logo

༄༅། །«དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»ཀྱི་ཁྱད་ཆོས་སྐོར་གླེང་བ།

རྩོམ་པ་པོ།:རིག་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-19 ཀློག་གྲངས།:
[ནང་དོན་གནད་བསྡུས།] «དེང་རབས་རྒྱ་ཡིག་ཚིག་མཛོད»ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་བརྡལ་དུ་གཏོང་བའི་མཛུབ་སྟོན་ལྟར། ཀྲུང་གོའི་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་སུའོ་ཡིས་མིང་བརྡ་ཚད་ལྡན་དུ་གཏོང་བ་དམིགས་ཡུལ་དུ་བཟུང་ནས་སྒྲིག་རྩོམ་བྱས་པའི་དེང་རབས་རྒྱ་ཡིག་ཚིག་མཛོད་ཐོག་མ་ཡིན་ཞིང་། ད་བར་དུ་ཐེངས་བདུན་ལ་པར་སྐྲུན་བྱས་ཡོད་པ་དང་པར་ཐེངས་རེར་ཡང་དུས་རབས་དང་བསྟུན་ནས་སྣོན་འཕྲི་བཅོས་གསུམ་གང་ལེགས་བྱས་ཏེ་ཇེ་ལེགས་ཇེ་རྒྱས་སུ་བཏང་ཡོད། པར་ཐེངས་བདུན་པ་ནི་མིག་སྔའི་ཆེས་མཐའ་མའི་པར་ཐེངས་ཡིན་ཞིང་དེས་དེང་རབས་རྒྱ་ཡིག་མིང་བརྡའི་གཞི་རྩའི་རྣམ་གཞག་དང་ཁྱད་ཆོས་ཡོངས་སུ་མཚོན་ཅི་ཐུབ་བྱས་ཡོད་ཅིང་ཐ་སྙད70132ཡིས་གྲུབ་པ་ཡིན། 2021ལོའི་ཟླ12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་ཚོང་དོན་པར་འདེབས་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པའི་«དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»ནི་རྒྱའི་ཚིག་མཛོད་དབང་གྲགས་ཅན་དེའི་པར་ཐེངས་མཐའ་མ་གཞིར་བཟུང་ནས་ཐ་སྙད་ཡོངས་རྫོགས་ཆ་ཚང་བའི་སྒོ་ནས་བོད་ཡིག་ཏུ་བསྒྱུར་པ་ཡིན་ཞིང་། དེ་ཉིད་པར་དུ་བསྐྲུན་རྗེས་སྤྱི་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ལས་རིགས་སོ་སོའི་ཆེད་ལས་མི་སྣས་དགའ་བསུ་དང་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་ལ་བསྒྱུར་བྱའི་མ་ཡིག་ཁུངས་དག་ཅིང་བཙུན་པའི་ཁྱད་ཆོས་དང་སྒྱུར་མཁན་ལོ་ཙཱ་བ་གཞན་དང་མི་འདྲ་བར་སྐུ་ཡོན་ཆེ་བའི་ཁྱད་ཆོས། སྒྱུར་བྱེད་གཞུང་སྟེ་ལོ་ཙཱའི་གཞུང་ལུགས་ཀྱི་རྒྱ་ཡིས་ཡོངས་སུ་བསྡམས་པའི་ཁྱད་ཆོས། བསྒྱུར་བའི་ལས་ཀྱི་གོ་རིམ་ཚགས་ཞིབ་ཅིང་ཕྲ་བའི་ཁྱད་ཆོས། སྒྱུར་ཚིག་མཛོད་དེ་གནའ་དེང་འབྲེལ་ཡོད་སྐད་གཉིས་ཚིག་མཛོད་སྣ་ཚོགས་ཀྱིས་སྐྱོར་མ་བྱས་པའི་ཁྱད་ཆོས་སོགས་ལྡན་པས་དེང་ཕྱིན་ཉེར་མཁོའི་ཚིག་མཛོད་སྣ་ཚོགས་བོད་ཡིག་ཏུ་བསྒྱུར་བ་ལ་མིག་ལྟོས་བཟང་པོ་ཞིག་བསྐྲུན་ཡོད་དོ། །
[གནད་ཚིག] དེང་རབས་རྒྱ་ཡིག་ཚིག་མཛོད། རྒྱ་བོད་ཐ་སྙད་ཤན་སྦྱར། ཁྱད་ཆོས།

       མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི“མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་སྐྱེད་སྲིང་དང་ཞིབ་འཇུག་ལྟེ་གནས”ཀྱིས་འགན་ལེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱད་ཕོགས་ཐོབ་པའི་ཆེད་མཁས་པ་སངས་རྒྱས་ལགས་ཀྱིས་མགོ་འཛིན་གནང་ཞིང་། རྒྱ་བོད་ལོ་ཙཱ་བ་བཅུ་ཕྲག་ཟུང་ལ་ཉེ་བས་སྔ་ཕྱིར་ལོ་ངོ་དགུ་དང་ཟླ་དྲུག་གི་རིང་ལ་འབད་འབུངས་ལྷོད་མེད་བྱས་པའི་གྲུབ་འབྲས་ཆེན་པོ་སྟེ། «དེང་རབས་རྒྱ་ཡིག་ཚིག་མཛོད(ཐ་སྙད་ཤན་སྦྱར)»ཞེས་པ་ཉེ་ཆར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་ཚོང་དོན་པར་འདེབས་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དངོས་སུ་པར་སྐྲུན་བྱས་རྗེས་རིམ་པ་སོ་སོའི་འབྲེལ་ཡོད་སྲིད་གཞུང་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ། ཆེད་ལས་མི་སྣ། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོ་ནས་གདེང་འཇོག་དང་དགའ་བསུ་ཆེན་པོ་བྱས།
       དེ་ཡང2022ལོའི་ཟླ1པོའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་ཞིང་ཨུའི་ཚོགས་ཁང་དུ་བསྡུས་པའི་དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཤིས་འཕྲིན་སྤྲིངས་ཡོང་བ་དང་། མཚོ་སྔོན་སྲིད་གྲོས་ཀྱི་ཀྲུའུ་ཞི་འམ་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ལགས་ནས་ཚོགས་ཞུགས་གསུང་བཤད་གནང་ལ། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་ལགས་ནས་བརྙན་ལམ་བརྒྱུད་དེ་གསུང་བཤད་དང་འབྲེལ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་བོད་རིག་པའི་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་ལགས་ཀྱིས་མི་སྣ་ཆེད་མངགས་སྒོས་སྨོན་ཚིག་ཕུལ།
       དེ་ལས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཤིས་འཕྲིན་དུ་“མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། ཡིག་སྒྱུར་རྩོམ་སྒྲིག་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་པའི་དབང་གྲགས་ཚིག་མཛོད་དེ«དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”[1]ཅེས་གསུངས།
       ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ལགས་ཀྱིས“«དེང་རབས་རྒྱ་ཡིག་ཚིག་མཛོད»ཡིག་སྒྱུར་ནི་བོད་རིགས་སྤུན་ཟླས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཇེ་ཆེར་གཏོང་བའི་ཚིག་མཛོད་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཐོག་མར་གཏོད་པའི་རང་འདེམས་བྱ་སྤྱོད་ཅིག་ཡིན་པས། ཚིག་མཛོད་ཡིག་སྒྱུར་གྱི་རིན་ཐང་ལ་ཚན་རིག་དང་མཐུན་པའི་ངང་ངོས་འཛིན་བྱེད་དགོས། དབང་གྲགས་དང་ཚད་ལྡན་ཅན་གྱི་ཚིག་མཛོད་འདིར་བརྟེན་ནས་བོད་འབྲེལ་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལས་དོན་གྱི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། ཀྲུང་ཧྭའི་མི་རིགས་སོ་སོའི་སྐད་ཡིག་རིག་གནས་ཕན་ཚུན་སྒྱུར་རེས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚིག་མཛོད་ཡིག་སྒྱུར་གྱི་གྲུབ་འབྲས་ཡག་པོར་སྤྱད་དེ། བོད་འབྲེལ་ས་ཁུལ་དང་། སློབ་གྲྭ། ལས་ཁུངས་དང་དོན་གཉེར་སྡེ་ཁག དགོན་སྡེ་སོགས་ལ་ཁ་ཕྱོགས་ནས་ལྟ་ཀློག་དང་ཁྱབ་བརྡལ་གཏོང་བ་དང་། «དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་དོན་འགྲེལ་སོགས་ཁྱོན་ཡོངས་ནས་ཡིག་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”[2]ཞེས་གསུངས།
