྗོད་གློག་བརྙན་ལྟ་བུའོ། མ་གཞི་གློག་བརྙན་དེ་དག་ལ་བརྙན་ཡིག་ཡིག་ཕྲེང་གཉིས་བཀོལ་ཡོད་མོད། ཅུང་ཚད་ལྡན་དག་ནི་ཡིག་གཟུགས་ཇེ་ཆུང་དུ་བཏང་ནས་བརྙན་ངོས་ཀྱི་གཤམ་དུ་འཆར་བར་བྱས་པས། གློག་བརྙན་ལྟ་བར་དེ་ཙམ་གྱིས་གནོད་པ་ཆེར་མེད། འོན་ཀྱང་ཚད་ལྡན་མིན་པ་དག་བརྙན་ཡིག་བརྙན་ངོས་ཀྱི་ཐོད་དམ་དཀྱིལ་དུ་འཆར་བའམ། ཡིག་གཟུགས་ཆེན་དྲགས་ནས་བརྙན་ངོས་ཀྱི་སུམ་ཆ་གཉིས་ཙམ་ཟིན་པ་སོགས་ནི་བརྙན་ཡིག་བཟོ་བའི་ཚད་དང་མཐུན་མེད་ལ། གློག་བརྙན་ལྟ་བར་བཀག་འགོག་བཟོ་བས། བརྙན་ཡིག་སྦྱོར་བའམ་ལོ་ཙཱ་བྱ་སྐབས་གནད་དོན་དེ་རིགས་ལ་གཟབ་དགོས་པ་ཡིན།
       ༢ བརྙན་ཡིག་གི་ཡིག་འབྲུའི་གྲངས།
       སྤྱིར་བརྙན་ཡིག་གི་ཡིག་འབྲུའི་གྲངས་ལ་གཏན་འཁེལ་འདི་ཙམ་དགོས་ཞེས་བཤད་དཀའ་ཡང་། བརྙན་ཡིག་སྦྱོར་མཁན་དང་ལོ་ཙཱ་བ་ཚོས་དུས་ཡུན་རིང་པོའི་ཉམས་མྱོང་གཞིར་ནས་སྐད་ཡིག་སོ་སོར་མཚམས་པའི་ཡིག་འབྲུའི་གྲངས་འོས་འཚམས་ཤིག་གཏན་འཁེལ་བྱས་ཡོད། དཔེར་ན། རྒྱ་ཡིག་མཚོན་ན། གློག་བརྙན་འཕྲིན་བརྙན་ཡིག་མང་ཆེ་བར་རྒྱ་ཡིག་གི楷体字བེད་སྤྱོད་ཅིང་། ཡིག་ཕྲེང་རེར་ཡིག་གྲངས་བཅུ་གཉིས་ཡན་བརྒལ་མི་རུང་བའི་གཏན་འཁེལ་ཡོད། བོད་ཡིག་མཚོན་ན་ཡང་ཉམས་མྱོང་ལྟར་ན་ཡིག་ཕྲེང་རེར་ཡིག་འབྲུ་བརྒྱད་ནས་བཅུ་གཉིས་བར་ཚོད་འཛིན་བྱས་ན་འོས་སམ། ཡིག་གཟུགས་ཀྱང་ཇོ་མོ་གླང་མ་བཀོལ་ན་ཅུང་ལེགས་ཏེ་ཇོ་མོ་གླང་མའི་ཡིག་གཟུགས་གི་ཆེ་ཆུང་དབྱིན་ཇི་དང་རྒྱ་ཡིག་གཅིག་མཚུངས་སུ་གནས་ཡོད།(གཤམ་གྱི་རི་མོ་ལྟ་བུ།)
       ཁ། དུས་ཚོད་ཀྱི་ཚད་བཀག
       གློག་བརྙན་འཕྲིན་ལ་ལྟ་སྐབས་བརྙན་ངོས་སུ་འཆར་དང་འཆར་བཞིན་པའི་བརྙན་གཟུགས་དང་བརྙན་ཡིག་དག་སྐད་ཅིག་སྐད་ཅིག་དུ་བརྗེ་འགྲོ་བས་བརྙན་ཡིག་སྦྱོར་རམ་ལོ་ཙཱ་བྱེད་སྐབས་དུས་ཚོད་ཀྱི་ཚད་བཀག་ངེས་ཅན་ཐེབས་ཀྱི་ཡོད། དྲ་ཐོག་གི་བརྙན་ཡིག་སྐོར་གྱི་གཏན་འབེབ་ལྟར་ན་བརྙན་ཡིག་འཆར་བའི་དུས་ཡུན་སྐར་ཆ0.8ལས་ངེས་པར་བརྒལ་དགོས་པ་དང་། སྤྱིར་བཏང་ཆ་ནས་སྐར་ཆ3ནས6བར་ཚོད་འཛིན་དགོས། ལྷག་དོན་བརྙན་ཡིག་སྦྱོར་སྒྲིག་ལས་ཀའི་ཁྲོད་རྒྱལ་སྤྱིའི་ཐོག“སྐར་ཆ6ཅན་གྱི་རྩ་དོན”ཞེས་བརྙན་ཡིག་འཆར་ཡུན་སྐར་ཆ་དྲུག་ལས་བརྒལ་མི་ཆོག་པའི་གཏན་འབེབ་ཅིག་ཀྱང་ཡོད་པར་གྲགས། བརྙན་ཡིག་འཆར་ཡུན་ལ་ཡིག་རིགས་ཀྱི་ཁྱད་པར་མེད་པས། བོད་ཡིག་བརྙན་ཡིག་དག་ཀྱང་ངེས་པར་དུ་གཅིག་གྱུར་གྱི་གཏན་འབེབ་དེ་དག་དག་མཐུན་ཞིང་འཚམས་པ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། གཞན“དངུལ་གྱི་ཁ་གྲངས་སོགས་བརྩི་ལུགས་དེ་སྔར་བོད་རང་གི་འགྲོས་དང་བསྟུན་ལ་ལེགས་ཏེ། 1millionཞེས་པ་ལ་ཁྲི་བརྒྱ་ཟེར་བ་ལས་ས་ཡ་གཅིག་ཞེས་བྲིས་ན་གོ་བདེ། དཔེར་ན(གཅིག་ལ1བཅུ་ལ10བརྒྱ100སྟོང1000ཁྲི10,000འབུམ100,000ས་ཡ1,000,000བྱེ་བ10,000,000 དུང་ཕྱུར100,000,000)ལྟར་བོད་རང་གི་བརྩི་ལུགས་སུ་བྱས་ན་འགྲིག”[6]
       ག གྲངས་ཀ་བེད་སྤྱོད་སྟངས།
       ༡ རྨང་གཞིའི་གྲངས(基数词)ཀྱི་བཀོལ་སྤྱོད།
       “ཨང་ཀི་འབྲི་དགོས་སར་འཛམ་གླིང་སྤྱི་སྤྱོད་ཀྱི་ཨ་རབ་ཨང་ཀིའམ་བོད་ཨང་འབྲི་བ་ལས། རབ་ཡིན་ན་ཡི་གེའི་ལམ་ནས་མ་མཚོན། ཡི་གེས་བརྙན་ངོས་ཀྱི་ས་ཟིན་ཚད་ཆེ་དྲགས།”[7]ཅེས་ཨང་ཀི་ཀོལ་སྐབས་ངེས་པར་དུ་ཨ་རབ་ཨང་ཀིས་མཚོན་དགོས་ཏེ་བརྙན་ཡིག་ཁྲོད་ཐོན་པའི་ཁ་པར་ཨང་གྲངས་ད་སྒོ་རྟགས་དེ་བཞིན་རྒྱུན་མཐོང་གི་གྲངས་མཚོན་ཨང་ཀི་ཡང་དེ་བཞིན་ཡིན། འོན་ཀྱང་རང་གིས་འདོད་མོས་ལྟར་ན་གཅིག་གྱུར་ཡོང་ཆེད་ཨ་རབ་ཨང་ཀི་ལས་བོད་ཨང་བཀོལ་བར་དེ་ཙམ་མོས་མཐུན་མེད། གཞན་ཚད་གཞི་ཡོད་པའི་གྲངས་ཐོན་ཚེ། དཔེར་ན། ལྗིད་ཚད་མཚོན་པའི་ཁེ18ལྟ་བུ། ཚད་གཞི་བྲིས་རྗེས་ཨང་ཀི་བཀོལ་བ་ལས་ཁེ་བཅོ་བརྒྱད་ཅེས་ཡིག་ཆེན་བྲིས་ན་བར་སྟོང་འཕྲོ་བརླག་གཏོང་བ་ལྟ་བུའོ། །
       ༢ རིམ་གྲངས(序数词)ཀྱི་བཀོལ་སྤྱོད།
       རིམ་གྲངས་ནི་དབང་རིམ་མཚོན་པའི་གྲངས་ལ་ཟེར་ཞིང་། བརྙན་ཡིག་ཁྲོད་རིམ་གྲངས་བཀོལ་སྤྱོད་ཀྱི་རྣམ་པ་རྒྱུན་དུ་འཕྲད་ཀྱི་ཡོད། དབྱིན་ཇི་ཡིན་ན་དུས་རབས་ཉེར་གཅིག་ལྟ་བུ“the 21stcentury”ཞེས་ཨང་ཀིའི་རྗེས་སུ་ཨང་དང་པོ་མཚོན་པའིfirstཡི་བསྡུས་ཡིགstབཞག་ནས་མཚོན་ཐུབ་ཀྱི་ཡོད་མོད། བོད་ཡིག་ལ་མཚོན་ན་ཨང་དང་པོ་ལ་ཨང1ཞེས་བྲིས་ན་ལྟད་མོ་བས་དོན་གོ་བ་ལྟར་སྣང་ཞིང་བར་སྟོང་གྲོན་ཆུང་ཐུབ་པ་འདྲ་ཡང་ཀློག་མི་བདེ་ཞིང་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མི་འཚམ་པས། བོད་ཡིག་ལ་མཚོན་ན་རིམ་གྲངས་བཀོལ་སྤྱོད་སྐབས་ཨང་ཀི་བསྐྱུར་ནས་བོད་ཡིག་གིས་བྲིས་ན་ལེགས་པར་མཐོང་།
       ༣ དུས་ཚོད་མཚོན་པའི་གྲངས་ཀྱི་བཀོལ་སྤྱོད།
       དུས་ཚོད་མཚོན་པའི་གྲངས་ལ་ཨ་མདོ་ཁུལ་དུ་དུས་ཚོད་འབོད་ཅིང་། དབུས་གཙང་ཕྱོགས་སུ་ཆུ་ཚོད་ཅེས་འབོད་སྲོལ་ཅུང་མི་འདྲ། བརྙན་ཡིག་ཁྲོད་དུས་ཚོད་མཚོན་པའི་གྲངས་བཀོལ་སྐབས། “at 08:15this morning”ལྟ་བུ་དབྱིན་ཇིའི་དུས་ཚོད་མཚོན་སྟངས་ལྟར་ཨང་ཀིས་མཚོན་ན་འགྲིག་མོད། བོད་ཡིག་ཏུ་སྔོན་དུ་ཆུ་ཚོད་དམ་དུས་ཚོད་ཅེས་མ་བསྣན་ཀློག་མི་བདེ་སྟེ། ཞོགས་པའི་ཆུ་ཚོད08:15ཞེས་པ་ལས་ཞོགས་པ08:15ཞེས་ན་དོན་ཆ་ཚང་ཞིག་སྟོན་མི་ཐུབ།
       ང བརྙན་ཡིག་ཁྲོད་བརྡ་རྟགས་ཚེག་ཤད་བཀོལ་སྟངས།