       ཀྲུའུ་རེན་དོན་གྲུབ་དབང་འབུམ་ལགས་ནས“མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ནས་རྩ་འཛུགས་བྱས་ཏེ། ལོ་ངོ9ཡི་དུས་ཚོད་སྤྱད་ནས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི«དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»དེས་ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོར་སྦྱོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཕན་པ་ཆེན་པོ་ཡོད། སྔ་ནས་ད་བར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་མཛུབ་སྟོན་གཞིར་བཟུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། «ཚིག་མཛོད»དཔེ་སྐྲུན་བྱས་པ་དེས་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་ཕན་པ་ཆེན་པོ་བཏགས་ཡོད”[3]ཅེས་གསུངས།
       སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་ལགས་ཀྱིས“ཚིག་མཛོད་འདིའི་སྒྲིག་སྒྱུར་དཔེ་སྐྲུན་གྱིས་བོད་འབྲེལ་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་དགེ་སློབ་དག་ལ་ཉེར་སྤྱོད་དཔེ་ཆ་དཀོན་པའི་སྟོང་ཆ་བསྐངས་པ་དང་། བོད་ཡིག་ཀློག་པ་པོས་དེང་རབས་རྒྱ་ཡིག་གི་མིང་གི་གཞི་རྩའི་རྣམ་གཞག་དང་ཚད་ལྡན་ཡིག་སྤྱོད་ཤེས་རྟོགས་ཡང་དག་དང་ཆ་ཚང་ཡོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བློ་ལ་བྱང་ནས་སྤྱོད་མཁས་པར་བྱེད་པ་སོགས་ལ་སྟབས་བདེ་བཟོས་པ་མ་ཟད། བོད་འབྲེལ་ས་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་སྤྱི་སྐད་སློབ་པའི་ནུས་པ་གོང་འཕེལ་དང་ཆ་འཕྲིན་གྱི་ལམ་ཁ་ཇེ་ཡངས། འབྲེལ་འདྲིས་ཀྱི་རྒྱ་ཇེ་ཆེ། ངལ་རྩོལ་ནུས་རྩལ་དང་ལས་ཞུགས་ཀྱི་ནུས་པ་ཇེ་མཐོར་གཏོང་བ་ལ་ཕན་ནུས་ཆེ་བ་མ་ཟད། རང་རྒྱལ་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་སྡུད་སྒྲིག་ལ་རྣམ་པ་གསར་པ་ཞིག་བཏོད་ཡོད་པས། རྒྱ་ཆེའི་བོད་ཡིག་ཀློག་པ་པོ་རྣམས་ཀྱིས་ཚིག་མཛོད་འདི་བེད་སྤྱོད་གང་ལེགས་གནང་བ་དང་ཚིག་མཛོད་འདི་ཉིད་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། གཅིག་འདྲེས་ཀྱི་ཟམ་པ་དང་སྦྲེལ་ཐག་ཅིག་ཏུ་འགྱུར་བའི་རེ་བ་ཡོད”[4]ཅེས་གསུངས།
       དེ་མིན་ཚོང་དོན་པར་འདེབས་ཁང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཚིག་མཛོད་སྡུད་སྒྲིག་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣ་དང་། སློབ་གྲྭ་ཆེན་མོའི་ཆེད་མཁས་པ་དག་གིས་ཀྱང་ཟུར་དང་ཕྱོགས་མི་འདྲ་བའི་སྒོ་ནས་གདེང་འཇོག་གང་ལེགས་གནང་ཞིང་། དུས་མཚུངས་སུ་ཀྲུང་གོ་ཞིན་ཧྭ་གསར་འགྱུར་དྲ་བ་དང་ཀྲུང་གོ་གསར་འགྱུར་དྲ་བ། ཀྲུང་གོ་བོད་རིག་པའི་དྲ་བ། མཚོ་སྔོན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དྲ་བ། སྐད་བརྡ་རིག་པའི་དེ་རིང་གི་དྲ་བ། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་རིག་པའི་ཞིབ་འཇུག་དྲ་བ་སོགས་དེང་རབས་སྨྱན་གཟུགས་སྣ་ཚོགས་ནས་ཀྱང་དུས་ལྟར་དྲིལ་སྒྲོག་རྒྱ་ཆེར་སྤེལ། ལྷག་པར་དུ་པར་སྐྲུན་རྗེས་ཀྱི་ཟླ་འགའི་རིང་རྒྱ་བོད་ལོ་ཙཱ་བ་མང་པོས་སོ་སོ་ནས་ལག་ལེན་དང་དངོས་སྤྱོད་ཡང་ཡང་བྱས་རྗེས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ནས་གཏོར་རོ། །འོ་ན་ཚིག་མཛོད་འདི་ལ་སྤྱི་ཚོགས་སྟེང་སྔོན་མེད་ཀྱི་དགའ་བསུ་དང་གདེང་འཇོག་འདི་འདྲ་ཆེན་པོ་ཞིག་ཐོབ་དོན་ཅི་ཡིན་ཞེ་ན། དེ་ཡང་གཤམ་གྱི་ཁྱད་ཆོས་འགའ་དང་འབྲེལ་བ་ཆེ་སྙམ།
དང་པོ། བསྒྱུར་བྱའི་མ་ཡིག་ཁུངས་དག་ཅིང་བཙུན་པ།
       ལོ་ཙཱའི་གཞུང་ལུགས་དག་ཏུ་མ་ཡིག་དང་འགྱུར་ཡིག་གི་འབྲེལ་བ་གླེང་དུས་འགྱུར་ཡིག་ནི་མ་ཡིག་གི་བསྐྱར་པར་དང་ཡང་ན་ལད་ཟློས་ལྟ་བུ་ཡིན་པར་བཤད་པ་དང་། མ་ཡིག་དེ་ཇི་འདྲ་ཡིན་ན་འགྱུར་ཡིག་དེ་ཡང་དེ་འདྲ་ཡིན་པར་གསུངས་པས་ལོ་ཙཱ་བྱེད་དུས་མ་ཡིག་ཚད་ལྡན་དང་ཡང་དག་ཅིག་གདམ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བ་ཡིན། དེང་རབས་རྒྱ་ཡིག་ལ་མཚོན་ན་མིག་སྔར་ཚིག་མཛོད་ཆེ་འབྲིང་ཆུང་གསུམ་བགྲང་གིས་མི་ལངས་པ་ཞིག་མཆིས་མོད་དེ་ལས་ཀུན་གྱིས་ཁས་ལེན་ཞིང་། ཆེས་ཚད་ལྡན་དང་དབང་གྲགས་ཆེ་བ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་སུའོ་ཚིག་མཛོད་རྩོམ་སྒྲིག་ཁང་གིས་སྡུད་སྒྲིག་དང་། ཚོང་དོན་པར་འདེབས་ཁང་གིས་པར་སྐྲུན་བྱས་པའི«དེང་རབས་རྒྱ་ཡིག་ཚིག་མཛོད»ཅེས་པ་དེ་ཡིན། ཚིག་མཛོད་འདི་ཉིད་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སུ་ཐོན་པའི་སྐད་ཡིག་ཚིག་མཛོད་ཆེས་ཐོག་མ་ཡིན་ཞིང་། དེས་རྨང་གཞི་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན། གོ་ཆོད་ཅན་བཅས་ཀྱི་ཁྱད་ཆོས་འབུར་དུ་བཏོད་པ་དང་། མིང་ཚིག་དང་མཆན་འགོད། འགྲེལ་བ། དཔེར་བརྗོད་བཅས་ཕྱོགས་གཅིག་ཏུ་བསྡུས་པས་རང་རྒྱལ་བརྡ་དག་ལོ་རྒྱུས་སྟེང་དུས་མཚམས་འབྱེད་པའི་རྡོ་རིང་ལྟ་བུའི་སྐད་ཡིག་ཚིག་མཛོད་འབྲིང་གྲས་ཤིག་ཡིན།
       ཚིག་མཛོད་འདི་ཉིད1956ལོའི་ཟླ2པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་བརྡལ་དུ་གཏོང་བའི་མཛུབ་སྟོན་གནང་ནས། ཀྲུང་གོའི་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་ཁང(1977ལོའི་ཟླ5པ་ནས་བཟུང་ཀྲུང་གོའི་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་སུའོ་རུ་མིང་བསྒྱུར)1958ལོར་མིང་བརྡ་ཚད་ལྡན་དུ་གཏོང་བ་དམིགས་ཡུལ་དུ་བཟུང་བའི་དེང་རབས་རྒྱ་ཡིག་ཚིག་མཛོད་འབྲིང་གྲས་ཤིག་བསྒྲིགས་པར་བཀའ་བསྒོས། དེ་ལ་བརྟེན་ནས་ཞིབ་འཇུག་ཁང་དེའི་ཚིག་མཛོད་རྩོམ་སྒྲིག་ཁང་གིས1956ལོའི་དབྱར་ཁ་ནས་བཟུང་དཔྱད་གཞི་སྡུད་སྒྲིག་གི་མགོ་བརྩམས་པ་དང་། 1958ལོའི་ལོ་མགོ་ནས་སྒྲིག་རྩོམ་གྱི་མགོ་ཚུགས་ལ། 1959ལོའི་ལོ་མཇུག་ཏུ་ཐོག་མའི་མ་ཟིན་ཡོངས་སུ་གྲུབ་པ་ཡིན། 1960ལོར“ཚོད་དཔར་དེབ”ཅིག་པར་དུ་བཏབ་ནས་བསམ་འཆར་སྡུད་ལེན་བྱས་ནས་དག་བཅོས་བྱས་རྗེས1965ལོར་སླར་ཡང་“ཚོད་སྤྱོད་དེབ”ཅིག་པར་དུ་བཏབ་ནས་ཞུ་བྱར་ཕུལ་ཞིང་། 1973ལོར་སྔར་ལས་རྒྱལ་ཁབ་ཀྱི་བསམ་འཆར་སྡུད་ལེན་བྱས་ཏེ་ཞུ་དག་བྱས་ལ1977ལོའི་ལོ་མཇུག་ཏུ་ད་གཟོད་ཞུ་དག་སོགས་བྱ་བ་མཐའ་དག་ཡོངས་སུ་རྫོགས་ནས་པར་སྐྲུན་ཁང་ལ་སྤྲད་པ་ཡིན། ཚིག་མཛོད་འདི་ཉིད་ད་བར་དུ་སྔ་ཕྱིར་ཐེངས་བདུན་ལ་པར་སྐྲུན་བྱས་ཤིང་དཔར་ཐེངས་རེ་ཡང་ཚིག་མཛོད་འདིའི་གཙོ་སྒྲིག་པ་ཐོག་མ་སྟེ་རང་རྒྱལ་གྱི་མིང་དུ་གྲགས་པའི་སྐད་བརྡ་རིག་པའི་ཆེད་མཁས་པ་ལུའི་ཧྲུའུ་ཞང(吕叔湘)ལགས་ཀྱིས“དེང་རབས་ཀྱི་ཚིག་མཛོད་ཅིག་ཡིན་ཕྱིན་དུས་རབས་ཀྱི་རྗེས་སུ་འབྲངས་ཏེ་བར་མ་ཆད་པར་དག་ཞུས་བྱ་དགོས”[5]ཞེས་པའི་བླང་བྱ་ཉིད་བརྩི་སྲུང་བྱས་ནས་སྣོན་འཕྲི་བཅོས་གསུམ་དང་སྡེབ་སྒྲིག་གང་ལེགས་མཛད་པ་ཡིན་ནོ། །
       1978ལོའི་པར་ཐེངས་དང་པོར་ཡི་གེ་དང་མིང་། མིང་འདུས་མ། རྒྱུན་འབྱམས་ཚིག ཚིག་གྲུབ་སོགས་བསྡོམས་པས་ལྔ་ཁྲི་དྲུག་སྟོང་ལྷག་སྡུད་སྒྲིག་བྱས་པ་དང་། 1983ལོའི་པར་ཐེངས་གཉིས་པར་དེ་སྔའི་མིང་བྱང་འགར་དུས་བསྟུན་སྒོས་དག་བཅོས་ཕྲན་ཙམ་བྱས་པ་ཡིན། 1996ལོའི་པར་ཐེངས་གསུམ་པར1978ནས་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་གི་སྤྱི་ཚོགས་དང་སྐད་ཆ་ལ་རིམ་པར་འགྱུར་ལྡོག་དང་མིང་ཁ་ཤས་ཀྱི་འཇུག་ཚུལ་སྔོན་དང་ཁྱད་བྱུང་བ། བརྡ་ཆད་གསར་བ་མི་ཉུང་བ་ཞིག་ཀྱང་ཐོན་པ་སོགས་ལ་གཞིགས་ཏེ་སླར་ཡང་དཔྱད་གཞི་འབུམ་ཕྲག་དུ་མ་འཚོལ་སྡུད་བྱས་ཐོག་དག་བཅོས་བྱས་པ་ཡིན། ཐེངས་འདིའི་དག་བཅོས་ཀྱི་གནད་གཙོ་བོ་ནི་སྣོན་འཕྲི་བཅོས་གསུམ་སྟེ་མིང་བརྡ་གསར་པ་ཁ་སྣོན་དང་རྙིང་ཐལ་ཆེ་བའི་མིང་ཚིག་ཁ་ཤས་དང་ཆེད་ལས་ཀྱི་ནང་དོན་ཤུགས་དྲག་པའི་རིག་ཚན་སྣ་ཚོགས་ཀྱི་མིང་བརྡ་ཁ་ཤས་དོར་བ་དང་། ནང་དོན་དང་འཇུག་ཚུལ་གྱི་ཆ་ནས་འཕེལ་འགྱུར་བྱུང་བ་དག་ལ་བཟོ་བཅོས་དང་ཁ་གསབ་བྱས་པ་ཡིན་ཞིང་བསྡོམས་པས་ཡི་གེ་དང་མིང་དྲུག་ཁྲི་ལྷག་བསྡུས་སོ། །2002ལོའི་པར་ཐེངས་བཞི་པར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒོར་བསྟུན་པ་དང་དེང་རབས་རྒྱ་ཡིག་གི་མིང་བརྡའི་རྣམ་པ་གསར་པ་དང་། འབྲེལ་ཡོད་རིག་ཚན་གྱི་ཞིབ་འཇུག་གྲུབ་འབྲས་མངོན་པར་མཚོན་ཆེད། མིང་གསར་དོན་གསར1200ལྷག་གསར་དུ་བསྣན་པ་དང་ནུབ་ཡིག་གི་ཡིག་མགོ་ཅན་གྱི་མིང་བརྡ་ཡང་ཅུང་མང་ཙམ་བསྣན་ཞིང་། དེ་མིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཡིག་གཟུགས་དང་མིང་གཟུགས་ཁ་ཤས་སོགས་ལ་ཡང་དག་བཅོས་བྱས་སོ། །2005ལོའི་པར་ཐེངས་ལྔ་པར་གཅིག་ནས་མིང་བརྡ་སྡུད་སྒྲིག་ལེགས་སྒྲིག་དང་མིང་གསར་དོན་གསར་སྣོན་པ། རྙིང་པར་གྱུར་ཅིང་སྤྱོད་རྒྱ་ཆུང་བའི་མིང་བརྡ་ཁ་ཤས་འཕྲི་བར་བྱས་ནས་མིང་སྟོང་ཚོ་གཉིས་ལྷག་དོར་བ་དང་སྟོང་ཚོ་དྲུག་ལྷག་གསར་དུ་བསྐངས་ནས་བསྡོམས་པས་མིང་དྲུག་ཁྲི་ལྔ་སྟོང་ལྷག་བསྡུས་པས་སྐབས་དེའི་དེང་རབས་རྒྱ་ཡིག་མིང་བརྡའི་རྣམ་པ་ཕལ་ཆེར་མཚོན་པ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་འཚོལ་བཤེར་གྱི་དགོས་མཁོ་བསྐང་ཐུབ་པར་བྱས། 2012ལོའི་པར་ཐེངས་དྲུག་པར་འདས་པའི་ལོ་བདུན་གྱི་རིང་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་བར་མ་ཆད་པར་མདུན་སྐྱོད་བྱས་པས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་འཛུགས་སྐྲུན་ལ་ཉིན་འཕོ་ཟླ་འགྱུར་གྱི་འགྱུར་ལྡོག་བྱུང་བ་དང་། དེ་དང་བསྟུན་ནས་མང་ཚོགས་ཀྱི་སྐད་ཆའི་འཚོ་བ་སྔར་ལས་འཁྲུག་པོ་བྱུང་སྟེ་མིང་བརྡ་དེ་ལས་ཀྱང་འགྱུར་ལྡོག་ཆེ་བ། སྐད་བརྡ་རིག་པའི་ཞིབ་འཇུག་དང་སྒོས་སུ་མིང་བརྡ་རིག་པ་དང་དག་ཡིག་སྡུད་སྒྲིག་གཞུང་ལུགས་ཀྱི་ཞིབ་འཇུག་ལ་འཕེལ་རྒྱས་བྱུང་བ། དེ་བཞིན་དུ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་ཚད་ལྡན་དུ་གཏོང་བའི་ཚད་གཞི་གསར་བ་དུ་མ་ཡང་སྔ་ཕྱིར་བཏོན་པ་ལ་དམིགས་ནས་ཕྱོགས་ཡོངས་ནས་བཟོ་བཅོས་ཆེན་པོ་བྱས་སོ། །ཐེངས་འདིའི་དག་ཞུས་ནི་རིག་གཞུང་ཞིབ་འཇུག་སྔོན་འགྲོ་དང་རྨང་གཞི་བྱས་ནས་དག་ཞུས་བྱས་པ་ཡིན་ལ་ནང་དོན་གཙོ་བོ་ནི་དགུ་སྟེ། “གཅིག ཚད་གཞི་ལྟར་གཟབ་ནན་གྱིས་ཡིག་གཟུགས་དང་། སྒྲ་གདངས་གཏན་ལ་ཕབ་པ་དང་། ཡིག་མགོའི་ཟོར་ལྕི་ཡང་། དངོས་དང་འདམ་ང་བར་གྱི་འབྲེལ་བར་གསེད་སྒྲིག་བྱས་ནས། ཡིག་རྐྱང600ལྷག(ས་མིང་། རུས་མིང་། མི་མིང་དང་ཚན་རྩལ་ཡི་གེ་གཙོར་བྱས)བསྣན་ཏེ་བསྡོམས་པས་ཡིག་རྐྱང13000ལྷག་བསྡུས། གཉིས། མིང་བརྡ་གསར་བ་དང་མིང་བརྡ་གཞན་དག3000ཉེ་ཙམ་བསྡུས་ཏེ་བསྣན་པ་དང་། འགྲེལ་གསར400ལྷག་བསྣན། མིང་དོན་རྙིང་བ་ཉུང་ཤོས་ཙམ་དོར་བའི་ཐོག་བསྡོམས་པས་མིང་བརྡ69000ལྷག་བསྡུས་སོ། ། གསུམ། རྒྱལ་ཁབ་སྐད་དང་ཡི་གེ་ལས་དོན་ཨུ་ཡོན་ལྷན་ཁང་གི«རྒྱ་ཡིག་སྒྲ་སྦྱོར་དག་ཡིག་གི་གཞི་རྩའི་རྣམ་གཞག»དག་ཞུས་ལས་གཞིའི་ཚོ་ཆུང་དང་། «སྤྱི་སྐད་སྒྲ་ཡང་བའི་མིངའགྱུར་མིང་གི་ཚད་གཞི»ལས་གཞི་ཚོ་ཆུང་གི་དགོངས་འཆར་ཟུར་བལྟ་བྱས་ཐོག མིང་བརྡའི་སྒྲ་མཆན་ཞུས་དག་བྱས་སོ། །བཞི། ནང་དོན་ཚད་གཞི་གཙོ་བོར་བཟུང་ནས་གཟུགས་འདྲ་བ་དང་སྒྲ་འདྲ་བའི་མིང་བརྡ་འབྱེད་སྡུད་ལེགས་སྒྲིག་བྱས་པ་དང་། རྩ་བའི་རིགས་པ་དང་སྐད་ཆ་བཀོལ་སྤྱོད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་འབྲི་ཚུལ་གཞན་གྱི་མིང་བརྡ་སྐོར་ཞིག་གི་གཙོ་ཕལ་ལེགས་སྒྲིག་བྱས་སོ། ། ལྔ། རིགས་དབྱེ(དཔེར་ན་ཁ་སྐད་ཀྱི་མིང་། ཡུལ་སྐད་ཀྱི་མིང་། བརྡ་རྙིང་། ཆེད་ཚན་གྱི་མིང་། ཕྱི་ཡོང་གི་མིང་། ནུབ་ཡིག་མིང་སོགས)ལྟར་དོན་འགྲེལ་གྱི་སྐོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་ཞུས་བྱས་པ་དང་། དོན་འགྲེལ་གྱི་ཕྱོགས་སྟོན་མིང(དཔེར་ན་དཔེ་རྒྱན། རྒྱན་ཚིག ཤུགས་བསྟན་སོགས)ལའང་གཅིག་གྱུར་གྱིས་དག་ཞུས་བྱས། དྲུག མིང་གི་སྐོར་གྱི་རྟགས་མཆན་ལ་བསྐྱར་ཞུས་བྱས་པ་སྟེ། སྔར་ཡོད་མིང་གི་སྐོར་གྱི་རྟགས་མཆན་རྒྱུད་ཁོངས་རྒྱུན་འཁྱོངས་གཞིར་བྱས་ཐོག་མིང་ཉུང་ཤོས་ཤིག་གི་མིང་རིགས་རྟགས་མཆན་ལ་དག་ཞུས་བྱས་སོ། ། བདུན། འགྲེལ་དོན་ལ་བསྟུན་པ་དང་། འཇུག་ཚུལ་མཚོན་པ་དང་། མིང་དང་ཚིག་གི་ཤོང་རྒྱ་ཇེ་ཆེར་གཏོང་བའི་རྩ་དོན་གཞིར་བཟུང་ནས། སྔར་ཡོད་ཀྱི་མིང་དང་དཔེར་བརྗོད་ལ་དེ་ལུགས་ཀྱི་སྣོན་འཕྲི་དག་བཅོས་གང་འཚམ་བྱས། བརྒྱད། འགྲེལ་བའི་དོན་ལ་རམ་འདེགས་བྱེད་ཆེད་གནའ་རབས་ཀྱི་དངོས་རྫས་བརྒྱ་ཕྲག་ཉེ་ཙམ་ལ་བར་གསབ་རི་མོ་བཀོད་ནས་བཞག དགུ། འབྲེལ་ཡོད་ཚད་གཞི་དང་ཞིབ་འཇུག་གི་འབྲས་བུ་གསར་བ་གཞིར་བཟུང་ནས། ཡི་གེའི་བྱ་ར་དང་ཞར་བཀོད་དག་ལ་དག་ཞུས་བྱས་སོ། །”[6]