       ཡིག་རིགས་མི་འདྲ་བར་སོ་སོར་རང་སྐྱ་འཕེལ་བའི་བརྡ་རྟགས་ཚེག་ཤད་ཆ་ཚང་རེ་ཡོད་མོད། གཅིག་གྱུར་དགོས་མཁོའི་དབང་གིས་འཛམ་གླིང་ཡིག་རིགས་ཀུན་དུ་སྤྱོད་པའི་གཅིག་གྱུར་གྱི་བརྡ་རྟགས་ཚེག་ཤད་ཡང་མི་ཉུང་བ་ཡོད་ལ། ལྷག་དོན་སྐད་དང་རིག་གནས་ཀྱི་འབྲེལ་འདྲིས་ཇེ་ཟབ་སོང་བ་དང་བསྟུན་ནས་ཡིག་རིགས་མང་ཆེ་བར་མཉམ་སྤྱོད་ཀྱི་ཐུན་མོང་གི་བརྡ་རྟགས་ཚེག་ཤད་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པས། ང་ཚོས་ཀྱང་བོད་རང་གི་སྐད་དང་ཡི་གེའི་བརྡ་སྤྲོད་ལུགས་དང་མཐུན་པའི་རྨང་གཞིའི་ཐོག་གང་ཐུབ་ཀྱིས་ཡིག་རིགས་མང་པོའི་མཉམ་དུ་སྤྱོད་པའི་བརྡ་རྟགས་ཚེག་ཤད་དག་བེད་སྤྱོད་ཀྱིས་སྐད་དང་རིག་གནས་རྒྱལ་སྤྱིའི་ཚད་ལྡན་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས་ཏེ། ལྷག་པར་དུ་ད་ལྟ་ལྟ་བུ་ཚན་རྩལ་རིག་གནས་གསར་པ་མང་པོ་ནང་འདྲེན་བྱེད་པའི་བརྒྱུད་རིམས་ཁྲོད་ཐབས་ཤེས་དེ་རིགས་གལ་ཆེན་པོ་ཆགས་ཀྱིན་ཡོད།
       དབྱིན་ཇི་དང་རྒྱ་ཡིག་གཉིས་ཀར་སྤྱོད་པའི་དཔེ་རྟགས“«»” “……” “( )”སོགས་མི་ཉུང་བ་ཞིག་ཡོད་པས། དེ་དག་བོད་ཡིག་དུ་སྤྱད་ན་མི་འོས་པ་མེད། གཞན་རྒྱ་ཡིག་དབྱིན་ཡིག་གཉིས་ཀར་མཉམ་དུ་སྤྱོད་པ་ཚང་མ་བོད་ཡིག་ཏུ་སྤྱོད་རུང་བའང་མིན་ཏེ། “” “” “”སོགས་བོད་ཡིག་ཏུ་སྤྱད་ན་ཕན་མེད་པའི་ཁར་གནོད་མང་བ་སྟེ། རིག་གསར་སྐབས་རྒྱ་ཡིག་གི་བརྡ་རྟགས་ཚེག་ཤད་དག་བོད་ཡིག་ཏུ་སྤྱད་པ་ལྟ་བུའི་ནོར་སྐྱོན་ཆེན་པོ་འབྱུང་སྲིད།
       ཅ ཞར་བྱུང་ཡིད་གཟབ་བྱ་དགོས་པ་ཁ་ཤས།
       ༡ གསེག་ཡིག་གི་བཀོལ་སྤྱོད།
       གསེག་ཡིག་ནི་གཡས་གཡོན་དུ་ཅུང་གསེག་པའི་ཡིག་གཟུགས་ལ་གོ་བ་ཡིན། དབྱིན་ཡིག་བརྙན་ཡིག་ཁྲོད་གསེག་ཡིག་བཀོལ་ནས་བརྩམས་ཆོས་ཀྱི་མིང་མཚོན་པ་མ་ཟད། གློག་བརྙན་ཁྲོད་ཀྱི་སྒོ་འབྱེད་པའི་སྒྲ་དང་ཁྱི་ཟུག་པའི་སྒྲ་དེ་བཞིན་གླུ་ལེན་པའི་སྒྲ་སོགས་ཡན་གར་གྱི་སྒྲ་དག་མཚོན་པ་ཡིན། རྒྱ་ཡིག་གི་བརྙན་ཡིག་ཁྲོད་གསེག་ཡིག་བཀོལ་བ་སྤྱིའི་ཆ་ནས་ཐོན་རྒྱུ་མེད། བོད་ཡིག་བརྙན་ཡིག་མཚོན་ན་གསེག་ཡིག་བཀོལ་བ་དེ་འདྲ་མཐོང་མ་མྱོངས་ཀྱང་། དབྱིན་ཇིའི་བཀོལ་སྤྱོད་བྱ་སྟངས་བཞིན་བེད་སྤྱོད་བྱས་ན་ཁྱབ་བརྡལ་གཏོང་མི་བདེ་བ་སོགས་མེད་ལ་ཡན་གར་གྱི་སྒྲ་དག་མཚོན་པར་དམིགས་བསལ་གྱི་ཕན་ནུས་ཐོན་པས། རབ་ཡིན་ན་གསེག་ཡིག་བཀོལ་ན་སྙམ།
       ༢ གཞས་ཚིག་བརྙན་ཡིག་ཏུ་བཅུག་པ།
       གློག་བརྙན་བྱུང་འཕེལ་ཁྲོད་ཀྱི་གླུ་དབྱངས་དག་འཁྲབ་མིའི་སྐད་ཆ་དང་གདོང་ཐུག་མ་བྱུང་ཚེ། གླུ་ཡི་གཞས་ཚིག་དག་བརྙན་ཡིག་ཁྲོད་དུ་བཅུག་ཆོག དབྱིན་ཇིའི་བརྙན་ཡིག་ཁྲོད་གཞས་ཚིག་གི་བརྙན་ཡིག་དག་གསེག་ཡིག་བཀོལ་ནས་མཚོན་པ་རྒྱུན་དུ་མཐོང་སྲིད། དཔེར་ན་གློག་བརྙན་བྱུང་འཕེལ་གྱི་ཁྲོད་གཞས་དང་ཞབས་བྲོ་མང་བའི་རྒྱ་གར་གྱི་གློག་བརྙན་ལྟ་སྐབས། རྒྱུན་དུ་སྙན་ངག་གི་བྲོ་བས་ཕྱུག་པའི་རྒྱ་གར་གཞས་ཀྱི་གཞས་ཚིག་དག་བརྙན་ཡིག་ཁྲོད་བཅུག་པ་ཤིན་ཏུ་མང་པོ་མཐོང་དང་མཐོང་བཞིན་པ་དེ་འདྲའོ། གཞས་ཚིག་དག་བརྙན་ཡིག་ཏུ་བཅུག་ཚེ་གསེག་ཡིག་བཀོལ་ཡིན།
       ༣ བརྙན་ཡིག་གི་ཚོན་མདོག
       རྒྱུན་མཐོང་གི་དབྱིན་ཇི་དང་རྒྱ་ཡིག་བརྙན་ཡིག་ཁ་དོག་ཁྲོད་དཀར་པོ་བཀོལ་བ་ཤིན་ཏུ་མང་ལ་སེར་པོ་ཡང་མི་ཉུང་བ་ཡོད། གཞན་དྲ་སྟེང་གློག་བརྙན་བརྙན་ཡིག་ལ་དཀར་སེར་མིན་པའི་ཁ་དོག་གཞན་འདྲ་མིན་བཀོལ་བ་ཡོད་དེ། དེ་ནི་མཛེས་ཆོས་དང་བརྡ་ཁྱབ་ཀྱི་དགོས་པ་ཞིག་ཡིན་སྲིད་ལ། དྲ་བའི་བརྙན་ཡིག་ཚོགས་པ་སོ་སོའི་གཏན་འབེབ་དང་དགའ་འོས་ཡིན་སྲིད། མདོར་ན་བརྙན་ཡིག་གི་ཁ་དོག་དཀར་སེར་གཉིས་གཙོ་རྒྱུགས་ཡིན་པའི་རྨང་གཞིའི་ཐོག་དམིགས་བསལ་གྱི་དགོས་མཁོར་གཞིགས་ནས་ཁ་དོག་གཞན་བཀོལ་རུང་། གཙོ་བོ་ཞིག་ནི་བརྙན་ཡིག་སྦྱོར་སའི་གློག་བརྙན་འཕྲིན་གྱི་རྒྱབ་ལྗོངས་དང་འོད་མདངས་ལ་ཡང་བསམ་གཞིག་གཏོང་དགོས་པ་ཡིན། རྒྱབ་ལྗོངས་འོད་དཀར་པོ་འཕྲོ་བཞིན་བརྙན་ཡིག་དཀར་པོ་སྦྱར་ཚེ། བརྙན་ཡིག་གསལ་བ་མཐོང་མི་ཐུབ། གནད་དོན་དེ་རིགས་སྤུས་ཚད་དེ་ཙམ་མེད་པའི་བོད་ཀྱི་གླུ་གཞས་བརྙན་འཁོར་དག་ལས་མི་ཉུང་བ་མཐོང་ཐུབ།
ས་བཅད་གཉིས་པ། བརྙན་མིང་ལོ་ཙཱའི་རྩ་དོན་དང་སྒྱུར་ཐབས་སྐོར།
       བརྙན་མིང་ནི་གློག་བརྙན་འཕྲིན་གྱི་ཚོང་རྟགས་ལྟ་བུ་ཞིག་ཡིན་ཏེ། གློག་བརྙན་འཕྲིན་གྱི་འགྲེམ་པར་སྟེང་དུ་ཡོད་ལ། འགྲེམས་སྤེལ་བྱས་ཟིན་པའིDVDསོགས་ཚོང་རྫས་དག་གི་ཁ་ཤོག་སྟེང་དུའང་ཡོད་པས། དྲིལ་སྒྲོག་གི་ནུས་པ་ཐོན་པའི་མིང་བྱང་ལྟ་བུ་ཞིག་ཡིན། བརྙན་མིང་ཕུལ་དུ་བྱུང་བ་ཞིག་ཡིན་ན་གློག་བརྙན་ཧྲིལ་པོའི་བརྗོད་སྙིང་དང་གཅིག་ཏུ་གནས་ཤིང་། ལྟད་མོ་བར་བག་ཆགས་ཟབ་མོ་འཇོག་ཅིང་བསམ་གཞིག་བསྐྱེད་དུ་བཅུག་ནས་བལྟ་འདུན་སྐྱེ་རུ་འཇུག་ཐུབ།  དེར་བརྟེན་བརྙན་མིང་གི་བྱེད་ནུས་ཁོ་ནས་ཆ་ནས་བཤད་ཀྱང་། བརྙན་མིང་ལོ་ཙཱ་ནི་སྤྱིར་བཏང་གི་རྩོམ་ཆོས་ཡིག་སྒྱུར་ཙམ་མིན་པར། མཚམས་སྦྱོར་བརྡ་ཁྱབ་དང་ཉེ་བའི་ལོ་ཙཱའི་རིགས་ཤིག་གི་ཆ་ནས་ཐད་ཀར་གློག་བརྙན་འཕྲིན་ཞིག་གི་འཛིན་ཤོག་ཡོང་སྒོ(票房收入)ཤུགས་རྐྱེན་ཐེབས་ངེས་པས། བརྙན་མིང་ལོ་ཙཱ་ལེགས་གྲུབ་བྱུང་མིན་ཤིན་ཏུ་གལ་ཆེ།
       དང་པོ། བརྙན་མིང་འདོགས་ལུགས།
       བརྙན་མིང་ཡིག་སྒྱུར་མ་བྱས་སྔོན་ལ་ང་ཚོས་བརྙན་མིང་འདོགས་སྟངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། བརྙན་མིང་ལ་དོ་སྣང་ཅུང་རེ་བྱས་ན་བརྙན་མིང་འདོགས་སྟངས་ལའང་རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་མང་དུ་མཆིས་ཏེ། གཤམ་དུ་བཀོད་པ་དག་ནི་རྒྱུན་མཐོང་གི་བརྙན་མིང་འདོགས་སྟངས་ལས་ཁག་གཅིག་དྲངས་པ་ཡིན།[8] གཅིག གློག་བརྙན་འཕྲིན་ནང་གི་མི་སྣའམ་ས་གནས་ཀྱི་མིང་ཞིག་བརྙན་མིང་དུ་བྱས་པ། གཉིས་པ། གློག་བརྙན་ཧྲིལ་པོའི་བརྗོད་བྱ་སྤྱི་བསྡོམས་ཀྱིས་མཚོན་ཐུབ་པའི་མིང་ཚིག་བརྙན་མིང་དུ་བཀོལ་བ། གསུམ་པ། དེ་ཙམ་མངོན་གསལ་མིན་པའི་སྒོ་ནས་གློག་བརྙན་གྱི་དོན་སྙིང་མཚོན་པའི་ཚིག་བརྙན་མིང་དུ་སྤྱོད་པ། གཞན་གློག་བརྙན་བརྗོད་བྱ་དང་ཐད་ཀར་འབྲེལ་བ་མེད་པའི་མིང་ཚིག་བརྙན་མིང་དུ་བཀོལ་བ་ཡང་ཡོད། གོང་གི་བརྙན་མིང་འདོགས་སྟངས་དག་བརྙན་མིང་ཁྲོད་དུ་བཀོལ་ཆེ་མོད། ཡིག་རིགས་སོ་སོའི་མཚོན་ནུས་ཀྱི་ཁྱད་པར་དང་། དྲིལ་སྒྲོག་ཐབས་ལམ་གྱི་ཁྱད་པར། གཞན་ལྟད་མོ་བའི་ལྟ་མོས་མི་འདྲ་བར་བཅས་གཞིགས་ནས་བརྙན་མིང་འདོགས་སྟངས་རིགས་སོ་སོའི་བཀོལ་སྤྱོད་ཀྱི་ཚད་མང་ཉུང་ལ་ཁྱད་པར་འགྲོ་ཡི་ཡོད།