       2016ལོའི་པར་ཐེངས་བདུན་པ་སྟེ་ཆེས་མཐའ་མའི་པར་ཐེངས་ནི2013ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་སྤྱི་སྤྱོད་རྒྱ་ཡིག་ཚད་ལྡན་རེའུ་མིག་སྒོ་ཀུན་ནས་དོན་ཐོག་ཏུ་འབེབས་པ་དང་གསར་དུ་བྱུང་བའི་ཐ་སྙད་བཞི་བརྒྱ་ལྷག་ཁ་སྣོན། དོན་གྱི་འཇུག་ཡུལ་གསར་པ་བརྒྱ་ལྷག་ཁ་གསབ། རྙིང་པ་དང་མིང་དོན་གསལ་བའི་མིང་བརྡ་ཁ་ཤས་དོར་བ། ཀློག་མཁན་དང་མཁས་པ་དག་གི་དགོངས་འཆར་ལྟར་ཐ་སྙད་བདུན་བརྒྱ་ལྷག་གི་དོན་གྱི་འཇུག་ཚུལ་དང་དཔེར་བརྗོད་བཅས་ཀྱི་ཆ་ནས་ཡོངས་སུ་དག་ཞུ་བྱས་ཏེ་བསྡོམས་པས་ཐ་སྙད70132བསྡུས་པ་ཡིན་ནོ། །
       མདོར་ན«དེང་རབས་རྒྱ་ཡིག་ཚིག་མཛོད»ནི1978ལོར་དངོས་སུ་པར་སྐྲུན་བྱས་ནས་ད་བར་དུ་ཐེངས་མང་པོར་ཞུ་དག་གང་མང་བྱས་ཤིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བཟོ་བཅོས་ཡང་ཡང་བྱས་ཏེ་དེང་རབས་རྒྱ་ཡིག་གི་མིང་བརྡའི་རྣམ་པ་གསར་པ་དང་ཁྱད་ཆོས། འབྲེལ་ཡོད་རིག་ཚན་གྱི་གྲུབ་འབྲས་གསར་པ་གང་ལེགས་ཀྱིས་མཚོན་པར་བྱས་ཡོད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྐད་དང་ཡི་གེའི་ཐད་ཀྱི་ཚད་གཞི་གསར་པ་དག་དུས་ལྟར་དོན་ཐོག་ཏུ་དངོས་འབེབས་བྱས་པའི་ཚིག་མཛོད་གྲགས་ཅན་ཞིག་ཡིན། ཚིག་མཛོད་འདིར་སྔ་ཕྱིར་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་སྐབས་ཐོག་མའི་ཕུལ་དུ་བྱུང་བའི་ཚན་ཞིབ་གྲུབ་འབྲས་བྱ་དགའ་དང་། སྐབས་དང་པོའི་རྒྱལ་ཁབ་དཔེ་དེབ་བྱ་དགའ། སྐབས་གཉིས་པའི་རྒྱལ་ཁབ་ཚིག་མཛོད་བྱ་དགའི་ཨང་དང་པོའི་བྱ་དགའ། སྐབས་བཞི་བའི་ཝུའུ་དབྱི་ཀྲང་མི་ཆོས་སྤྱི་ཚོགས་ཚན་རིག་བྱ་དགའི་ཨང་དང་པོའི་བྱ་དགའ། སྐབས་དང་པོའི་ཀྲུང་གོ་དཔེ་སྐྲུན་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ། སྐབས་གསུམ་པའི་ཀྲུང་གོ་དཔེ་སྐྲུན་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ་སོགས་གང་མང་ཐོབ། དེ་བས། རེབ་འདིའི་རྒྱ་བོད་ཐ་སྙད་ཤན་སྦྱར་མ་ནི་ཚིག་མཛོད་ཚད་ལྡན་ཅན་དང་དབང་གྲགས་ཅན་འདིའི་པར་ཐེངས་བདུན་པ་སྟེ་མཐའ་མ་གཞིར་བཟུང་ནས་བསྒྱུར་བ་ཡིན་པས་མ་ཡིག་གཞན་དང་མི་འདྲ་བར་ཧ་ཅང་ཁུངས་དག་ཅིང་བཙུན་པ་ཡིན་ཞེས་ཅིས་ཀྱང་སྨོས་ཆོག་གོ །
གཉིས་པ། སྒྱུར་མཁན་ལོ་ཙཱ་བའི་སྐུ་ཡོན་ཆེ་བ།
       སྤྱི་ཚོགས་ཀྱི་ལས་གང་ཞིག་ཡིན་རུང་ལས་དེའི་སྒྲུབ་མཁན་ལ་ཆ་རྐྱེན་ངེས་ཅན་ཞིག་འཛོམས་དགོས་ལ། དེ་བཞིན་དུ་འཛམ་གླིང་སྟེང་ཆེས་རྙོག་འཛིང་ཆེ་བའི་ལས་རིགས་ཤིག་ཏུ་བརྩི་བཞིན་པའི་ལོ་ཙཱའི་ལས་ཀ་བྱེད་མཁན་ལ་ཡང་དམིགས་བསལ་གྱི་ཆ་རྐྱེན་ངེས་ཅན་ཞིག་ལྡན་དགོས་པ་ཡིན། ལྷག་པར་དུ་ལོ་ཙཱ་བའི་སྤུས་ཚད་ཇི་ལྟར་མཐོ་ན་འགྱུར་གྱི་སྤུས་ཀྱང་དེ་བཞིན་དུ་ལེགས་སྲིད་པ་ཡིན་ཞིང་དེ་ལས་ལྡོག་སྟེ་ལོ་ཙཱ་བའི་སྤུས་ཚད་ཞན་ཚེ་འགྱུར་གྱི་རྒྱུ་སྤུས་ཀྱང་ངང་ངམ་ཤུགས་ཀྱིས་ཞན་པ་ཡིན། དེ་བས་ལོ་རྒྱུས་སྟེང་སྔ་འགྱུར་རྙིང་མ་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་ཚུལ་བརྗོད་དུས་སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ་དེ་ནང་གསེས་གལ་ཆེན་ཞིག་ཏུ་བརྩིས་ཏེ་འདི་ལྟར་གསུངས་ཡོད་དེ། “སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་བའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པས་གོ་སླ་ཞིང་དབྱིངས་འཇལ་བ་ལ་རླབས་ཆེ་ཞིང…”[7]ཞེས་དང་། “ས་བཅུ་དབང་ཕྱུག་འཕགས་པ་ཀུན་ཏུ་བཟང་པོ་ཉིད་མི་ཡི་ཚུལ་བཟུང་བ་རྣམ་སྣང་ལོ་ཙཱ་བ་ཆེན་པོ་སོགས་ཆོས་ཀྱི་གཏིང་དཔོག་པ། དགོངས་པའི་རྩལ་རྫོགས་པ། གྲུབ་པའི་མཚན་རྟགས་མངོན་དུ་འཆང་བ། རྗེ་འབངས་ཉེར་ལྔ་སོགས་དམ་པ་མང་པོ་འདུས་པ་ཡིན་ཏེ། སྒྲ་སྒྱུར་བརྒྱ་རྩ་བརྒྱད་སོགས་འཛོམས་ནས་དང་པོ་གཞུང་བོད་སྐད་དུ་བསྒྱུར། དེའི་ཚིག་དོན་ལ་པཎ་ཆེན་རྣམས་དཔང་པོར་བྱས་ནས་ཞུས་དག་བྱས། དེ་ནས་འཆད་ཉན་གྱིས་གཏན་ལ་ཕབ་པ་ཡིན་པས་ཁྱད་པར་དུ་འཕགས”[8]ཞེས་གསུངས། དེང་རབས་ལོ་ཙཱའི་གཞུང་རྣམས་སུ་ཡང་ལོ་ཙཱ་བ་ལ་དམིགས་བསལ་གྱི་ཆ་རྐྱེན་ངེས་ཅན་འཛོམས་དགོས་པར་ནན་གྱིས་གསུངས་ཡོད་དེ། ཀྲའོ་ཀུའེ་ཧྭ་ཡི«ལོ་ཙཱའི་གཞུང་ལུགས་དང་ཐབས་རྩལ»ཞེས་པར། “ལོ་ཙཱ་བ་ལ་འཛོམས་དགོས་པའི་ཆ་རྐྱེན་གསུམ་སྟེ། གཅིག་ནས་ལོ་ཙཱའི་གཞུང་ལུགས་དང་ཐབས་རྩལ་ལ་རྒྱུས་མངའ་ཡོད་དགོས་པ་དང་གཉིས་ནས་སྐད་གཉིས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་དང་ཤེས་བྱའི་རྒྱ་བསྐྱེད་པ། གསུམ་ནས་སྡུག་རུས་ཆེ་བ་ཡིན་དགོས་པ”[9]ཞེས་དང་། ཀུའེ་ཆན་ཡོན་གྱི«ལོ་ཙཱ་རིག་པའི་སྤྱི་བཤད»ཅེས་པར“ལོ་ཙཱ་བ་ལ་འཛོམས་དགོས་པའི་རྨང་གཞིའི་ཆ་རྐྱེན་ལྔ་སྟེ། ལོ་ཙཱའི་བྱ་བ་ལ་རྣམ་འགྱུར་ཡང་དག་ཅིག་འཛིན་པ་དང་། སྒྱུར་བྱེད་སྐད་ཀྱི་ཤེས་བྱ་ངེས་ཅན་ཡོད་པ། བསྒྱུར་བྱའི་སྐད་ཀྱི་ཤེས་བྱ་ངེས་ཅན་འཛོམས་པ། ཤེས་བྱ་སྣ་ཚོགས་ལ་མཁས་པ། ལོ་ཙཱའི་ཐབས་རྩལ་ལ་བྱང་བ་བཅས་སོ། །”[10]ཞེས་གསུངས་སོ། །
       དེ་བཞིན་དུ་བྱེ་བྲག་རྒྱ་བོད་ལོ་ཙཱ་བ་ལ་མཚོན་ན་ཐོག་མར་ངེས་པར་དུ་རྒྱ་བོད་སྐད་གཉིས་ཀྱི་རྨང་གཞིའི་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས་ཤིང་། སྐད་ཡིག་གཉིས་ཀྱི་ཐ་སྙད་དང་བརྗོད་པ་ངེས་དགོས་པ་མ་ཟད་བརྗོད་བྱའི་ཚིག་གི་གྲུབ་ལུགས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས། བརྗོད་བྱ་མཚོན་སྟངས་བཅས་རྟོགས་དགོས་པ་དང་། བརྡ་དུས་ཀྱི་ཐ་སྙད་དང་བརྡ་སྤྲོད། སྐད་ཆའི་གནས་བབ། ཚིག་གི་རྣམ་པ་དང་སྡེབ་ལུགས་བཅས་ཕྱོགས་མང་པོ་ནང་བྱན་ཆུད་དགོས། དེ་ནས་ལོ་ཙཱའི་གཞུང་ལུགས་དང་ཐབས་རྩལ་ལ་རྒྱུས་མངའ་ངེས་ཅན་ཞིག་ཡོད་པར་བྱས་ནས་སྐད་ཆའི་གནས་སྐབས་སམ་ཚིག་གོང་འོག་གི་བརྗོད་དོན་ལ་ལེགས་པར་བསྟུན་ཏེ་སྐད་དོན་གང་ཡིན་སྲོག་ཏུ་འཛིན་པ་དང་། སྒྱུར་བྱེད་སྐད་ལ་གནད་དུ་ཁེལ་བར་བྱས་ནས་དོན་སྒྱུར་བྱ་རིགས་ན་དོན་སྒྱུར། ཐད་སྒྱུར་བྱ་རིགས་ན་ཐད་སྒྱུར། སོར་འཇོག་བྱ་རིགས་ན་སོར་འཇོག གཞན་ད་དུང་རྒྱ་བོད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ། ཀློག་པ་པོའི་དགོས་མཁོ་ལྟར་བསྒྱུར་བྱ་གང་ཉིད་རང་འགྱུར་བྱ་རིགས་པ་རྣམས་རང་འགྱུར། གཞན་འགྱུར་བྱ་རིགས་པ་གཞན་འགྱུར། དེ་མིན་རྩོམ་ལུས་དང་ལོ་ཙཱ། རིག་གནས་དང་ལོ་ཙཱ་སོགས་ཀྱི་འབྲེལ་བ་ཇི་བཞིན་རྟོགས་ནས་བསྒྱུར་བྱའི་ནང་དོན་ཡང་དག་ཅིག་ཡོང་བར་རྩ་བའི་སྒྱུར་ཐབས་གསུམ་དང་ཡན་ལག་གི་སྒྱུར་ཐབས་བཅུ་སོགས་གང་འགབ་ཏུ་སྤྱོད་རྒྱུ་དེ་ཡིན་ཞིང་། དེའི་ཁར་ད་དུང་རྒྱ་བོད་རིག་གནས་མང་པོར་མཐོང་རྒྱ་ཆེ་ཞིང་ཅི་ཡང་ཤེས་རྟོགས་ཡོད་པ་ཞིག་ཡིན་དགོས་ཏེ། སྟེང་གི་གནམ་གཤིས་རིག་པ་ནས་འོག་གི་ས་ཁམས་རིག་པ། བར་ཡུལ་གྱི་གོམས་ལུགས་དང་ལུང་པའི་སྐད་སྲོལ། ལོ་རྒྱུས་ཀྱི་དོན་རྐྱེན་སོགས་ཕྱོགས་གང་ལ་ཡང་གསལ་ཆ་ཆེ་བ་ནི་ལོ་ཙཱ་ལེགས་འགྲུབ་བྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ། །
       དེ་ན་ད་རེས«དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»བོད་ཡིག་ཏུ་སྒྱུར་མཁན་དག་ལ་ནི་གོང་སྨྲས་ཆ་རྐྱེན་དེ་དག་ཚང་བ་ཡིན་ཞེས་སྨོས་ཆོག་སྟེ། དེ་ཡང་རིམ་པར་ཅུང་ཙམ་བརྗོད་ན།
       དེ་ལས་གཙོ་སྒྲིག་པའི་འགན་བཞེས་པའི་ཞུས་ཆེན་པ་སངས་རྒྱས་ལགས་ནི་དེང་གི་ཆར་བོད་གངས་ཅན་ན་མིང་དུ་གྲགས་པའི་རྒྱ་བོད་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། ཁོང་གིས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ལོ་ཙཱའི་བྱ་བ་གཉེར་ཞིང་སྔ་ཕྱིར་དངོས་གཞི་དང་ཞིབ་འཇུག་སློབ་མ། འབུམ་རམས་པ་སོགས་ལ་རྒྱ་བོད་ལོ་ཙཱའི་སློབ་ཁྲིད་གནང་བ་དང་། «སྔོན་གཤེགས་དཔའ་བོའི་སྙན་ངག་ཚན་བཤུས་»དང་«མཚོ་སྔོན་ལ་དགའ་བའི་གླུ་དབྱངས» «སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ» «འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས» «ཡིག་གསུམ་མདོ་རྙིང་མ» «ཡིག་སུམ་མདོ་གསར་མ» «མཛངས་བླུན་ཞེས་བྱ་བའི་མདོ»སོགས་བོད་ཡིག་ཏུ་བསྒྱུར་བ་མ་ཟད། «མཐོ་རིམ་སློབ་གསོའི་ཉེར་མཁོའི་མིང་བརྡ་ཁ་ཤས་ཀྱི་སྒྱུར་ཚུལ་བཤད་པ་ཀེ་ཏ་ཀ་ཡི་ནོར་བུ»དང«བོད་ཀྱི་རྩོམ་རིག་ཡིག་སྒྱུར་སྐོར་བཤད་པ་དྲང་སྲོང་དགྱེས་པའི་འབེལ་གཏམ»སོགས་ལོ་ཙཱའི་དཔྱད་འབྲས་མང་པོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྣ་ཚོགས་སྟེང་སྤེལ་བ་དང་། སྔ་ཕྱིར་ལྗོངས་ཞིང་ལྔའི་སློབ་དེབ་རྩོམ་སྒྲིག་གི་ཀྲུའུ་རེན་དང་། གངས་རྒྱན་ན་ཆུང་ཚགས་པར་དང་སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ། «གྲངས་རིག་པ»དང«དངོས་ལུགས་རིག་པ»སོགས་རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་ཀྱི་ཞུས་ཆེན་པ་བཅས་ཀྱི་འགན་བཞེས་མྱོང་ངོ་། །
       ཞུས་ཆུང་ལོ་ཙཱ་བ་རྡོ་རྗེ་རིན་ཆེན་ལགས་ནི་གསར་འགྱུར་ལས་ཁུངས་སུ་རྩོམ་སྒྲིག་པ་དང་ལོ་ཙཱ་བ། ཞུས་ཆེན་པ་བཅས་ཀྱི་ཕྱག་ལས་མི་ལོ་ཞེ་གཉིས་རིང་གནང་ཞིང་། རླུང་འཕྲིན་ཟློས་གར་དང་སྙན་ཞུ་རྩོམ་རིག སྒྲུང་གཏམ་གྲགས་ཅན། བྱིས་སྒྲུང་གྲགས་ཅན། རྒྱའི་གནའ་བོའི་སྙན་ངག་གྲགས་ཅན་མང་བོ་བསྒྱུར་བས་ལོ་ཙཱའི་ལག་ལེན་ཕུན་སུམ་ཚོགས་ལ། «དཔལ་ལྡན་ཡབ་མེས་རྒྱལ་ཁབ»དང«ལེ་གསོལ» «འཇིག་རྟེན་སྐྱེ་བོའི་བློ་སྒོ་འབྱེད་པའི་དཔེ་མཚོན་གཏམ་རྒྱུད101»སོགས་བོད་ཡིག་ཏུ་བསྒྱུར་བ་མ་ཟད། «རྒྱ་བོད་ཡིག་སྒྱུར་གྱི་ལས་སུ་འཇུག་པའི་སྒོ་མོ་དང་པོ་སྟེ། སྒྱུར་བའི་ཐབས་ལམ་སྐོར་རགས་ཙམ་གླེང་བ»དང«གསར་འགྱུར་ལོ་ཙཱའི་ཁྲོད་ཁོང་དུ་ཆུད་དགོས་པའི་རྒྱུན་ཤེས་འགའ»སོགས་ལོ་ཙཱའི་དཔྱད་འབྲས་མང་བོ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྣ་ཚོགས་སྟེང་སྤེལ།
       ཞུས་ཆུང་ལོ་ཙཱ་བ་ཕག་མོ་དོན་གྲུབ་ལགས་ནི་ལྗོངས་ཞིང་ལྔའི་བསླབ་གཞི་རྩོམ་སྒྱུར་བྱ་བར་བྱས་རྗེས་ཆེ་ཞིང་། ཁོང་གིས་སྔ་ཕྱིར་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ཁང་གི་ཡིག་སྒྱུར་བ་དང་། ལྗོངས་ཞིང་ལྔའི་བོད་རིགས་སློབ་གསོ་མཉམ་ལས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན། སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྤྱིའི་གཙོ་སྒྲིག་པ། རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས8པ་དང9པའི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་ཏེ། ཆབ་སྲིད་དཔལ་འབྱོར་རིག་པ་དང་། མཚན་ཉིད་རིག་པ། སློབ་གསོ་རིག་པ། ས་རྒྱུས། ལོ་རྒྱུས། ཆབ་སྲིད་སོགས་སློབ་མའི་སྤྱོད་དེབ་དང་དགེ་རྒན་གྱི་སྤྱོད་དེབ་སྣ་ཚོགས་བསྒྱུར་པ་དང་། ལྗོངས་ཞིང་ལྔའི་ཆེད་མཁས་པ་མང་པོ་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་རིག་ཚན་ཁག་གི་བརྡ་ཆད་བསྒྱུར་ཅིང་གཏན་ལ་ཕབ་སྟེ«རྫས་འགྱུར་རིག་པ»དང«རྩིས་འཁོར» «སྐྱེ་དངོས་རིག་པ» «ས་ཁམས་རིག་པ»སོགས་རང་བྱུང་ཚན་རིག་གི་བརྡ་ཆད་ཚིག་མཛོད་རྒྱ་བོད་དབྱིན་གསུམ་ཤན་སྦྱར་མ་དེབ་དྲུག་པར་དུ་བསྐྲུན(ཐ་སྙད་ཁྲི20ལ་ཉེ་བ་ཙམ)ནས། ལྗོངས་ཞིང་ལྔའི་བསླབ་གཞི་རྩོམ་སྒྱུར་དང་རང་བྱུང་ཚན་རིག་ཚིག་མཛོད་སྒྲིག་སྒྱུར་སོགས་ཀྱི་བྱ་བ་ལ་བྱས་རྗེས་ཆེན་པོ་བཞག་གོ །
       ལོ་ཙཱ་བ་སྙིང་བོ་རྒྱལ་ལགས་ནི་རྒྱ་བོད་བཅའ་ཁྲིམས་ལོ་ཙཱའི་ཐད་ཀྱི་དབང་གྲགས་མི་སྣ་སྟེ། མི་ལོ་སུམ་ཅུ་ལྷག་གི་རིང་བོད་འབྲེལ་ས་ཁུལ་དུ«རྒྱ་བོད་བཅའ་ཁྲིམས་ལོ་ཙཱ»དང«རྩ་ཁྲིམས་རིག་པ» «ཁྲིམས་གཞི་རིག་པ» «དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས» «དམངས་དོན་རྩོད་གཞི་དང་འདུམ་སྒྲིག»སོགས་ཀྱི་སློབ་ཁྲིད་གནང་སྟེ་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་བའི་སློབ་མ་བགྲང་ལས་འདས་པ་བསྐྱངས་པ་དང་། ཞོར་དུ«རྒྱ་བོད་ཤན་སྦྱར་ཁྲིམས་ལུགས་རིག་པའི་ཚིག་མཛོད»དང«ཞིང་སྡེའི་དམངས་དོན་རྩོད་གཞི» «དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་འགྲེལ་བཤད» «ཞིང་སྡེའི་བཅའ་ཁྲིམས་སློབ་གསོའི་སྲིད་ཇུས» «དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དོན་འགྲེལ» «ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྒྱུན་བཀོད་ཁྲིམས་འཛིན་འགྲེལ་བཤད་དང་མཛུབ་སྟོན་གྱོད་དཔེའི་རྒྱ་བོད་སྐད་གཉིས་ཁྲིད་སྟོན་ཀློག་དེབ»(སྟོད་ཆ་དང་སྨད་ཆ།) «རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད» «རྒྱུན་སྤྱོད་བཅའ་ཁྲིམས་བདམས་སྒྲིག»སོགས་བསྒྱུར་ནས་བོད་འབྲེལ་ས་ཁུལ་དུ་རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཐ་སྙད་ཀྱི་ཚིག་མཛོད་མེད་པའི་སྟོང་ཆ་བསྐངས་ཤིང་། བཅའ་ཁྲིམས་ཀྱི་མིང་བརྡ་གཅིག་གྱུར་ཡོང་བ་དང་། སྲིད་ཁྲིམས་ལས་གཉེར་མཁན་དང་སློབ་མ་རྣམས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་དང་ལོ་ཙཱ་བྱེད་པ་སོགས་ཀྱི་ཐད་ལ་མཛད་རྗེས་ཤིན་ཏུ་ཆེ།