       གཉིས་པ། བརྙན་མིང་ལོ་ཙཱའི་རྩ་དོན།
       བརྙན་མིང་ལོ་ཙཱ་བྱེད་སྐབས་ལོ་ཙཱ་སྤྱིའི་གཞི་རྩའི་རྩ་དོན་སྲུང་བའི་རྨང་གཞིའི་ཐོག བརྙན་མིང་ལོ་ཙཱ་ནི་ལོ་ཙཱའི་ཁྱབ་ཁོངས་གསར་བ་ཞིག་ཡིན་པའི་ཆ་ནས་རང་ངོས་སུ་མཆིས་པའི་དམིགས་བསལ་གྱི་ཁྱད་ཆོས་དང་ཆོས་ཉིད་དག་གང་ཐུབ་ཀྱིས་མཚོན་ཐུབ་པ་བྱ་རྒྱུ་གལ་ཆེ། ལོ་ཙཱ་བ་རང་ཉིད་ལའང་གློག་བརྙན་འཕྲིན་སྒྱུ་རྩལ་གྱི་གོ་རྟོགས་མི་དམན་པ་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན།
       མ་ཀྲེང་ཆི་ཡིས(麻争旗)“གློག་བརྙན་འཕྲིན་གྱི་དབྱིན་ཡིག་བརྙན་མིང་ཞིག་གིས་གློག་བརྙན་ཞིག་ཕྱི་རྒྱལ་དུ་ཁྱབ་སྤེལ་གཏོང་བར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད། བརྙན་མིང་ཕུལ་དུ་བྱུང་བ་ཞིག་གིས་ལྟད་མོ་བའི་ཡིད་སེམས་འགུགས་ཐུབ་ཅིང་། འཛིན་ཤོག་ཡོང་སྒོ་མཐོ་རུ་གཏོང་བར་ཕན་ནུས་ཆེན་པོ་ཐོན་པས། བརྙན་མིང་སྒྱུར་པོས་རང་མི་རིགས་ཀྱི་ཐུན་མིན་རིག་གནས་ཀྱི་རྒྱབ་ལྗོངས་གཞིར་ནས་གློག་བརྙན་འཕྲིན་གྱི་ནང་དོན་དང་བསམ་བློ་གཞིར་བཟུང་ནས་བསྐྱར་རྩོམ་ཐེངས་གཅིག་བྱ་དགོས། བརྙན་མིང་གི་འགྱུར་ཡིག་ནི་མ་ཡིག་གི་མཚོན་དོན་དང་གཞི་གཅིག་གི་སྟེང་དུ་གནས་པ་ཞིག་དགོས་ལ། ཕྱི་རྒྱལ་ལྟད་མོ་བའི་ཁས་ལེན་པའི་བློ་དང་མཛེས་དཔྱོད་གོམས་གཤིས་དང་འཚམ་པ་ཞིག་དགོས”[9]ཞེས་བརྗོད་པ་ལྟར། བརྙན་མིང་ལོ་ཙཱ་བྱེད་སྐབས་ཀྱང་གཙོ་བོ་ལོ་ཙཱ་བྱེད་པའི་དམིགས་ཡུལ་ཏེ་ལྟད་མོ་བ་རྣམས་ཀྱིས་ཡིད་སེམས་བཀུགས་ཏེ་ལྟ་འདུན་བསྐྱེད་དུ་འཇུག་ཕྱིར“མང་ཚོགས་ཅན་དང་། གོ་བདེ་ཅན། ཁ་སྐད་ཅན། སྒྱུ་རྩལ་ཅན”[10]བཅས་ཡོང་གང་ཐུབ་བྱ་རྒྱུ་གལ་ཆེ་སྟེ། གློག་བརྙན་འཕྲིན་ཞིག་ཕབ་བསྐྲུན་བྱ་བར་མ་རྩ་འབོར་ཆེན་ཞིག་དགོས་རྐྱེན། གློག་བརྙན་འཕྲིན་བརྩམས་ཆོས་ཤིག་ལེགས་སྒྲུབ་བྱ་བའི་བརྒྱུད་རིམ་སོ་སོར་ལྟད་མོ་བ་རིགས་སོ་སོའི་ཡིད་སེམས་འཕྲོག་ཐུབ་པ་ཞིག་བྱུང་མིན་གཙོ་བོའི་དམིགས་ཡུལ་ཡིན་ལ། གལ་ཏེ་རིན་ཐང་ལྟ་བ་མི་འདྲ་བའི་འཛམ་གླིང་ཕྱོགས་སོ་སོའི་ལྟད་མོ་བ་མང་པོའི་ཡིད་སེམས་འགུགས་ཐུབ་པ་ཞིག་བྱུང་ཚེ། འཛིན་ཤོག་ཡོང་སྒོ་མཐོ་རུ་ཕྱིན་ནས་ད་གཟོད་ཚོང་ལས་འགྲན་རྩོད་ཁྲོད་དུ་རྒྱལ་ཁ་མི་དམན་པ་བྱུང་ནས་མ་རྩ་ལོག་པའི་ཁར་ཁེ་བཟང་ཡང་འབྱུང་བ་ཡིན།
       གློག་བརྙན་འཕྲིན་ཞིག་ལ་མཚོན་ན་བརྙན་མིང་ནི་མིག་ལྟ་བུ་ཞིག་ཡིན་ཏེ་ཆེས་ཐོག་མར་ལྟད་མོ་བར་བག་ཆགས་འཇོག་མཁན་དེ་ཡིན། ཐབས་བརྒྱ་ཇུས་སྟོང་གིས་བཏགས་པའི་བརྙན་མིང་ཞིག་ཐོག་མའི་འདྲེན་ཤུགས་ཉམས་མེད་དུ་ཡིག་རིགས་གཞན་ལ་བསྒྱུར་རྒྱུ་ནི་ལས་སླ་པོ་མིན་ཏེ། སྒྱུར་བྱེད་སྐད་ཡིག་གང་གི་བརྡ་སྤྲོད་དང་མཐུན་ཞིང་། འགྱུར་ཡིག་སྤྱོད་མཁན་གྱི་ལྟད་མོ་བ་ཚོའི་ཁམས་དང་མོས་པ་མཐུན་པ་དགོས་པས། བརྙན་མིང་ལོ་ཙཱ་བྱེད་སྐབས། སྐད་ཡིག་ཕན་ཚུན་བརྗེ་རེས་ཀྱི་ལས་ཙམ་མིན་པར། སྐད་ཁོངས་སོ་སོའི་སྐད་ཡིག་རིག་གནས་ཀྱི་བར་ཁྱད་ལ་རྒྱུས་མངའ་ལོན་དགོས་ཤིང་། གློག་བརྙན་འཕྲིན་གང་གི་བརྗོད་སྙིང་རྒྱུས་ལོན་གཏིང་ཟབ་ཡོད་ཐོག ལྟད་མོ་བའི་མཛེས་དཔྱོད་ལྟ་བ་དང་། དང་ལེན་ཚད་ལ་རྒྱུས་ལོན། དེ་བཞིན་བརྙན་མིང་མ་ཡིག་གི་གྲུབ་སྟངས་ལ་ཡང་དུ་བརྟག་རྗེས། ཕུན་སུམ་ཚོགས་པའི་འགྱུར་ཡིག་གི་མིང་ཚིག་ལ་བརྟེན་ནས་སླར་ཡང་གསར་རྩོམ་ཐེངས་གཅིག་བྱ་དགོས།
       གསུམ་པ། བརྙན་མིང་ལོ་ཙཱ་བྱ་ཐབས་བྱེ་བྲག་ཏུ་བཤད་པ།
       ཡིག་རིགས་གང་གི་བརྙན་མིང་ཡིན་ཡང་། ཚང་མར་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཡིག་འབྲུ་ཉུང་ལ་དོན་བསྡུས་པ། རྒྱུན་སྤྱོད་ཀྱི་མིང་ཚིག་ལས་གྲུབ་ཡོད་པས། ཀློག་བདེ་ལ་རྣ་བར་འཛིན་བདེ་བ། ལ་ལར་དབྱངས་འགྲོས་ལྡན་པ་འདྲ་བ་ཡང་ཡོད་ལ། ཡིག་འབྲུ་གསུམ་དང་། བཞི་ལྔ་ཅན་ལས་གྲུབ་པའི་བརྙན་མིང་ནི་རྒྱུན་མཐོང་དུ་མཆིས། ཁྱད་ཆོས་དེ་དག་འགྱུར་ཡིག་གི་ཁྲོད་དུ་མངོན་ཆེད་རྒྱུན་དུ་བརྙན་མིང་ཡིག་སྒྱུར་ལ་ཐབས་གལ་ཆེན་མང་པོ་ཞིག་བཀོལ་བཞིན་ཡོད་པས། དེ་དག་ངོ་སྤྲོད་བྱ་རྒྱུ་ནི་གལ་ཆེ།
       གཅིག ཐད་སྒྱུར།
       ཐད་སྒྱུར་ནི་མ་ཡིག་བརྙན་མིང་གི་མཚོན་དོན་སྙིང་པོ་དང་དེའི་སྒྲིག་གཞི་དག་ཐད་ཀར་ཡིག་རིགས་གཞན་དུ་སྒྱུར་བར་གོ སྒྱུར་སྟངས་དེ་རིགས་ཁྲོད་སྒྱུར་པོས་མ་ཡིག་གི་རིག་གནས་དང་། མཚོན་ཐབས་ཁྱད་ཆོས། སྒྲིག་གཞི་སོགས་ལ་དོ་སྣང་ཆེན་པོ་བྱས་ཞིང་སོར་འཇོག་བྱས་པའི་ཆ་ཤིན་ཏུ་མང་བས། བལྟས་པ་ཙམ་གྱིས་གཞན་རིགས་རིག་གནས་ཀྱི་ཉམས་འགྱུར་ལྷང་དུ་འབུད་ཡོང་། དབྱིན་ཡིག་དང་རྒྱ་ཡིག་གི་བརྙན་མིང་ཡིག་སྒྱུར་ཁྲོད་སྒྱུར་ཐབས་འདི་རིགས་བཀོལ་བ་ཤིན་ཏུ་མང་། དཔེར་ན། ཨིན་ཇིའི་གློག་བརྙནDesert Flowerཞེས་པ་རྒྱ་ཡིག་ཏུ《沙漠之花》ཞེས་བརྙན་མིང་གི་མཚོན་དོན་དང་སྒྲིག་གཞི་ཐད་ཀར་སྒྱུར་ཡོད་ལ་བོད་ཡིག་ཏུའང་ཐད་ཀར«བྱེ་ཐང་གི་མེ་ཏོག»ཅེས་སྒྱུར་ཡོད་པ་ལྟ་བུའོ། གཞནBig Fishཞེས་པ་ཡང་རྒྱ་བོད་ཡིག་རིགས་གཉིས་སུ(《大鱼》«ཉ་ཆེན།»)ཞེས་ཐད་ཀར་བསྒྱུར་ཡོད་པ་དངCloud Atlas(«སྤྲིན་རིས།»《云图》)ཞེས་པའི་གློག་བརྙན་ཡང་དེ་བཞིན་ནོ། བོད་ལ་ད་ལྟ་བརྙན་ཡིག་ལོ་ཙཱའི་བྱ་གཞག་དེ་ཙམ་དར་མེད་པས། སྒྱུར་སྟངས་འདི་བཀོལ་བ་མང་འདུག་མོད། སྤྱིར་རྒྱལ་ཕྱི་ནང་གི་བརྙན་མིང་ལོ་ཙཱའི་འཕེལ་ཕྱོགས་ལྟར་ན་སྒྱུར་སྟངས་འདི་རིགས་བཀོལ་བ་ཇེ་ཉུང་འགྲོ་བ་ལྟར་སྣང་མོད། གཙོ་བོ་སྐབས་བབ་སོ་སོའི་དགོས་མཁོ་གཞིར་དགོས་པའོ། །