       ལོ་ཙཱ་བ་བུམ་ཚེ་ལགས་ནི་མི་ལོ་སོ་ལྔའི་རིང་བོད་ཡིག་བསླབ་གཞིའི་ལོ་ཙཱའི་ཕྱག་ལས་གཉེར་ཏེ། སྔ་ཕྱིར་སློབ་ཆུང་ནས་མཐོ་འབྲིང་བར་གྱི«གྲངས་རིག»དང«དངོས་ལུགས» «སྐྱེ་དངོས» «རྫས་འགྱུར»བཅས་བསླབ་ཚན་གྱི་སློབ་དེབ་དང་དགེ་རྒན་གྱི་ཁྲིད་དེབ། སྦྱང་གཞི་ལྷན་ཐབས་སོགས་དེབ་བརྒྱ་ཕྲག་དུ་མ་ལོ་ཙཱ་དང་ཞུ་དག་བྱས་ནས་མདོ་དབུས་ཁམས་གསུམ་ལ་རྩིས་དངོས་རྫས་གསུམ་དང་སྐྱེ་དངོས་བཅས་ཀྱི་བོད་འགྱུར་སློབ་དེབ་དཀོན་པའི་ཁ་བསྐངས་པས་བོད་ཡིག་རྩིས་ཚན་བསླབ་གཞི་རྩོམ་སྒྱུར་དང་འཛུགས་སྐྲུན་ཐད་བྱས་རྗེས་ཤིན་ཏུ་ཆེ།
       ལོ་ཙཱ་བ་གྲོ་ཚང་ཚེ་རིང་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་དང་མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཁུར་མྱོང་ཞིང་། ལོ་ངོ་སུམ་ཅུ་ལྷག་གི་རིང«རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ»སོགས་ཚིག་མཛོད་སྣ་ཚོགས་ལོ་ཙཱ་དང་ཞུས་གཏན་གྱི་ལས་ལ་འགན་འཛིན་བྱས་པས་ཉམས་མྱོང་གིས་ཕྱུག
       ལོ་ཙཱ་བ་རྨོག་རུ་དོན་གྲུབ་ཚེ་རིང་ལགས་ནི་ལོ་ངོ་སུམ་ཅུའི་རིང་སློབ་ཆེན་དུ་རྩོམ་རིག་དགེ་རྒན་གྱི་ཕྱག་ལས་གཉེར་ཞོར། རྩོམ་རིག་བརྩམས་ཆོས«རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས»དང«བདག་གི་ངོས་གཉིས་དང་འབྲེལ་བའི་གླུ་དབྱངས» «མཚོ་ལ་ཁ་གཏད་དཔྱིད་འཇམ་མེ་ཏོག་རྣམ་པར་བཞད» «དེང་རབས་རིང་ལུགས་པའི་རྩོམ་རིག་སྐོར་གྱི་རྒྱུན་ཤེས་བློ་གསར་མགུལ་རྒྱན» «དར་ལྕོག་ལྟ་བུའི་སྨོན་འདུན» «རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»«ཀྲུང་ཧྭའི་བསྟན་བཅོས་གྱེར་ཀློག»སོགས་བོད་ཡིག་ཏུ་བསྒྱུར་ཏེ་རྩོམ་རིག་ལོ་ཙཱའི་ཐད་ལ་མཛད་རྗེས་ཆེ་ཞིང་མཁས།
       ལོ་ཙཱ་བ་རྡོ་རྗེ་ཐར་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་དངོས་གཞི་སློབ་མར་ལོ་ཙཱའི་སློབ་ཁྲིད་དང་མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ་ཀྱི་འགན་གཙོ་བོ་ཁུར་བའི་ཞོར་དུ་རྒྱ་བོད་ལོ་ཙཱའི་སྐོར་ལ་མཐའ་དཔྱོད་མང་དུ་མཛད་དེ། «རྒྱ་བོད་ལོ་ཙཱའི་ཁྲོད་ཀྱི་སྒྲ་སྒྱུར་དང་འབྲེལ་བའི་གནད་དོན་ཚད་ལྡན་ཅན་དུ་གཏོང་བ»དང«བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་གནད་དོན་འགའ་མདོར་བསྡུས་སུ་གླེང་བ» «ཞན་ཙང་གི“བསྒྱུར་མི་རིགས་པ་ལྔ”དང་“སྒྲ་སྦྱོར་བམ་གཉིས”གཤིབ་སྡུར་ཞིབ་འཇུག»སོགས་ཀྱིས་མཚོན་པའི་རིག་གཞུང་དཔྱད་རྩོམ་དུ་མ་སྤེལ་མྱོང་ཞིང་དག་ཞུས་ལ་མཁས།
       ལོ་ཙཱ་བ་ཚེ་རིང་འཚོ་ལགས་ནི་རྒྱ་བོད་གཞུང་ཡིག་ལོ་ཙཱའི་ཐད་ལ་བྱས་རྗེས་ཆེ་བ་ཞིག་སྟེ། མི་ལོ་སུམ་ཅུ་ལྷག་གི་རིང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དུ་ཏང་སྲིད་གཞུང་ཡིག་ལོ་ཙཱའི་ཕྱག་ལས་མཛད་པ་དང་། སྔ་ཕྱིར«རྒྱ་བོད་ཤན་སྦྱར་གཞུང་ཡིག་མིང་མཛོད»དང«རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ» «རྒྱ་བོད་ཤན་སྦྱར་མི་འབོར་ཤེས་བྱའི་མིང་མཛོད» «ཧན་ནུབ་མའི་གཏམ་རྒྱུད»(སྟོད་སྨད་བར)སོགས་མཉམ་སྒྱུར་བྱས། «རྒྱ་བོད་རྒྱུན་མིང་ལོ་ཙཱའི་ཐབས་ལམ་རགས་ཙམ་གླེང་བ»དང«ལོ་ཙཱའི་ཁྲོད་ཀྱི་མིང་དོན་སྙེགས་ཚད་དང་འབྲེལ་བའི་བསམ་ཚུལ་འགའ» «རྒྱ་བོད་སྒོ་བྱང་ལོ་ཙཱའི་ཐད་ཀྱི་བསམ་ཚུལ» «ལོ་ཙཱའི་ཁྲོད་ཀྱི་རང་འགྱུར་དང་གཞན་འགྱུར་གྱི་ཐབས་ཇུས་རགས་ཙམ་གླེང་བ» «བརྡ་ཆད་གསར་པ་ཚད་ལྡན་མིན་པའི་ཉེས་སྐྱོན་དང་དེའི་འབྱུང་རྩ་གླེང་བ» «ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་གཞུང་ཡིག་ལོ་ཙཱ་རགས་ཙམ་གླེང་བ» «ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་ཀྱི་ཏང་སྲིད་གཞུང་ཡིག་ལོ་ཙཱ་བ་རྣམས་ལ་ཚང་དགོས་པའི་ཆ་རྐྱེན་གླེང་བ»སོགས་ལོ་ཙཱའི་དཔྱད་འབྲས་མང་པོ་ཞིང་ཆེན་རིམ་པའི་དུས་དེབ་སྣ་ཚོགས་སྟེང་སྤེལ་ཞིང་བྱ་དགའ་གང་མང་ཐོབ།
       ལོ་ཙཱ་བ་སྟག་ལྷ་ལགས་ནི་མཚོ་སྔོན་ཞིང་ཆེན་བོད་ཡིག་སློབ་དེབ་རྩོམ་སྒྱུར་ཅུས་ཀྱི་ཀྲུའུ་རེན་ཡིན་ཞིང་། ད་ལྟའི་བར་མི་རིགས་སློབ་ཆུང་དང་སློབ་འབྲིང་གི་སློབ་དེབ་མང་པོ་རྩོམ་སྒྱུར་བྱས་པ་དང་། «གཅེས་ཕྲུག་གིས་ཡི་གེ་སྦྱོང་བ»(དེབ་གསུམ། ཡིག་འབྲུ་ཁྲི30)དང«ཁེ་ལས་བཟང་པོ་ཇི་ལྟར་ལས་གཉེར་བྱེད་དགོས་སམ»(ཡིག་འབྲུ་ཁྲི28) «ངས་ཤོག་གུ་གཅིག་གྲོན་ཆུང་གིས་ཁོར་སྲུང་བྱེད» «ངས་ཆུ་ཐིགས་གཅིག་གྲོན་ཆུང་གིས་ཁོར་སྲུང་བྱེད»(དེབ་དྲུག ཡིག་འབྲུ་ཁྲི18)སོགས་སྒྱུར་རྩོམ་མང་པོ་པར་དུ་བསྐྲུན་ནས་བོད་ཡིག་སློབ་དེབ་རྩོམ་སྒྱུར་སོགས་ལ་མཛད་རྗེས་ཆེ།
       ལོ་ཙཱ་བ་ཀུན་བཟང་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ལོ་ངོ་སུམ་ཅུའི་རིང་རྩིས་འཁོར་སློབ་ཁྲིད་དང་ལོ་ཙཱ་བྱས་ཤིང་། «བོད་ཡིག་རྩིས་འཁོར་ཤེས་བྱའི་རྨང་གཞི་དང་ཉེར་སྤྱོད་ཁྲིད་དེབ»དང«རྩིས་འཁོར་དྲ་རྒྱ»སོགས་ཀྱིས་མཚོན་པའི་དེབ་མང་པོ་བསྒྱུར་ནས་ད་ལྟ་རྩིས་འཁོར་ལོ་ཙཱའི་སྣེ་ཁྲིད་པ་ལྟ་བུར་གྱུར་ཡོད།
       ལོ་ཙཱ་བ་བསྐལ་བཟང་འབུམ་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སྔ་ཕྱིར་ལོ་ངོ་ཉི་ཤུ་ལྷག་གི་རིང་སློབ་ཁྲིད་དང་ཞིབ་འཇུག་གནང་ཞིང་། «རྒྱ་བོད་ཚན་རྩལ་ལོ་ཙཱའི་ལག་ལེན་ལ་འཇུག་ཚུལ་རིགས་ལམ་རབ་གསལ་མེ་ལོང»ཞེས་པ་དང«ཕྱི་ཡོང་ཡིག་འབྲུའི་བསྡུས་མིང་གི་ལོ་ཙཱའི་ཐབས་ལམ་ལ་དཔྱད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས» «རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་དེང་རབས་སློབ་གསོ་རིག་པའི་མིང་མཛོད» «རྒྱ་བོད་བོད་རྒྱ་ས་ཁམས་རིག་པའི་རྨང་གཞིའི་ཐ་སྙད་ཕྱོགས་བསྒྲིགས»སོགས་ལོ་ཙཱའི་བརྩམས་ཆོས་བརྒྱད་པར་སྐྲུན་དང་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཞིང་ལག་ལེན་དང་གཞུང་ལུགས་ཉིས་ཆར་བྱང་།