       གཉིས། དོན་སྒྱུར།
       དོན་སྒྱུར་ནི་མི་རིགས་སོ་སོའི་སྐད་ཡིག་རང་སྟེང་གི་མིང་དང་ཚིག་གྲུབ་ལུགས་དང་། བརྡ་སྤྲོད་ལུགས་མི་གཅིག་པའི་བར་ཁྱད་དབང་གིས། གཏམ་དཔེ་དང་། གཏམ་རྒྱུད་སོགས་དམིགས་བསལ་རིག་གནས་ཀྱི་མཚོན་དོན་འདུ་བའི་བརྙན་མིང་སྒྱུར་སྐབས་རྒྱུན་དུ་བཀོལ་ཆེ་བ་ཡིན། སྒྱུར་སྟངས་དེས་གཙོ་བོ་མ་ཡིག་དང་འགྱུར་ཡིག་གི་མཚོན་དོན་དོ་མཉམ་ལ་གཞོལ་བ་ལས་ཚིག་ངོས་དང་སྐད་ཆའི་སྒྲིག་གཞིའི་དོ་མཉམ་ལ་གཞོལ་མེད་དེ། མ་ཡིག་ཁྲོད་དམིགས་བསལ་མཚོན་དོན་འདུ་བ་གང་ཞིག་འགྱུར་ཡིག་ཁྲོད་དེ་དང་མཐུན་པའམ་ཆ་འདྲ་བའི་དམིགས་བསལ་མཚོན་དོན་འདུ་བའི་མིང་ཚིག་བཙལ་ནས་སྒྱུར་བ་ཡིན་པས། སྒྱུར་སྟངས་དེས་འགྱུར་ཡིག་ལྟད་མོ་བའི་མཛེས་དཔྱོད་དང་དང་ལེན་འདུན་པར་དོ་སྣང་གང་མང་བྱས་ཡོད། སྒྱུར་སྟངས་ལེགས་པར་འཁྱོངས་དགོས་ན་སྒྱུར་པོ་གང་གིས་མ་ཡིག་འགྱུར་ཡིག་སོ་སོའི་གཏིང་ཟབ་བའི་རིག་གནས་མཚོན་དོན་ལ་རྒྱུས་མངའ་འམ་སྦྱངས་པ་མི་དམན་པ་དགོས། དཔེར་ན། གློག་བརྙནInception ཞེས་པ་རྒྱ་ཡིག་ཏུ《盗梦空间》དང་བོད་ཡིག་ཏུ«རྨི་ལམ་གྲོང་འཇུག»ཞེས་རྒྱ་བོད་གཉིས་ཀྱི་རིག་གནས་ཁམས་དང་མཐུན་པར་སྒྱུར་ཡོད། གཞནThe Curious Case of Benjamin Buttonཞེས་པའི་གློག་བརྙན་དེ《返老还童》དང«སྐྱེ་རྒ་གོ་ལྡོག»ཅེས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལྟད་མོ་བ་སོ་སོར་གོ་བདེ་བར་སྒྱར་ཡོད་དེ། དེ་དག་ནི་སྒྱུར་པོ་རང་གིས་བརྙན་མིང་གི་ནང་དོན་ནམ་གོ་བ་གཙོར་བཟུང་ནས་བསྒྱུར་པས། ཕན་ནུས་སྨྲ་བའི་ལོ་ཙཱའི་གཞུང་ལུགས་ལྟར་ན་ལོ་ཙཱའི་ཁྲོད་སྒྱུར་ཐབས་འདི་སྤྱོད་མང་བས་ཕན་ནུས་ཀྱང་ཆེ། རྒྱལ་ཕྱི་ནང་གི་བརྙན་མིང་ལོ་ཙཱའི་ཁྲོད་དུའང་སྤྱོད་པ་མང་།
       གསུམ། བཅོས་སྒྱུར།
       སྐད་ཡིག་སོ་སོའི་མཚོན་ཐབས་མི་གཅིག་པའི་རྐྱེན་གྱིས་བརྙན་མིང་ལོ་ཙཱའི་ཁྲོད་དུ་མིང་ཚིག་འཕྲི་སྣོན་བྱ་དགོས་པ་རྒྱུན་དུ་འབྱུང་གི་ཡོད། དེ་དག་ལ་རྒྱུན་དུ་བཅོས་སྒྱུར་གྱི་ཐབས་བཀོལ་ན་འཚམས་ཤིང་། བཅོས་སྒྱུར་གྱི་ཐབས་ནི་མ་ཡིག་བརྙན་མིང་གི་མིང་ཚིག་གཙོ་བོ་སོར་འཇོག་བྱས་ཐོག་དོན་ལ་འབྱོར་མིན་སོགས་ཀྱི་ཆེད་དུ་མིང་ཚིག་རེ་ཟུང་འཕྲི་བའམ་སྣོན་པ་གང་རུང་བྱས་ཏེ་འགྱུར་ལེགས་པ་ཡོང་ཐབས་གཅིག་ཡིན། དེར་སྣོན་སྒྱུར་དང་འཕྲི་སྒྱུར་གྱི་དབྱེ་བ་གཉིས་ཡོད། སྣོན་སྒྱུར་དང་འཕྲི་སྒྱུར་གཉིས་ནི་སྒྲ་སྒྱུར་དང་ཐད་སྒྱུར་གཉིས་ཀྱི་ཁ་གསབ་གལ་ཆེན་ཞིག་ཡིན་ཟེར་ཆོག་སྟེ། དགོས་ངེས་པའི་རིག་གནས་ཆ་འཕྲིན་དག་ཁ་སྣོན་བྱས་ཤིང་། མི་དགོས་པའི་ལོ་རྒྱུས་རྒྱབ་ལྗོངས་དག་འཕྲི་འཐེན་བྱས་ཏེ། ཆད་ལྷག་མེད་པར་རན་ཞིང་འཚམ་པར་དོན་སྟོན་ཐུབ་པ་ཞིག་བྱ་བ་དེའོ། །
       ༡ སྣོན་སྒྱུར།   
       སྐད་ཁོངས་མི་གཅིག་པའི་ལྟད་མོ་བ་ཚོར་མཚོན་ན། སྐད་ཁོངས་གཞན་གྱི་གློག་བརྙན་འཕྲིན་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་མངའ་དེ་ཙམ་མེད་རྐྱེན། མ་ཡིག་གཞིར་ནས་ཐད་ཀར་སྒྱུར་ན་ལྟད་མོ་བར་གོ་བ་ལེགས་པོ་ཞིག་སྟེར་མི་ཐུབ་པར་དེ་ལས་ལྡོག་སྟེ། གོ་འཛོལ་ཕྱིན་ནས། དྲིལ་སྒྲོག་གི་ཕན་ནུས་ལེགས་པོ་ཐོན་མི་ཐུབ། དེར་བརྟེན་བརྙན་མིང་དེ་རིགས་སྒྱུར་སྐབས། དངོས་པོ་ཡིན་ན་དངོས་པའི་གང་གི་རིགས་གང་ཡིན་ཁ་བསྣོན་བྱས་ནས་སྒྱུར་བ་དང་། མི་སྣ་ཡིན་ཚེ་མི་སྣའི་གོ་ཐོབ་སྔོན་དུ་བསྣན་ནས་སྒྱུར་ཚེ། ད་གཟོད་སྐད་ཁོངས་གཞན་གྱི་ལྟད་མོ་བས་གོ་བ་ཅུང་གསལ་ཁ་ཆོད་པ་ཞིག་རྙེད་ངེས། དཔེར་ན། Lincolnཞེས་པའི་གློག་བརྙན་དེ་བོད་རྒྱུ་ཡིག་རིགས་སོ་སོར་སྒྱུར་དུས«ལིན་ཁིན་གྱི་རྣམ་ཐར»《林肯传》ཞེས་ལྟད་མོ་བས་གོ་བདེ་བའི་ཕྱིར་དུ་འགྱུར་ཡིག་ཁྲོད་གསར་འགྲེལ་ཚུལ་དུ་ཁ་སྣོན་བྱས་ཡོད་དེ། གལ་ཏེ་ལིན་ཁིན་ཞེས་པ་ཐད་ཀར་ཧ་མ་གོ་ཡང་རྣམ་ཐར་ཞེས་ཁ་སྣོན་བྱས་དུས་མི་ཞིག་ཡིན་ལ་ཅུང་རླབས་ཆེ་བའི་མི་ཞིག་ཡིན་པ་ངང་གིས་རྟོགས་ཡོང་། གཞན་གློག་བརྙནThe Bearཞེས་པ་ཡང་བོད་རྒྱ་ཡིག་རིགས་སོ་སོར་སྒྱུར་དུས་ཁ་གསལ་འགྲེལ་ཚུལ་དུ་ཁ་སྣོན་བྱས་ཡོད་དེ། «དོམ་གྱི་གཏམ་རྒྱུད།»《子熊的故事》ལྟ་བུའོ། ། On the way«ལམ»《在路上》ཞེས་པའི་གློག་བརྙན་ཡང་གོང་བཞིན་འགྱུར་ཡིག་སྤྱོད་པའི་ལྟད་མོ་བ་ཚོར་གོ་བ་ལེགས་པོ་ཞིག་བསྐྱེད་ཕྱིར། མ་ཡིག་བརྙན་ཡིག་ཐོག་ཁ་སྣོན་ཅུང་རྒྱབ་ནས་འགྱུར་ཡིག་བཀོལ་བའི་ལྟད་མོ་བ་ཚོར་བརྙན་མིང་ལ་གོ་བ་ལེགས་པར་བསྐྱེད་ཐུབ་ཐབས་བྱས་ཡོད།
       ༢ འཕྲི་སྒྱུར།
       འཕྲི་སྒྱུར་ནི་གོང་གི་སྣོན་སྒྱུར་དང་བལྟོས་ནས་འཆད་པ་ཡིན་སྟེ། བརྙན་མིང་སྒྱུར་སྐབས་མི་དགོས་པའི་ཚིག་དོན་དག་འཕྲི་འཐེན་བྱས་ནས་ཚིག་ཉོག་ཉུང་དུ་བཏང་ནས་དོན་གསལ་བར་མཚོན་ཐུབ་པ་བྱ་ཐབས་ཤིག་ཡིན། དཔེར་ན། གློག་བརྙནHachi: A Dog's Tale《忠犬八公的故事》ཞེས་པ་བོད་ཡིག་ཏུ་སྒྱུར་དུས«ཧ་ཁྱི»ཞེས་འཕྲི་སྒྱུར་བྱས་ཡོད་དེ། འཕྲི་སྒྱུར་གྱི་ཐབས་བཀོལ་བ་ཡང་འཕྲི་སྣོན་གྱི་ཁྱད་པར་ཙམ་ལས་སྣོན་སྒྱུར་ཐབས་ཀྱི་དམིགས་ཡུལ་དང་གཅིག་པ་ཡིན།
       བཞི། སྒྲ་སྒྱུར།