       ལོ་ཙཱ་བ་པད་མ་ལྷུན་གྲུབ་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། གནའ་དཔེ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཞུས་ཆེན་ལོ་ཙཱ་བ་བཅས་ཀྱི་འགན་བཞེས་ཏེ། སྔ་ཕྱིར་ལོ་ཙཱའི་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་དུས་དེབ་སྣ་ཚོགས་སྟེང་སྤེལ་བ་དང་། རྒྱལ་ཁབ་པུའུ་ཨུ་དང་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་གི་ལས་གཞི་བཅུ་གསུམ་ཙམ་ལ་ཞུགས་ནས་ཡིག་ཚངས་འབོར་ཆེན་རྩོམ་སྒྲིག་དང་ཡིག་སྒྱུར་མཛད་མྱོང་བས་གྲགས་པ་ཆེ།
       ལོ་ཙཱ་བ་ཚེ་རིང་འབུམ་ལགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡིན་ཞིང་བརྡ་ཆད་གསར་བ་ལོ་ཙཱ་དང་ཞུས་དག་གཏན་འབེབས་ཀྱི་འགན་འཁུར་མུས་མཆིས་པ་མ་ཟད། ད་བར་དུ་རྩོམ་ལུས་སྣ་ཚོགས་སྐོར་གྱི་ཡིག་གྲངས་ཁྲི་ཉིས་བརྒྱ་ལྷག་གི་ལོ་ཙཱ་མཛད་མྱོང་།
       ལོ་ཙཱ་བ་རིག་འཛིན་གྱིས་ལོ་ངོ་སུམ་ཅུའི་རིང་སློབ་ཆེན་དུ་དངོས་གཞི་དང་ཞིབ་འཇུག་སློབ་མར«རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན»དང«རྒྱ་བོད་འགྱུར་རྩོམ་གྲགས་ཅན་རོལ་མྱོང» «ལོ་ཙཱའི་གཞུང་ལུགས་སྤྱི་བཤད» «རྩོམ་ལུས་དང་ལོ་ཙཱ» «རིག་གནས་དང་ལོ་ཙཱ» «རྒྱ་བོད་བརྡ་སྤྲོད་ཞིབ་སྡུར»སོགས་ཀྱི་སློབ་ཁྲིད་བྱས་ཤིང་། སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་ལོ་ཙཱའི་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་བ་དང་། «རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག»དང«རྒྱ་བོད་འགྱུར་རྩོམ་གྲགས་ཅན་དང་མྱོང་དཔྱད» «བོད་ཀྱི་ཡིག་ཚངས་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་སྐོར་གྱི་ཞིབ་འཇུག»སོགས་དཔེ་དེབ་བདུན་པར་སྐྲུན་བྱས།
       མདོར་ན་རེབ་འདིའི་ལོ་ཙཱ་བ་དག་ནི་རྒྱ་བོད་སྐད་གཉིས་ཀྱི་རྨང་གཞི་བརྟན་ཞིང་ལོ་ཙཱའི་གཞུང་ལུགས་ལ་ཐོས་བསམ་ཆེ་བ། རིག་གནས་སྣ་ཚོགས་ཀྱི་ཤེས་བྱ་ལ་གོམས་འདྲིས་ཟབ་པ། ལྷག་པར་དུ«དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་སྣ་འཛོམས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ནས། མཐོ་རིམ་སློབ་གྲྭ་དང་སློབ་དེབ་རྩོམ་སྒྱུར་ཁང་། མི་རིགས་སྐད་ཡིག་དང་སྲིད་གཞུང་ལོ་ཙཱའི་ལས་ཁུངས་སོགས་ནས་རིག་ཚན་སྣ་མང་གི་ཆེད་ལས་ལོ་ཙཱ་བ་བཅུ་ཕྲག་ལྷག་གདམ་གསེས་ལེགས་སྤྱོད་དང་སྟོབས་ཤུགས་ཧྲག་བསྡུས། དྲག་དྲག་མཉམ་འབྲེལ་བྱས་ཡོད་པས་དམིགས་བསལ་གྱི་ཁྱད་ཆོས་ལྡན་ནོ། །
གསུམ་པ། སྒྱུར་བྱེད་གཞུང་གི་རྒྱ་ཡིས་བསྡམས་པ།
       གཞུང་ལུགས་གང་ཞིག་ཡིན་རུང་ལག་ལེན་ལས་བྱུང་ཞིང་ཕྱིར་ལག་ལེན་ལ་མཛུབ་སྟོན་བྱེད་པ་ཞིག་ཡིན་ཞིང་། ལོ་ཙཱའི་གཞུང་ལུགས་ཀྱང་དེ་ལས་མ་འདས་པར་ལོ་ཙཱའི་ལག་ལེན་ཁྲོད་ཀྱི་ཆོས་ཉིད་ལྡན་པ་རྣམས་ཕྱོགས་སྡོམ་བྱས་ནས་ལོ་ཙཱའི་ལས་དོན་དངོས་ལ་མཛུབ་སྟོན་གྱི་ནུས་པ་འདོན་པ་ཞིག་ཡིན། ལོ་ཙཱའི་གཞུང་ལུགས་ཀྱི་ནུས་པ་ལ་བྱེ་བྲག་ཏུ་ངེས་རྟོགས་ཀྱི་ནུས་པ་དང་ལག་བསྟར་གྱི་ནུས་པ། དག་བཅོས་ཀྱི་ནུས་པ་གསུམ་ཡོད་ཅིང་། དེ་ལས་དག་བཅོས་ཀྱི་ནུས་པ་ཞེས་པ་ནི་ལོ་ཙཱའི་བྱ་བ་ཡང་དག་དང་གཅིག་གྱུར། ཚད་ལྡན་དུ་གཏོང་བར་བྱེད་པ་དེའོ། །དེ་བས་ང་ཚོས་ལོ་ཙཱའི་ལས་གང་ཞིག་བསྒྲུབ་ཀྱང་གཞུང་ལུགས་ངེས་ཅན་ཞིག་རྒྱབ་རྟེན་དུ་འཛིན་པ་ནི་ཧ་ཅང་གལ་འགངས་ཆེ་སྟེ། གལ་ཏེ་གཞུང་ལུགས་ཀྱི་མཛུབ་སྟོན་མེད་ཚེ་ལག་ལེན་རྐྱང་བ་ནི་གྱོལ་བོ་དང་ཐ་ན་ཞ་ར་ལྟ་བུ་ཡིན། དེའི་ཕྱིར་རང་རེའི་ལོ་རྒྱུས་སྟེང་སངས་རྒྱས་ཆོས་ལུགས་བོད་ཡིག་ཏུ་བསྒྱུར་བར་བརྡ་ཆད་སོགས་གཅིག་གྱུར་དང་ཚད་ལྡན་ཡོང་ཆེད་རྒྱལ་བློན་གདན་འཛོམས་ནས་ལོ་ཙཱའི་རྩ་དོན་དང་ཚད་གཞི། སྒྱུར་ཐབས། མཉམ་འཇོག་དགོས་ས་སོགས་གཏན་ལ་ཕབ་སྟེ«སྒྲ་སྦྱོར་བམ་པོ་གཉིས་པ»བཟོས་ཤིང་བཀས་བཅད་པ་དང་། རྒྱུ་རྐྱེན་དེ་སོགས་ལ་བརྟེན་ནས་དེང་སྐབས་འཛམ་གླིང་ན་རླུང་ལྟར་གྲགས་པའི་བོད་འགྱུར་སྤུས་དག་མ་འདི་བྱུང་བ་ཡིན་ནོ། །དེ་དང་མཚུངས་པར་དགའ་ལྡན་ཕོ་བྲང་དུས་སུ«བསྟན་འགྱུར»ཧོར་ཡིག་ཏུ་སྒྱུར་སྐབས་ཀྱང་ལྕང་སྐྱ་རོལ་བའི་རྡོ་རྗེ་གཙོ་བྱས་པའི་ལོ་ཙཱ་བ་མང་པོས་ཐོག་མར་དེ་འཚམ་གྱི་ལོ་ཙཱའི་ཚད་གཞི་དང་སྒྱུར་ཐབས་བྱེ་བྲག་པ་མང་པོ་གཞུང་ལུགས་ཀྱིས་གཏན་འབེབས་ཡང་དག་གནང་ངོ་། །ད་རེས«དེང་རབས་རྒྱ་ཡིག་ཚིག་མཛོད»བོད་ཡིག་ཏུ་སྒྱུར་དུས་ཀྱང་ལོ་རྒྱུས་ཀྱི་ཉམས་མྱོང་དེ་དག་ཟུར་བལྟའི་མེ་ལོང་དུ་བཟུང་སྟེ་སྔ་ཕྱིར་གྲོས་སྡུར་དང་དཔྱད་ཞིབ་ཡང་ཡང་བྱས་ཐོག དགོས་ངེས་ཀྱི་རྩ་དོན་ཉེར་གཉིས་ཅན་ཞིག་དང་བཅུ་གསུམ་ཅན་གཉིས་རིམ་པར་བཏོན་ཞིང་། དེ་ལས་ཐ་སྙད་ལོ་ཙཱ་ལ་གཙོ་ཆེར་དམིགས་ནས་རྩ་དོན་ཆེན་པོ་བཞི་དང་བླང་བྱ་ལྔ་སོགས་གཏན་དུ་ཕབ་སྟེ་ས་ལ་ལྕགས་ཀྱི་གཟེར་བུ་བཏབ་པ་བཞིན་མི་འཆོར་བར་བྱས་སོ། །དེ་ལས་རྩ་དོན་ཆེན་པོ་བཞི་ནི་འདི་ལྟ་སྟེ།
       གཅིག ཆ་ཚང་གི་རང་བཞིན། དེ་ནི་མ་ཡིག་གི་མིང་དང་ཐ་སྙད་གང་ཞིག ཇི་མ་ཇི་བཞིན་དུ་བསྒྱུར་དགོས་པ་ལས་རང་དགར་གྱིས་དོར་བའམ་འཕྲི་བའམ། ལུས་པའམ་སླ་སྒྱུར་བྱ་མི་རུང་། མིང་ཞིག་གམ་འཇུག་ཡུལ་གྱི་དོན་གང་ཞིག་རྒྱུ་མཚན་དང་ལྡན་པར་བཀྲལ་ཏེ་དེང་རབས་རྒྱ་ཡིག་གི་ངོ་བོ་དེ་ཆ་ཚང་བ་དང་མ་ལག་ལྡན་པར་བོད་ཡིག་ཏུ་བསྒྱུར་ཐོག རྒྱ་ཡིག་དང་བོད་ཡིག་གཉིས་དེང་རབས་སྐད་ཡུལ་ནང་དུ་འོ་ཆུ་བཞིན་དུ་འདྲེས་ཏེ། རྒྱ་བོད་སྐད་གཉིས་གཅིག་ལ་གཅིག་གྲོགས་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན་རྒྱུ་དེ་ཡིན།
       གཉིས། ཡང་དག་རང་བཞིན། དེ་ནི་མ་ཡིག་གི་མིང་ཚིག་གང་ཞིག་བོད་ཡིག་ཏུ་བསྒྱུར་རྗེས། དེའི་མིང་གི་ངོ་བོ་མི་འགྱུར་ཞིང་ནང་དོན་དང་འཇུག་ཡུལ་ཡང་མི་འགྱུར་བར་དེང་རབས་རྒྱ་བོད་སྐད་བརྡའི་ཁྱད་ཆོས་ལྟར་མིང་དང་ཚིག་གི་སྦྱོར་ལུགས། བརྡ་དོན་དང་བརྡ་སྦྱོར་ཤེས་བྱ་བཅས་ཀྱི་ཐད་དུ་འདེམ་གསེས་རང་བཞིན་དང་ཚད་ལྡན་རང་བཞིན་འབུར་དུ་བཏོད་དེ། མིང་གཟུགས་སྒྱུར་བ་དང་མིང་དོན་སྒྱུར་བ་གཉིས་གཞི་གཅིག་ཏུ་བསྡུས་ནས། སློབ་སྦྱོང་བྱེད་མཁན་དང་བཀོལ་སྤྱོད་བྱེད་མཁན་ལ་རྣམ་པ་གསར་རྐྱང་གི་སྐད་ཡིག་མ་དཔེ་ཞིག་འདོན་སྤྲོད་བྱ་རྒྱུ་དེ་ཡིན།