       སྒྲ་སྒྱུར་ནི“འདིར་སྒྲ་སྒྱུར་ཞེས་པ་ནི་མ་ཡིག་གི་སྒྲ་འདོན་སྟངས་ལྟར་སྒྲ་ཇི་བཞིན་བོད་ཡིག་ཏུ་བསྒྱུར་བ་ལ་གོ་དགོས་ཏེ། དེ་ཡང་གཙོ་བོ་རྒྱ་ཡིག་གི་མིང་བརྡ་ཁ་ཤས་མ་ཡིག་གི་ནང་དོན་ལྟར་བསྒྱུར་ན་ཀློག་མི་བདེ་བའམ་གོ་བ་ལོག་འགྲོ་བའི་ཉེན་ཁ་ཡོད་པས། དེ་དག་སྒྲ་སོར་འཇོག་བྱེད་པ་ཡིན།”[11](P.157) སྒྱུར་སྟངས་དེ་རིགས་གློག་བརྙན་འཕྲིན་ནང་གི་མི་སྣའམ་ས་གནས་ཀྱི་མིང་ཞིག་བརྙན་མིང་དུ་བྱས་པ་ཡོད་སྐབས་གཙོ་བོ་སྒྲ་སྒྱུར་གྱི་སྒྱུར་ཐབས་བཀོལ་བ་ཡིན། འོན་ཀྱང་སྒྱུར་སྟངས་དེ་རིགས་བེད་སྤྱོད་སྐབས་དོ་སྣང་བྱ་དགོས་པ་ཞིག་ནི་མ་ཡིག་གང་གི་བརྙན་མིང་གི་སྒྲ་ལ་བརྟེན་ནས་སྒྱུར་བ་གལ་ཆེ་བ་ལས་ཉིས་འགྱུར་སུམ་འགྱུར་ཁྲོད་འགྱུར་འགྱུར་ཡིག་སྒྲ་ལ་བལྟོས་ནས་སླར་ཡང་ཡིག་རིགས་གཞན་ཞིག་ལ་སྒྱུར་བ་ནི་ཤིན་ཏུ་མི་འོས་མོད། སྐད་ཡིག་ཤེས་ཚད་དབང་གིས་འགྱུར་སྟངས་དེ་འདྲ་རྒྱུན་མཐོང་དུ་ཡོད། ལྷག་དོན་གསལ་འདེབས་དགོས་པ་ཞིག་ལ་འགྱུར་ཡིག་སྤྱོད་པའི་ལྟད་མོ་བའི་རྒྱུས་མངའ་དེ་ཙམ་མེད་པའི་མི་མིང་དང་ས་མིང་སྒྱུར་སྐབས་སྒྲ་སྒྱུར་མི་སྤྱོད་པར་བསྐྱར་སྒྱུར་བཀོལ་བ་མང་སྟེ། གློག་བརྙན་འཕྲིན་གྱི་བརྗོད་སྙིང་དང་ལྟད་མོ་བའི་མཛེས་དཔྱོད་ལྟ་བ་དང་དད་ལེན་འདུན་པ་གཞིགས་ནས་འགྱུར་ཞིག་ཁྲོད་གློག་བརྙན་འཕྲིན་ལ་བསྐྱར་དུ་མིང་གསར་པ་ཞིག་འདོགས་པ་མང་། དཔེར་ན། གློག་བརྙན《羅生門》ཞེས་པ་རྒྱ་བོད་ཡིག་རིགས་སོ་སོར་སྒྱུར་སྐབས་ཐད་ཀར་མ་བརྙན་མིང་གི་སྒྲ་སོར་འཇོག་ངང«རཱོ་སན་མན།»《罗生门》ཞེས་བསྒྱུར་ཡོད། གཞན་གློག་བརྙན«ཧི་མ་ལ་ཡ།»(Himalaya《喜马拉雅》)དང«ཧུ་གོ»(hugo《雨果》)གོང་བཞིན་ནོ། །མི་མིང་དང་ས་མིང་བརྙན་མིང་དུ་བྱས་པ་དག་གཙོ་བོ་མ་ཡིག་གི་སྒྲ་སོར་འཇོག་གི་ཐབས་བཀོལ་ནས་བསྒྱུར་བ་ཡིན།
       ལྔ་པ། བསྐྱར་སྒྱུར།(换译)
       བསྐྱར་སྒྱུར་ནི་མ་ཡིག་གི་བརྙན་མིང་ཡོངས་སུ་དོར་ནས་སྒྱུར་པོ་གང་གིས་བསྐྱར་དུ་མིང་ཞིག་བཏགས་པ་དེར་གོ་བ་ཡིན། སྒྱུར་སྟངས་དེ་རིགས་བརྙན་མིང་ཡིག་སྒྱུར་ཁྲོད་ཤིན་ཏུ་མང་བ་མིན་ཡང་ཤིན་ཏུ་ཉུང་ཉུང་ཡང་མིན་པས་ངེས་པར་དུ་གླེང་དགོས་ངེས་ལྟ་བུར་ཆགས་ཡོད། སྒྱུར་པོས་བསྐྱར་དུ་མིང་ཞིག་འདོགས་པ་ཡང་རང་ཚོད་ཀྱིས་གང་བྱུང་དུ་འདོགས་པ་ཞིག་མིན་ཏེ། གློག་བརྙན་འཕྲིན་གྱི་བརྗོད་དོན་དང་དེ་བཞིན་སྐད་ཁོངས་སོ་སོའི་རིག་གནས་ཀྱི་བར་ཁྱད། དེ་བཞིན་འགྱུར་ཡིག་གང་གི་ལྟད་མོ་བའི་ཁས་ལེན་མིན་གྱི་བློ་དང་ལྟ་འདུན་སྐྱེ་རུ་འཇུག་ཅིང་བག་ཆགས་ཟབ་མོ་འཇོག་ཐུབ་མིན་བཅས་ལ་བསྟུན་རྒྱུ་ནི་སྒྱུར་ཐབས་དེ་རིགས་ཀྱི་ཆ་རྐྱེན་གཙོ་བོར་གྱུར་ཡོད། དཔེར་ན།གློག་བརྙན«དབུས་ལམ་གྱི་ཉི་མ»ཞེས་པ་རྒྱ་ཡིག་ཏུ་སྒྱུར་དུས་དབུས་ལམ་ཞེས་རིག་གནས་ཀྱི་མཚོན་དོན་ཤིན་ཏུ་ཟབ་པ་ཞིག་བོད་སྐད་མ་གཏོགས་མེད་པས་མིང་གཞན་ཞིག་གཡར་ནས་བསྒྱུར་ཡོད་དེ། 《太阳总在左边》ལྟ་བུ། གཞན་གློག་བརྙནLegends of the Fallཞེས་པར་བོད་རྒྱ་ཡིག་རིགས་སོ་སོར་སྒྱུར་དུས་གློག་བརྙན་གྱི་ནང་དོན་གཞིར་ནས«བརྩེ་བས་བརླན་པའི་ལོ་ཟླ»《燃情岁月》ཞེས་བསྒྱུར་ཡོད། དེ་བཞིན་གློག་བརྙན«ཕོར་པ།»(t he cup)ཡང་རྒྱ་ཡིག་ཏུ་སྒྱུར་དུས《高上山的世界杯》ཞེས་ཡང་བསྐྱར་མིང་གསར་པ་ཞིག་བཏགས་ཡོད་དེ། སྒྱུར་པ་པོས་རང་གི་གློག་བརྙན་གྱི་ནང་དོན་དང་གོ་བ་གཞིར་ནས་ཡང་བསྐྱར་མིང་གཅིག་བཏགས་པ་ནས་འགྱུར་ཡིག་སྤྱོད་པའི་ལྟད་མོ་བའི་རིག་གནས་དང་མཛེས་སྤྱོད་ལྟ་བར་མཐུན་ཕྱིར་གཞོལ་ཆེ་བ་ཞིག་ཏེ། སྒྱུར་སྟངས་འདི་རིགས་བཀོལ་བར་མ་ཡིག་འགྱུར་ཡིག་གཉིས་ཀའི་རིག་གནས་ལ་རྒྱུས་མངའ་ལེགས་པོ་དགོས་པས། ལོ་ཙཱ་བར་རེ་བ་ནན་པོ་དགོས། སྒྱུར་ཐབས་འདི་ད་ཡོད་བོད་འགྱུར་བརྙན་མིང་ཁྲོད་བཀོལ་བ་ཤིན་ཏུ་ཉུང་ཡང་རྒྱལ་ཕྱི་ནང་དུ་མི་ཉུང་བ་ཡོད།
       གོང་གི་ཐབས་དག་ནི་སྤྱོད་ཆེ་བའི་བརྙན་མིང་སྒྱུར་ཐབས་དག་ཡིན་ལ། དམིགས་བསལ་དགོས་མཁོའི་དབང་གིས་གཞན་གྱི་སྒྱུར་ཐབས་མང་ཡང་འདིར་གཙོ་བོ་དག་ངོ་སྤྲོད་མདོར་ཙམ་བྱས་པ་ཡིན།
ས་བཅད་གསུམ་པ། གློག་བརྙན་རིགས་སོ་སོའི་སྐད་ཆའི་ཁྱད་ཆོས་དང་དེ་བསྟུན་གྱི་སྒྱུར་ཐབས་སྐོར།
       དང་པོ། གློག་བརྙན་རིགས་དབྱེ་སྟངས[12]དང་རིགས་དབྱེ་བའི་རྩ་དོན།
       ཆེ་ས་ནས་བཤད་ན་གློག་བརྙན་འཕྲིན་རང་ལ་རྩོམ་རིག་བརྩམས་ཆོས་གཞན་དང་མི་འདྲ་བའི་སྐད་ཆའི་ཁྱད་ཆོས་དམིགས་སུ་བསལ་བ་ཞིག་ཡོད་ལ།  ཆུང་ས་ནས་ཡང་གློག་བརྙན་འཕྲིན་རིགས་སོ་སོའི་སྐད་ཆར་དམིགས་བསལ་གྱི་ཁྱད་ཆོས་རེ་ལྡན་ཡོད། གློག་བརྙན་འཕྲིན་ཡིག་སྒྱུར་བྱ་སྐབས་གློག་བརྙན་འཕྲིན་ཡིག་སྒྱུར་གྱི་རྩ་དོན་དང་ཁྱད་ཆོས་དག་ལ་རྒྱུས་མངའ་ལོན་རྗེས་བྱེ་བྲག་གི་གློག་བརྙན་འཕྲིན་རིགས་སོ་སོའི་སྐད་ཆའི་དམིགས་བསལ་ཁྱད་ཆོས་རྒྱུས་མངའ་ཡོང་བ་བྱ་རྒྱུ་ནི་གློག་བརྙན་འཕྲིན་ཡིག་སྒྱུར་བྱ་བའི་ཐབས་ཕུལ་བྱུང་ཞིག་ཡིན། གཤམ་དུ་ལོ་ཙཱའི་ལག་ལེན་གྱི་དགོས་པར་དམིགས་ནས་གློག་བརྙན་འཕྲིན་དག་རིགས་བཞི་ལ་དགོས་ནས་དེ་དག་སོ་སོའི་སྐད་ཆའི་ཁྱད་ཆོས་གླེང་བར་བྱ།
       གཉིས་པ། གློག་བརྙན་རིགས་སོ་སོའི་སྐད་ཆའི་ཁྱད་ཆོས་དང་དེ་བསྟུན་གྱི་སྒྱུར་ཐབས་སྐོར།
       གཅིག སྤྲོ་གར་རིགས་དང་གཏམ་རྒྱུད(剧情)རིགས་ཀྱི་གློག་བརྙན་གྱི་སྐད་ཆའི་ཁྱད་ཆོས།

       སྤྲོ་གར་རིགས་ཀྱི་གློག་བརྙན་ནི་ལྟད་མོ་བ་དགོད་ཁ་ཤོར་དུ་འཇུག་ཅིང་། བྱུང་རིམ་སྤྲོ་སྣང་ལྡན་ལ་མཇུག་འབྲས་རྒྱལ་ཁ་ཐོབ་པའི་གློག་བརྙན་རིགས་ལ་ཟེར། དཔེར་ན། Friendདང«དཀོན་མཆོག་ཀྱང་སྨྱོས་འདུག༢»  (The Gods Must Be Crazy II《上帝也疯狂2》)ལྟ་བུ།
       གཏམ་རྒྱུད་རིགས་ཀྱི་གློག་བརྙན་ནི་དོན་དངོས་འཚོ་བའི་ཁྲོད་དངོས་སུ་ཡོད་པ་གང་ཞིག་རྒྱུན་དུ་དོ་སྣང་དེ་ཙམ་མི་བྱུང་བའི་དོན་རྣམས་གློག་བརྙན་དུ་ཕབ་སྐྲུན་བྱས་པའི་རིགས་ལ་གོ །དཔེར་ན། Life is Beautifulདང«ས་ཚིགས་དབུས་མ།»(Central do Brasil  《中央车站》)ལྟ་བུ།
       གློག་བརྙན་རིགས་དེ་གཉིས་ཀྱི་སྐད་ཆར་དམིགས་བསལ་གྱི་ཁྱད་ཆོས་འདི་དག་ཡོད་དེ།
       ༡ རྒྱུན་ལྡན་འཚོ་བའི་རང་བཞིན་ལྡན་པ།
       སྤྲོ་གར་རིགས་སམ་གཏམ་རྒྱུད་རིགས་ཀྱི་གློག་བརྙན་འཕྲིན་བརྩམས་ཆོས་གང་ཡིན་ཡང་འཁྲབ་མིའི་གླེང་མོལ་དག་འཚོ་བའི་རང་བཞིན་ཤུགས་ཆེར་ལྡན་ཏེ། ཕལ་ཆེ་བ་རྒྱུན་ལྡན་འཚོ་བའི་ཁྲོད་འཆད་པའི་སྐད་ཆ་དག་ཡིན་པས་སྟབས་བདེ་ལ་ཅུང་རང་དབང་ཆེ་ཞིང་བཀག་རྒྱ་དེ་ཙམ་མེད་པའི་ཁྱད་ཆོས་མང་། འོན་ཀྱང་གློག་བརྙན་འཕྲིན་གྱི་བརྗོད་སྙིང་ནི་ཏག་ཏག་ཆེས་རྒྱུན་ལྡན་དང་འདྲ་ལ་ཆེས་རྒྱུན་ལྡན་ཡང་མིན་པ་ལྟ་བུའི་འཁྲབ་མིའི་གླེང་མོལ་དེ་དག་བརྟེན་ནས་མཚོན་པ་ཡིན་ཞིང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་གསལ་བར་མཚོན་པའི་འཁྲབ་མིའི་སྐད་ཆ་དེ་དག་གིས་ལྟད་མོ་བ་ཚོར་སྨྲ་བསམ་བརྗོད་ལས་འདས་པའི་བག་ཆགས་དང་དྲན་ཚོར་སྟེར་གྱི་ཡོད་དེ། གློག་བརྙན་ཞིག་ལ་བལྟས་ཟིན་རྗེས་གློག་བརྙན་ནང་གི་མི་སྣའི་སྐད་ཆ་ལད་མོ་དང་རྒྱུན་དུ་འཚོ་བའི་ནང་ཀུ་རེའི་ཚུལ་དུ་སྤྱོད་པ་མང་།
       སྤྲོ་གར་རིགས་སམ་གཏམ་རྒྱུད་རིགས་ཀྱི་གློག་བརྙན་འཕྲིན་ལོ་ཙཱ་བྱ་སྐབས། འཁྲབ་མིའི་གླེང་མོལ་དག་འཚོ་བའི་རང་བཞིན་ཤུགས་ཆེ་བར་གཞིགས་ནས་སྣང་ཆུང་དང་སྟབས་བདེ་བར་གཏོང་མི་རུང་སྟེ། འཚོ་བའི་རང་བཞིན་ལྡན་པའི་རྒྱུན་སྤྱོད་ཀྱི་སྐད་ཆ་ནི་རྒྱལ་ཁབ་དང་མི་རིགས་ཐ་ན་མི་རིགས་ནང་ཁུལ་ལ་ཡང་ས་གནས་སོ་སོའི་ཁྱད་པར་དབང་གིས་མི་འདྲ་བ་མང་བ་ལ། ཡུལ་ལུང་སོ་སོའི་ཐུན་མིན་གྱི་སྐད་ཆའི་གཤིས་ནི་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད་རིམ་བཞིན་བྱུང་ཞིང་། རིག་གནས་དང་གོམས་སྲོལ་དེ་བཞིན་རིན་ཐང་ལྟ་བ་སོགས་ཀྱི་བར་ཁྱད་དབང་གིས་མི་འདྲ་བའི་ཆ་ཤིན་ཏུ་མང་། བརྙན་ཡིག་ལོ་ཙཱ་ནི་སྐད་རིགས་གཅིག་གིས་མཚོན་པའི་དོན་དག་སྐད་རིགས་གཞན་ཞིག་གི་ལམ་ནས་ལེགས་པར་མཚོན་དགོས་པས། འཚོ་བའི་རང་བཞིན་ལྡན་ཞིང་རྒྱལ་ཁབ་བམ་མི་རིགས་ཐ་ན་མི་རིགས་གཅིག་པའི་ཡུལ་ལུང་མི་འདྲ་བའི་་སྐད་ཆའི་ཁྱད་གཤིས་འབུར་དུ་ཐོན་པའི་མ་ཡིག་གི་བརྗོད་དོན་དག་འགྱུར་ཡིག་ལམ་ནས་ལེགས་པར་མཚོན་དགོས་པ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བ་སྟེ། མ་ཡིག་གི་སྐད་ཆའི་བརྗོད་ལུགས་སམ་དཔེ་འཇོག་སྟངས་དང་གཏམ་དཔེ་མང་པོ་འགྱུར་ཡིག་དུ་མེད་ཅིང་། དེ་བས་གལ་ཆེ་བ་ཞིག་ནི་འགྱུར་ཡིག་ལྟད་མོ་བའི་མཛེས་སྤྱོད་ལྟ་བ་དང་དང་ལེན་འདུན་པ་དང་འཚམ་པར་སྒྱུར་རྒྱུ་ནི་ཤིན་ཏུ་དཀའོ། །
       འཚོ་བ་ལས་བྱུང་ཞིང་འཚོ་བ་ལས་བརྒལ་བའི་གློག་བརྙན་རིགས་འདི་གཉིས་ཀྱི་བརྩམས་ཆོས་ཁྲོད། འཁྲབ་མིའི་གླེང་མོལ་ནི་ཟུར་འཁྲབ་པའི་སྣང་བརྙན་གསར་བཞེངས(角色塑造)བྱེད་ཐབས་ཆེས་གལ་ཆེན་དེ་ཡིན་པས། མི་སྣ་སོ་སོའི་གཤིས་ཀ་ནི་ཁོ་ཚོའི་ལུས་ངག་གི་བྱ་སྤྱོད་ལས་མངོན་པ་ཡིན་པས། བརྙན་ཡིག་ལོ་ཙཱའི་ཁྲོད་ཟུར་འཁྲབ་པའི་སྐད་ཆ(角色语言)བསྐྱར་རྩོམ་བྱ་བ་ནི་སྐད་ཡིག་གཉིས་བརྗེ་བའི་རྒྱུད་རིམ་ཡིན་ལ། སྐད་ཆ་གསར་རྩོམ་གྱི་རྒྱུད་རིམ་ཞིག་ཀྱང་ཡིན། སྒྱུར་པོ་ཚོར་མཚོན་ན་དམིགས་བསལ་གྱི་མིང་ཐོབ་དང་། གཤིས་ཀ ལོ་ཚད། ལས་གནས་ཡོད་པའི་མི་ཞིག་གིས་བཤད་པའི་སྐད་ཆ་བསྒྱུར་བར་ཐོག་མར་གློག་བརྙན་ཞིབ་ལྟ་བྱས་ཏེ་རྒྱུས་ལོན་ཡང་དག་གིས་གསལ་པོར་གཏན་འཁེལ་རྗེས་ད་གཟོད་གཞི་ནས་སྒྱུར་དགོས།
       ༢ ཡུལ་ལུང་རང་བཞིན་ཅན།
       ཡུལ་ལུང་རང་བཞིན་ཅན་ནི་དམིགས་བསལ་ཡུལ་གྱི་ལུང་དང་འབྲེལ་བའི་ཁྱད་ཆོས་མང་པོ་བརྙན་ཡིག་ཁྲོད་ཐོན་པར་གོ་སྟེ། ཡུལ་སྐད་དང་། དེ་བཞིན་གློག་བརྙན་འཕྲིན་གང་གི་བརྗོད་བྱ་མི་འདྲ་བར་གཞིགས་ནས་ཐོན་པའི་དམིགས་བསལ་གྱི་ས་མིང་དང་མིའི་མིང་ལྟ་བུ། དེ་རིགས་སྒྱུར་སྐབས་ལྟད་མོ་བའི་གོ་བ་ལོན་ཚད་དམ་ཡང་ན་ས་གནས་སམ་མི་སྣ་གང་གི་མིང་གྲགས་ཆེ་ཆུང་གཞིར་ནས་གོ་བ་བསྐྱེད་པར་ཁ་གསབ་དང་འཕྲི་འཐེན་བྱ་དགོས་ཏེ། ལོ་ཙཱའི་ཐབས་ལས་སྣོན་སྒྱུར་དང་འཕྲི་སྒྱུར་བེད་སྤྱོད་པ་ཅུང་མང་། མི་སྣའམ་ས་མིང་མིང་གྲགས་ཆེ་བ་ཡིན་ན་ཁ་གསབ་བྱ་མི་དགོས་ཏེ། ཨ་རིའི་སྲིད་འཛིན་ཨོ་པ་མཱ་ལྟ་བུ་ཀུན་གྱིས་ཤེས་ངེས་པས་ཁ་གསབ་མི་དགོས། ས་མིང་མཚོན་ན་རྒྱ་གར་རྗོ་རྗེ་གདན་ལྟ་བུ་བོད་མི་ཞིག་ཡིན་ན་མི་ཤེས་པ་ཆེར་མེད་པས་ཁ་གསབ་མི་དགོས་འོན་ཀྱང་། ས་མིང་དང་མི་མིང་མིང་གྲགས་དེ་ཙམ་མེད་ཅིང་། མིང་གྲགས་ཅུང་ཆེ་ཡང་བོད་མིའི་རིག་གནས་གདམ་གསེས་ཁྲོད་དུ་མི་འདུ་བ་དག་དག་ཁ་གསབ་མེད་ཚེ་ལྟད་མོ་བས་གོ་དཀའ།
       གཉིས། གྱོད་དོན་རིགས(罪案类)དང་སྨན་ལས་རིགས(医务类)ཀྱི་གློག་བརྙན་གྱི་སྐད་ཆའི་ཁྱད་ཆོས།
       གྱོན་དོན་རིགས་ཀྱི་གློག་བརྙན་འཕྲིན་ནི་གྱོད་དོན་རྩད་གཅོད་དང་། འཇིགས་རྒོལ་བྱ་འགུལ། དེ་བཞིན་དམག་དོན་བརྗོད་བྱ་བྱས་པ་སོགས་ཀྱི་གློག་བརྙན་འཕྲིན་རིགས་ལ་གོ །དཔེར་ན། «མུན་ནག་དཔའ་རྟུལ།»(The Dark Knight 《蝙蝠侠:黑暗骑士》) 
       སྨན་དོན་རིགས་ཀྱི་གློག་བརྙན་འཕྲིན་ནི་གཙོ་བོ་དོན་དག་འབྱུང་སའི་ས་གནས་སྨན་ཁང་ཡིན་ཞིང་། བྱུང་རིམ་སྨན་བཅོས་སོགས་དང་འབྲེལ་ནས་རྒྱ་བསྐྱེད་པའི་རིགས་ལ་གོ་བ་ཡིན།
       གློག་བརྙན་འཕྲིན་རིགས་དེ་གཉིས་ཀྱི་སྐད་ཆར་ཆེད་སྤྱོད་བརྡ་ཆད་མང་བ། འབོད་མིང་བཀོལ་མང་བ། བསྡུས་མིང་མང་བ་བཅས་ཐུན་མིན་གྱིས་ཁྱད་ཆོས་ཁག་ཅིག་ཡོད་དེ།
       ༡ ཆེད་སྤྱོད་བརྡ་ཆད་མང་བ།
       གློག་བརྙན་འཕྲིན་རིགས་དེ་གཉིས་ཀྱི་འཁྲབ་མིའི་གླེང་མོལ་ཁྲོད་ཆེད་སྤྱོད་ཐ་སྙད་མང་པོ་ཐོན་གྱི་ཡོད་དེ། གྱོད་དོན་ཐག་གཅོད་བྱེད་སྐབས་ཉེས་དོན་བརྟག་དཔྱད་དང་འབྲེལ་བའི་ཆེད་སྤྱོད་ཐ་སྙད་མང་པོ་ཐོན་གྱི་ཡོད་ལ། སྨན་དོན་རིགས་ཀྱི་གློག་བརྙན་འཕྲིན་ཁྲོད་ནད་རིགས་སྐོར་གྱི་ཆེད་སྤྱོད་ཐ་སྙད་དང་དེ་བཞིན་སྨན་བཅོས་བྱེད་སྐབས་སྨན་མིང་དང་ཐ་ན་སྨན་བཟོ་སྟངས་གྲུབ་ཆའི་སྐོར་གྱི་ཐ་སྙད་མང་ཐོན་ཞིང་རིམ་བཞིན་སྨན་དང་འབྲེལ་བ་ཆེ་བའི་དངོས་ཁམས་དང་རྫས་འགྱུར་གྱི་ཐ་སྙད་མང་པོ་ཡང་ཐོན་ཡོང་།
       ༢ འབོད་མིང་བཀོལ་མང་བ།
       གྱོད་དོན་རྩད་གཅོད་དང་། འཇིགས་རྒོལ་བྱ་འགུལ། དེ་བཞིན་དམག་དོན་བརྗོད་བྱ་བྱས་པའི་གློག་བརྙན་འཕྲིན་འདི་གསུམ་ཀར་འབོད་མིང་བཀོལ་བ་ཤིན་ཏུ་མང་སྟེ། གྱོད་དོན་རྩད་གཅོད་གློག་བརྙན་རིགས་ཁྲོད་ཀྱི་ཉེན་རྟོག་པའི་གོ་གནས་རིམ་པ་སོ་སོའི་འབོད་མིང་དང་། དམག་བརྗོད་གློག་བརྙན་ཁྲོད་དུ་རུ་དཔུང་སོ་སོའི་འགན་འཛིན་མི་སྣའི་གོ་མིང་འབོད་སྟངས་མང་བ་སོགས་དམག་དོན་ཕྱོགས་ལ་རྒྱུས་མངའ་མེད་ན་འབོད་ཅིང་དེ་དག་གོ་བ་རྙེད་དཀའ་ལ། ལྷག་དོན་རྒྱལ་ཁབ་སོ་སོའི་དམག་ཁྲིམས་དང་དམག་གི་སྒྲིག་གཞི་མི་འདྲ་བས་དམག་མིའི་འབོད་མིང་དང་འབོད་སྟངས་མི་འདྲ་བས། དེ་དག་ལོ་ཙཱ་བྱ་བར་སྔོན་ལ་མ་ཡིག་གང་གི་རྒྱལ་ཁོངས་ཀྱི་དམག་དོན་སྐོར་ལ་རྒྱུས་མངའ་མི་བྱེད་ཐབས་མེད་ཡིན།
       ༣ བསྡུས་མིང་མང་བ།
       གྱོད་དོན་རྩད་གཅོད་དང་། འཇིགས་རྒོལ་བྱ་འགུལ་རིགས་ཀྱི་གློག་བརྙན་འཕྲིན་ཁྲོད་བསྡུས་མིང་བཀོལ་བ་ཤིན་ཏུ་མང་། དཔེར་ན་གྱོད་དོན་གློག་བརྙན་འཕྲིན་ཁྲོད་རྒྱུན་དུCOD(cause of deathཤི་རྐྱེན) .TOD (time of deathཤི་བའི་དུས).MO(method of operationཉེས་གསོག་ལག་ཐབས)སོགས་བསྡུས་མིང་མང་།
       གསུམ། ཁྱད་མཚར་རིགས(奇幻)ཚན་འཕྲུལ་རིགས(科幻)ཀྱི་གློག་བརྙན་གྱི་སྐད་ཆའི་ཁྱད་ཆོས།
       ཁྱད་མཚར་རིགས་ཀྱི་གློག་བརྙན་འཕྲིན་ནི་འཆར་ཡན་གྱི་རྟོག་བཟོར་བརྟེན་ནས་བྱུང་བ་ཞིག་ཡིན་པས།མི་སྣ་དང་། བྱུང་རིམ། དུས་ཚོད་ཀྱི་འཆར་འགོད་འཆར་ཡན་དང་རྟོག་བཟོར་ཕྱོགས་མང་ནས་རྒྱུན་ཤེས་ལས་རིང་དུ་འདས་མོད། གློག་བརྙན་རང་ངོས་ཀྱི་བྱུང་རིམ་ནི་རང་སྐྱ་འཕེལ་བ་ཞིག་ཡིན་ཞིང་། བྱུང་རིམ་སོ་སོའི་འབྲེལ་བ་དམ་ཟབ་དུ་གནས་ཡོད། དཔེར་ན། ཉེ་བའི་ལོ་ཤས་ན་སྒྲུང་གཏམ་དང་གློག་བརྙན་གཉིས་ཀ་འཛམ་གླིང་ཡོངས་ལ་ཁྱབ་ཆེ་བའིHarry Potterདང«ཉ་ཆེན།»(Big Fish《大鱼》)ལྟ་བུ།
       ཚན་འཕྲུལ་རིགས་ཀྱི་གློག་བརྙན་འཕྲིན་ནི་གཙོ་བོ་ཚན་རིག་མཐུན་པའི་འཆར་འགོད་རྨང་གཞིར་བྱས་ནས། བྱུང་རིམ་དང་མི་སྣ་དག་ད་ཡོད་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལས་འགོངས་པའི་ཚན་རྩལ་སྒྲིག་ཆས་སམ་ཚན་རིག་ཚོད་ལྟ་སོགས་ལ་བརྟེན་ནས་མཚོན་པ་ཞིག་ཡིན་པས། བྱུང་རིམ་བཀོད་སྒྲིག་དངོས་ཡོད་ལ་བརྒལ་བའི་རིགས་སུ་རྟོགས་ལ། ད་ཡོད་ཚན་རིག་ལག་རྩལ་རྨང་གཞི་བྱས་པ་ཞིག་ལ་ད་ཡོད་ཚན་རྩལ་འཕེལ་རྒྱས་ལས་འགོངས་པ་ཞིག་ཡིན་སྟེ། མ་འོངས་ཚན་རྩལ་འཕེལ་རྒྱས་ཀྱི་ཕུགས་འདུན་ཞིག་སྔོན་དཔོག་བྱ་བ་དང་འདྲ། དཔེར་ན། «མ་འཕྲུལ་བསྐྱར་ཕབ།»(Avatar  ArmageddonདངTHE MATRIX RELOADED《黑客帝国2重装上阵》)ལྟ་བུ།
       གློག་བརྙན་རིགས་དེ་གཉིས་ཀྱི་སྐད་ཆའི་ཁྱད་ཆོས།
       ༡ ཐ་སྙད་གསར་བཟོ།
       ཁྱད་མཚར་དང་ཚན་འཕྲུལ་རིགས་ཀྱི་གློག་བརྙན་འཕྲིན་གང་ཡིན་ཡང་གཅིག་མཐུན་གྱི་ཁྱད་ཆོས་གཅིག་ནི་དངོས་ཡོད་ལས་འགོངས་པ་དེ་ཡིན་ཞིང་། དེ་ཡང་མི་སྣ་དང་བྱུང་རིམ་དང་དེ་བཞིན་གློག་བརྙན་འཕྲིན་ཁྲོད་ཀྱི་མི་མིང་དང་ས་མིང་ཡུལ་མིང་ཚང་མ་ཡང་ཅུང་ལྟོས་བཅས་ཀྱིས་རྟོག་འཆར་བརྟེན་ནས་གསར་བཟོ་བྱས་ཡོད་པས། ནམ་རྒྱུན་འཚོ་བའི་ཁྲོད་དུ་མཐོང་ཐོས་མང་བའི་རྣ་ལ་འདྲིས་པོ་དེ་འདྲ་མེད།འོན་ཀྱང་རྩོམ་པ་པོས་མིང་དེ་དག་རྟོག་བཟོ་བྱ་དུས་ཁུངས་ཙམ་ཡང་མེད་པར་སེམས་ལ་གང་ཤར་བཀོལ་བ་མིན་ཏེ། རྩོམ་པ་པོས་རང་ཉིད་འདྲིས་གོམས་ཆེ་བའི་བྱ་དངོས་གང་རུང་གི་མིང་ཞིག་གཞིར་བྱས་ཏེ། མི་རིགས་གང་གི་ཐུན་མིན་གྱི་རིག་གནས་དང་སྐད་ཆའི་གཤིས་མཐུན་པར་གསར་ཏུ་བཟོས་པའི་ཡིན་པས། མ་ཡིག་བཀོལ་སྤྱོད་བྱེད་པའི་མི་ཚོས་གསར་བཟོའི་མིང་དག་གོ་བ་རྙེད་པར་དཀའ་ལས་དེ་ཙམ་མེད་མོད། སྐད་ཡིག་གཞན་དུ་བསྒྱུར་དུས་སྒྱུར་པོ་རང་གིས་གསར་བཟོའི་མིང་དེ་དག་གི་ཁུངས་རྙེད་པར་ཤིན་ཏུ་དཀའ་ལ། དེ་བས་འགྱུར་ཡིག་སྤྱོད་པའི་ལྟད་མོ་བས་གོ་ཐུབ་པའི་འགྱུར་མིང་གསར་པ་མ་ཡིག་གིས་མཚོན་དོན་ཉེ་བ་ཞིག་གསར་དུ་བཟོ་བ་ནི་ཤིན་ཏུ་དཀའ་འོ། དེར་བརྟེན་གློག་བརྙན་དེ་རིགས་བསྒྱུར་སྐབས་རིག་པ་མྱུང་ཞིང་ཐ་སྙད་གསར་པ་རང་སྐད་ལ་བདེ་བ་དེ་འདྲ་མྱུར་མོར་མྱུར་མོར་བློ་ལ་འཆར་ཐུབ་པ་དགོས་རྒྱུ་གལ་ཆེ།
       ༢ ཚན་རྩལ་ཐ་སྙད་མང་བ།
       ཁྱད་མཚར་དང་ཚན་འཕྲུལ་རིགས་ཀྱི་གློག་བརྙན་འཕྲིན་ཁྲོད་ཚན་རྩལ་ཐ་སྙད་མང་པོ་ཐོན་གྱི་ཡོད། ལྷག་པར་ཚན་རྩལ་རིགས་ཀྱི་གློག་བརྙན་ཁྲོད་ཐོན་པ་ཤིན་ཏུ་མང་ཞིང་། ཚན་རྩལ་ཐ་སྙད་ཐོན་མང་བ་དེས་ད་གཟོད་ཚན་རིག་གི་ཆུ་ཚད་ངེས་ཅན་ལྡན་པའི་གློག་བརྙན་འཕྲིན་ཞིག་ཡིན་པ་ར་སྤྲོད་ཐུབ་པ་དང་འདྲ།
       བཞི། རིག་རྩལ་རིགས་གློག་བརྙན་འཕྲིན་གྱི་སྐད་ཆའི་ཁྱད་ཆོས།
       རིག་རྩལ་གློག་བརྙན་གྱི་གོ་དོན་ལ་རྩོད་པ་ཅུང་མང་སྟེ།“རིག་རྩལ་གློག་བརྙན་གྱི་མིང་ཆ་ཚང་ལ་རྩོམ་རིག་སྒྱུ་རྩལ་གློག་བརྙན་ཞེས་བྱ་ལ། དེའི་མཚོན་དོན་ངོ་མ་ནི་རྩོམ་རིག་རྩམ་ཆོས་གློག་བརྙན་འཕྲིན་དུ་བཅོས་སྒྲིག་བྱས་པར་གོ །འོན་ཀྱང་། གློག་བརྙན་ལས་རིགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ད་ལྟ་རིག་རྩལ་གློག་བརྙན་ནི་ཚོང་ལས་གློག་བརྙན་ལ་ལྟོས་པའི་གློག་བརྙན་རིགས་ཤིག་ལ་གོ་བ་ལེན།”[13](P.57) ཚོང་ལས་གློག་བརྙན་ནི་ཚོང་ལས་ཡོང་འབབ་དམིགས་སུ་བཟུང་བའི་གློག་བརྙན་རིགས་ཤིག་ཡིན་ལ། རིག་རྩལ་གློག་བརྙན་ནི་ཁྲོམ་རྭ་མིན་པར་ཕྱོགས་པའི་སྒྱུ་རྩལ་བརྩམ་ཆོས་ཀྱི་རིགས་ཤིག་ཡིན་ཞིང་། ཕལ་ཆེ་བ་འཁྲབ་འཁྲིད་པ་སྒེར་གྱི་གཤིས་ཀ་མངོན་གསལ་དོད་པའི་བརྩམ་ཆོས་རིགས་ཤིག་ཡིན། མདོར་དྲིལ་ན་རིག་རྩལ་བརྩམ་ཆོས་མང་ཆེ་བ་ནི་སྲོལ་རྒྱུན་ལས་བརྒལ་བའི་མཐོང་སྣེ་ཞིག་བརྒྱུད་དེ་འཛམ་གླིང་གནས་སྟངས་དང་མི་ཚེའི་རིན་ཐང་ལ་འཚོལ་ཞིབ་བྱས་པའམ། སྤྱི་ཚོགས་ཀྱི་སྣང་ཚུལ་འདྲ་མིན་ལ་གཏིང་ཟབ་མིན་གང་རུང་གིས་བསམ་གཞིགས་བྱས་པ་ཞིག་ཡིན། དཔེར་ན།《 빈집》(«ཁང་སྟོང་།»《空房间》)ལྟ་བུ།
       ༡ འཁྲབ་འཁྲིད་པ་སྒེར་གྱི་ཁྱད་གཤིས་འཛིན་པ།
       “འཁྲབ་འཁྲབ་པ་ནི་བརྩམ་ཆོས་གང་དེའི་མིང་རྟགས་ཡིན”[14]ཞེས་པ་བཞིན། འཁྲབ་འཁྲིད་པའི་ཁྱད་གཤིས་གསལ་པོར་མངོན་པའི་རིག་རྩལ་གློག་བརྙན་ཁྲོད་འཁྲབ་འཁྲིད་པ་སྒེར་གྱི་ཁྱད་གཤིས་ཀྱིས་གློག་བརྙན་འཕྲིན་ཧྲིལ་པོའི་བྱུང་རིམ་བཀོད་སྒྲིག་དང་འཁྲབ་མིའི་གླེང་མོལ་ལ་ཤུགས་རྐྱེན་ངེས་ཅན་འཐེབ་ཡོད་པས། རིག་རྩལ་གློག་བརྙན་འཕྲིན་གྱི་བརྙན་ཡིག་ལོ་ཙཱ་བྱ་བར་ཐོག་མར་འཁྲབ་འཁྲིད་པ་གང་གི་སྒྱུ་རྩལ་ཁྱད་གཤིས་ལ་རྒྱུས་མངའ་ཡོད་པ་བྱ་དགོས་ལ། ཏག་ཏག་ལོ་ཙཱ་དངོས་ཀྱི་བརྒྱུད་རིམ་ཁྲོད་ཁྱད་གཤིས་དེ་དག་ཆེད་དུ་མངོན་གང་ཐུབ་བྱས་ན་ལེགས་ཏེ། དེར་ལོ་ཙཱའི་ཆེད་དུ་ལོ་ཙཱ་བྱ་བའི་ལོ་ཙཱའི་དགོས་པ་མཆིས་སོ། །
       ༢ ཟུར་འཁྲབ་པ་སྒེར་གྱི་ཁྱད་གཤིས།(角色个人风格)
       རིག་རྩལ་གློག་བརྙན་འཕྲིན་ཁྲོད་རྒྱུན་དུ་ཚབ་མཚོན་གྱི་མི་སྣ་ཁ་ཤས་གསར་བཞེངས་བྱེད་ཀྱི་ཡོད་ལ། ཏག་ཏག་མི་སྣ་དེ་དག་གི་བྱ་སྤྱོད་ནི་གློག་བརྙན་འཕྲིན་བརྒྱུད་ནས་ལྟད་མོ་བར་སྟོན་རྒྱུ་ཡིན་ཏེ། དེ་དག་ཡུག་གཅིག་ཏུ་སྦྲེལ་ན་ད་གཟོད་གློག་བརྙན་ཧྲིལ་པོའི་བརྗོད་སྙིང་ཕྱིར་མཚོན་གྱི་རྣམ་པ་གྲུབ་པ་ཡིན། སྒྱུར་པོ་ཞིག་ལ་མཚོན་ན་འཁྲབ་ཁྲིད་པའི་སྒེར་གྱི་ཁྱད་གཤིས་ལ་རྒྱུས་མངའ་ལོན་དགོས་པ་མ་ཟད། གློག་བརྙན་འཕྲིན་ཁྲོད་ཀྱི་ཟུར་འཁྲབ་པ་སྒེར་གྱི་ཁྱད་གཤིས་རྒྱུས་ལོན་ཀྱིས་ཐག་གཅོད་ལེགས་པར་བྱ་དགོས། གལ་ཏེ་འཁྲབ་ཁྲིད་པ་སྒེར་གྱི་ཁྱད་གཤིས་ནི་བརྩམ་ཆོས་ཀྱི་རུས་སྒྲོམ་ལྟ་བུ་ཞིག་ཡིན་ན། གློག་བརྙན་འཕྲིན་ཟུར་འཁྲབ་པ་སྒེར་གྱི་ཁྱད་གཤིས་ནི་བརྩམ་ཆོས་ཀྱི་ཤ་ཁྲག་ལྟ་བུ་ཞིག་ཡིན། 
       ༣ བརྩམས་ཆོས་ཀྱི་ཐུན་མིན་ཁྱད་གཤིས།
       འཁྲབ་ཁྲིད་པའི་སྒེར་ཀྱི་ཁྱད་གཤིས་དང་ཟུར་འཁྲབ་པ་སྒེར་གྱི་ཁྱད་གཤིས་ཕུད་ད་དུང་མེད་དུ་མི་རུང་བ་ཞིག་ནི་བརྩམ་ཆོས་རང་ངོས་ཀྱི་ཁྱད་གཤིས་ཡིན། ཁྱད་གཤིས་དེ་ནི་བརྩམ་ཆོས་ཧྲིལ་པོའི་རྣམ་ཤེས་ལྟ་བུ་ཞིག་ཡིན་པས། ཕྱི་ཡི་རུས་སྒྲོམ་ཚང་ཞིང་། ཤ་ཁྲག་གྲུབ་ཀྱང་ནང་དུ་རྣམ་ཤེས་མ་ཞུགས་ན་ཕན་མི་ཐོགས་པ་ཡིན། ལྟད་མོ་བ་སྤྱིར་བཏང་ཞིག་ཡིན་ན་གློག་བརྙན་འཕྲིན་གང་གི་འཁྲབ་ཁྲིད་པ་སུ་ཡིན་མི་ཤེས་ལ། གཙོ་འཁྲབ་པ་རེ་ཟུང་གི་ཐུན་མིན་བྱ་སྤྱོད་རེ་ཟུང་ལས་ཡིད་འཇོག་མི་བྱེད་ཀྱང་། གློག་བརྙན་འཕྲིན་ཧྲིལ་པོ་སྟེ་བརྩམ་ཆོས་ཀྱི་མངོན་པའི་ཁྱད་གཤིས་ནི་མགོ་ནས་འཇུག་བར་བལྟ་མྱོངས་པའི་ལྟད་མོ་བ་སུ་ཞིག་ཡིན་ཡང་བརྗེད་དུ་མེད་པའི་བག་ཆགས་འཇོག་ཐུབ་པ་ཡིན། དེ་ནི་བརྩམ་ཆོས་ཀྱི་ཁྱད་གཤིས་ཀྱིས་གློག་བརྙན་འཕྲིན་ཞིག་ལྟད་མོ་བའི་སེམས་རུ་འཇགས་པར་ཐོན་པའི་ཕན་ནུས་ཁྱད་པར་བ་ཞིག་ཀྱང་ཡིན་ཟེར་ཆོག

ཟུར་བལྟའི་ཡིག་ཆ།
བོད་ཡིག་ཡིག་ཆ།

[1] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
[2] འབྲུག་ལྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། མི་རིགས་དཔེ་སྐྲུན་ཁང་།
[3] པ་བཟང་རྡོ་རྗེ། རྒྱ་བོད་ཡིག་སྒྱུར་སློབ་གཞི་བློ་གསར་འཇུག་བདེ། མི་རིགས་དཔེ་སྐྲུན། ༢༠༠༨

རྒྱ་ཡིག་ཡིག་ཆ།
[1] 刘大燕.中国影视翻译研究十四年发展及其现状分析 .电影文学   2011(7)
[2] 钱绍昌.影视翻译——翻译园地中愈来愈重要的领域.中国翻译,2000(1)
[3] 杜志峰等主编. 基础影视翻译与研究.浙江大学出版社出版,2013.
[4] 麻争旗.影视译制概论.北京:中国传媒大学出版社,2005.
[5] 谭载喜著.西方翻译简史.商务印书馆,2010.
[6]〔美〕路易斯•贾内梯著 焦雄屏译.认识电影。北京:世界图书出版公司,2011.
[7]〔加〕安德烈•戈德罗 .〔法〕弗朗索瓦•若斯特著.刘云丹译.什么事电影叙述学.北京:商务印刷出版,2010.
[8] 王志敏与陈晓云主编.理论与批评研究:电影的类型研究.中国电影出版社,2007.
[9] 格雷姆•特纳著.高红岩译.电影作为社会实践. 北京大学出版社,2010.

 
མཆན་འགྲེལ།
[1] འགའ་ཞིག་གིས1938ལོརBBCལས་སྟོན་པའི་འཇར་མན་གྱི་གློག་བརྙན«པོའོ་ལཱ་ཀི་ནས་ཡོང་བའི་སློབ་མ»(Der Student  von Prague《来自布拉格的学生》)ཞེས་པ་དེ་འཛམ་གླིང་ཆེས་ཐོག་མའི་བརྙན་ཡིག་སྦྱར་བའི་གློག་བརྙན་ཡིན་པར་འདོད་མཁན་ཡང་ཡོད།
[2] 1938ལོར་ཧྲང་ཧེ་ནས་སྟོན་པའི«བརྗེད་མེད་ཀྱི་ཞབས་བྲོ»(《一舞难忘》)ཞེས་པ་དེ་ཀྲུང་གོའི་ཆེས་ཐོག་མའི་སྒྲ་སྦྱོར་སྒྱུར་སྒྲིག་བྱས་པའི་གློག་བརྙན་ཡིན་པར་འདོད་མཁན་ཡང་ཡོད།
[3] 杨洋.电影翻译述评.西南交通大学学报(社会科学学报).2006-7(4)
[4] [13] [14] 杜志峰等著.基础影视翻译与研究 .浙江大学出版社,2013.
[5]
བརྙན་ཡིག་ལོ་ཙཱ་འབྲེལ་བའི་དཔྱད་རྩོམ་དག་གི་དབྱེ་སྟངས་གཞི་བྱས་པ་ཡིན།
[6] ཁྱུང་ཁྱུང་། གུ་རུ། བརྙན་ཡིག་བསྒྱུར་སྐབས་མཉམ་འཇོག་བྱ་དགོས་པ་འགའ།༢ བོད་བརྙན་དྲ་བ།
[7] བོད་བརྙན་ཚོགས་པ།བརྙན་ཡིག་བསྒྱུར་སྐབས་མཉམ་འཇོག་བྱ་དགོས་པ་འགའ།༡ བོད་བརྙན་དྲ་བ།
[8] བརྙན་ཡིག་ལོ་ཙཱའི་རྨང་གཞི་དང་ཞིབ་འཇུག་ཅེས་པའི་དཔེ་དེབ་ནང་གི་དབྱེ་སྟངས་གཞིར་བཟུང་ཞིང་རང་གིས་ཀྱང་ཁ་སྣོན་བྱས་ཡོད།
[9] 麻争旗.影视译制概论.北京:中国传媒大学出版社,2005.
[10] 段红萍,贾德江. 论影视片名的语用翻译. 南华大学学报,2005,6.
[11]
འབྲུག་ལྷ་དང་ཟླ་བ་ཚེ་རིང་། «རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན» མི་རིགས་དཔེ་སྐྲུན་ཁང་། 2009,8. P157
[12] གློག་བརྙན་རིགས་དབྱེ་སྟངས་འདི་དག་ནི་བརྙན་ཡིག་ལོ་ཙཱའི་རྨང་གཞི་དང་ཞིབ་འཇུག་ཅེས་པའི་དཔེ་དེབ་ཀྱི་དབྱེ་སྟངས་ལྟར་དབྱེ་ཞིང་གོ་དོན་དང་སྐད་ཆའི་ཁྱད་ཆོས་ཐད་དཔེ་དེབ་གཞན་དང་རང་གི་ལྟ་བ་གཙོ་བོར་བྱས་ཡོད།
[13] སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་ཞེས་པའི་སྐད་ཆ་ལ་ལད་མོ་བྱས།
འབྲེལ་ཡོད་འོས་སྦྱོར།