       གསུམ། བསྡུས་གཙང་རང་བཞིན། དེ་ནི་ཚིག་མཛོད་འདིའི་ནང་གི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གཏམ་དཔེ་དང་ཚིག་གྲུབ་འདུས་པའི་མིང་ཚིག་གང་ཞིག་བོད་ཡིག་ཏུ་བསྒྱུར་ཚེ། ཡིག་འབྲུ་ཉུང་ཞིང་ཚིག་བསྡུས་པ། བརྗོད་བདེ་ཞིང་གོ་སླ་བ། དེ་ལས་ཀྱང་བསྡུས་ཤིང་གཙང་བར་བྱེད་པ་དེ་གསར་སྐྲུན་གྱི་ཆ་དང་དགེ་འདོན་གྱི་ཆ་རུ་བརྩིས་ནས་བློ་ཤུགས་ཆེན་པོ་བཏོན་ཅིང་། དེ་སྔའི་ཚིག་མཛོད་མི་ཉུང་བའི་ནང་དུ་གནས་པའི་འགྲེལ་བཤད་རང་བཞིན་གྱི་སྒྱུར་ཐབས་སྤོང་ཅི་ཐུབ་བྱས་ནས་ཚིག་རིང་ཞིང་ཉོག་པའི་སྐྱོན་བསལ་རྒྱུ་དེའོ། །
       བཞི། སྤྱོད་བདེ་རང་བཞིན། དེ་ནི་མ་ཡིག་གི་མིང་ཚིག་གང་ཞིག་བོད་ཡིག་ཏུ་བསྒྱུར་རྗེས། དེ་རྒྱུན་ལྡན་གྱི་སྐད་ཆའི་རྗོད་ཚིག་དང་ཡི་གེའི་རྗོད་གཏམ་གྱི་ནང་དུ་ཅི་བདེར་སྤྱོད་ཐུབ་པ་ཞིག་ཡིན་དགོས། བསྒྱུར་ཚིག་ལ་ལ་ནི་ཅུང་གྱོང་ཞིང་གོ་དཀའ་བར་སྣང་ནའང་དེང་རབས་རྒྱ་ཡིག་གི་ནང་གི་སྒྲིག་གཞི་དང་རྗོད་སྟངས་མི་ཉམས་པ་དང་། མིང་ཚིག་འདིའི་ཀུན་འཚམ་རང་བཞིན་དང་ཚད་ལྡན་རང་བཞིན་དེ་མ་ཉམས་པ་ཞིག་བྱེད་པར་འབད་བརྩོན་བྱ་དགོས།[11]
       དེ་མིན་གོང་སྨོས་ཀྱི་རྩ་དོན་བཞི་བོ་དེ་ཡིག་སྒྱུར་གྱི་ལག་ལེན་དུ་དོན་འཁྱོལ་བྱ་ཆེད། སླར་ཡང་བླང་བྱ་ལྔ་གཏན་ལ་ཕབ་པ་ནི་འདི་ལྟར་ཏེ།
       གཅིག རྒྱུན་འབྱམས་སུ་གྱུར་པའི་འགྱུར་མིང་ལ་བརྩི་འཇོག་བྱེད་དགོས་ཀྱང་བཏང་སྙོམས་མི་བྱ་སྟེ། བསྒྱུར་ནོར་རམ་འགྱུར་མི་དག་པ་ལ་འཕྲད་ཚེ་ཅིས་ཀྱང་སླར་སྒྱུར་བྱ་དགོས། དཔེར་ན་རྒྱ་ཡིག་གི“门诊”ཞེས་པ་དེ་བོད་ཡིག་ཏུ་“སྒོ་བསྟེན་སྨན་བཅོས”ཞེས་བསྒྱུར་པ་ཤས་ཆེ་མོད། དེར་ཞིབ་ཏུ་བསམས་ན“བསྟེན”ནི་དོན་མེད་ལྷག་སྒྱུར་གྱི་སྐྱོན་འདུག་པས་དོར་བར་རིགས། གཞན་ཡང“སྨན་བཅོས”ཞེས་པ་ལ་སྨན་པས་ནད་བརྟག་པའི་དོན་མི་འདུག་པས་དེ་ལའང་དོན་ལ་མི་འབྱོར་བའི་སྐྱོན་བྱུང་འདུག དེའི་ཕྱིར་སླར་སྒྱུར་བྱས་ནས“སྒོ་བརྟག”ཅེས་གཏན་ལ་ཕབ་ནས་རྒྱ་ཡིག་གི“诊”ཞེས་པའི་དོན་གསལ་བར་མཚོན་དགོས།
       གཉིས། ཡིག་ཐོག་གི་མིང་ཚིག་སྤྱོད་པ་གཙོ་བོར་འཇོག་ཀྱང་དགོས་ངེས་ཀྱི་ཁ་སྐད་དམ་ཡུལ་སྐད་ཀྱང་འོས་འཚམ་སྡུད་ལེན་ཐུབ་དགོས། རྒྱ་ཡིག་གི་མིང་ཚིག་གང་ཞིག་བོད་ཡིག་ཏུ་སྒྱུར་ཚེ། ཡིག་ཐོག་གི་མིང་བརྡ་སྤྱོད་པ་ལས་ཡོངས་སུ་མ་གྲགས་པའི་ཁ་སྐད་དང་ཡུལ་སྐད་སྤྱོད་མི་རུང་ངོ་། །ཡིན་ན་ཡང་རྒྱ་ཡིག་གི་མིང་ཚིག་ལ་ལ་ནི་བོད་ཡིག་གི་ནང་དུ་བརྗོད་དུ་མེད་པ་དང་སྒྱུར་མི་བཏུབ་ཅིང་། ཡུལ་སྐད་ཀྱི་ནང་དུ་དེའི་ཟླར་གྱུར་པའི་མིང་བརྡ་ཡོད་པ་མ་ཟད་སྤྱོད་རྒྱའང་ཆེ་བ་ཡིན་ན་སྡུད་ལེན་མི་བྱེད་ཀ་མེད་ཡིན། དཔེར་ན་རྒྱ་ཡིག་གི“秕子”ཞེས་པའི་མིང་དེ་ལ་བོད་ཡིག་གི་ནང་དུ་བརྗོད་ཚུལ་མེད་པ་དང་ཡག་པོ་ཞིག་སྒྱུར་དཀའ་ཡང་། ཨ་མདོའི་ཁ་སྐད་ནང་དུ“ཤི་ལ”ཞེས་བརྗོད་ཅིང་སྤྱོད་རྒྱ་ཆེ་བས། སྡུད་ལེན་མི་བྱེད་ཀ་མེད་དུ་གྱུར་ལ་མེད་པ་ཁ་གསབ་ཀྱི་དགོས་པའང་ཡོངས་སུ་གྲུབ་པ་ལྟ་བུའོ། །
       གསུམ། རྒྱ་ཡིག་གི་རིག་གནས་གོ་དོན་ཇི་བཞིན་དུ་མཚོན་དགོས། རྒྱ་ཡིག་གི་མིང་ཚིག་གང་ཞིག་ནང་དུ་གཏམ་རྒྱུད་དམ་གོ་དོན་ཁྱད་པར་བ་ཞིག་ཡོད་ཚེ། འགྱུར་ཡིག་གིས་ཀྱང་མ་ཡིག་གི་གོ་དོན་ཇི་བཞིན་དུ་མཚོན་ཅི་ཐུབ་བྱས་ཏེ། མ་ཡིག་གི་གཏམ་རྒྱུད་དང་རིག་གནས་རྒྱབ་ལྗོངས་དང་མཐུན་པར་བྱ་དགོས། དཔེར་ན་རྒྱ་ཡིག་གི“胸有成竹”ཞེས་པའི་མ་ཡིག་གི་དོན་ནི་སྨྱུག་མའི་རི་མོ་འབྲི་དུས་སེམས་སུ་སྨྱུག་མའི་གཟུགས་བརྙན་གསལ་བོ་ཞིག་ཡོད་དགོས་པ་སྟེ། བྱ་བ་གང་ཞིག་མ་སྒྲུབ་པའི་སྔོན་ལ་གང་ཅིའི་ཐད་ནས་གདེང་ཚོད་ཡོད་པ་ཞིག་བྱེད་དགོས་པ་དེ་ཡིན། མིང་ཚིག་འདི་ཉིད་སྔོན་ཆད་ཀྱི་རྒྱ་བོད་ཚིག་མཛོད་དུ་མའི་ནང་དུ“གདེང་ཚོད་ཡོད་པ”ཞེས་བསྒྱུར་འདུག་པ་སྤྱིའི་ཆ་ནས་མི་འགྲིག་པ་མེད་ཀྱང་། མ་ཡིག་གི་ཚིག་ཉམས་དང་ཡིད་ཡུལ་ཡོངས་སུ་ཤོར་བའི་སྐྱོན་མངོན་པར་གསལ་བས། “ཁོག་ན་སྨྱུག་མའི་རི་མོ་བཀྲ”ཞེས་བསྒྱུར་ཏེ་རྒྱ་ཡིག་གི་སྐད་བརྡའི་སྒྱུ་རྩལ་དང་རོ་ཉམས་དེ་ཇི་མ་ཇི་བཞིན་དུ་བོད་ཡིག་ཀློག་མཁན་དང་ཚིག་མཛོད་བཀོལ་སྤྱོད་བྱེད་མཁན་ལ་ངོ་སྤྲོད་བྱས་ནས་རྩོམ་རིག་གི་ཉམས་སྣང་མཚོན་པར་བྱེད་དགོས་པ་བཞིན་ནོ། །ཡང་དཔེར་ན། “班门弄斧”ཞེས་པའི་དོན་ནི་ལུའུ་པན(གནའ་བོའི་ཤིང་བཟོ་གྲགས་ཅན་ཞིག)གྱི་མདུན་དུ་སྟ་རེ་རྩེ་བ་སྟེ་འཇོན་པོའི་མདུན་དུ་ནུས་རྩལ་ངོམ་པའོ། །ད་ཡོད་ཀྱི་ཚིག་མཛོད་ནང་དུ“ཉི་མ་ལ་སྒྲོན་མེ། སངས་རྒྱས་ལ་ཀ་ཁ”ཞེས་བོད་ཀྱི་གཏམ་དཔེ་དྲངས་ནས་འགྱུར་ཡིག་གི་ཚབ་བྱས་ཡོད་པ་དེས་རྒྱ་ཡིག་གི་དོན་ལེགས་པར་མཚོན་ཡོད་ལ་གསོན་ཉམས་ལྡན་ཞིང་སྤྱོད་སྒོ་ཆེ་ནའང་། ཐ་སྙད་འདི་ཉིད་ཀྱི་ཚིག་འགྲེལ་སྒྱུར་དུས། ཇི་བཞིན་ཡོངས་སུ་བསྒྱུར་མི་བཏུབ་པར་ཐ་སྙད་དང་འགྲེལ་བ་སོ་སོར་ངོ་མི་འཕྲོད་པའི་སྐྱོན་འབྱུང་བས་ཡང་བསྐྱར་མི་བསྒྱུར་ཀ་མེད་ཡིན། དེ་བས“ལུའུ་པན་མདུན་དུ་སྟ་རེ་རྩེ”ཞེས་ཐ་སྙད་དང་ཚིག་འགྲེལ་ངོ་འཕྲོད་པར་བསྒྱུར་བ་ཅུང་ཟད་གོ་དཀའ་ཞིང་གྱོང་བར་སྣང་ནའང་། མ་ཡིག་གི་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཡོངས་སུ་མཚོན་པར་བྱས་པ་ལྟར་རོ། །
       བཞི། མིང་བདག་པོའི་རྗེས་སུ་འབྲངས་ཏེ་སྒྲ་སྒྱུར་གཙོ་བོར་བྱ་རིགས། མི་མིང་དང་ས་མིང་། རི་མིང་། ཆུ་མིང་། རྒྱལ་ཁབ་ཀྱི་མིང་། མི་རིགས་ཀྱི་མིང་། དམག་གི་སྒྲིག་ཁོངས་ཀྱི་མིང་། ལས་ཁུངས་ཀྱི་སྒྲིག་གཞིའི་མིང་། ཐོབ་དང་གོ་སའི་མིང་སོགས་ནི་དེ་སྔ་རྒྱུན་འབྱམས་སུ་གྱུར་པའི་འགྱུར་མིང་རང་འཇགས་བྱེད་པ་ལས་གཞན་ཐམས་ཅད་ཡོངས་སུ་སྒྲ་སྒྱུར་བྱ་འོས། ཨུ་ཚུགས་དང་བཙན་སྒྱུར་མི་བྱའོ། །
       ལྔ། མིང་ཚིག་ཐད་སྒྱུར་བྱས་ཏེ་སྤྱོད་གོ་ལྡན་པར་བྱ་དགོས། ཀློག་མཁན་གྱིས་གོ་མིན་ལ་བསམས་ནས་འགྲེལ་པ་ནང་བཞིན་སྒྱུར་བ་དང་ཚིག་རིང་པོར་སྒྱུར་བ་ནི་སྤོང་དགོས། མིང་ཚིག་ཁ་ཤས་ནི་མ་གཞི་ནས་བསྡུས་མིང་ཡིན་པས། ཁ་གསལ་བར་བསྒྱུར་ན་གྱོང་ཞིང་ཉོག་པའི་སྐྱོན་འབྱུང་སླ་བས་བསྡུས་སྒྱུར་བྱས་ན་ལེགས། དཔེར་ན“招聘”ཞེས་པ་ལ་བོད་ཡིག་ཏུ་“ཁྱབ་བསྒྲགས་བྱས་ནས་གདན་ཞུ་བྱེད་པ”ཞེས་བསྒྱུར་ན་ཚིག་རིང་ཞིང་ཉོག་པའི་སྐྱོན་འབྱུང་བས་སྤྱོད་མི་བདེ་བས“བསྒྲགས་འགུག”ཅེས་བསྒྱུར་དགོས། དེ་ལྟར་བྱས་ན་ཚིག་བསྡུས་ཤིང་སྤྱོད་བདེ་བར་འགྱུར་རོ”[12]ཞེས་པ་སོགས་ལྟ་བུའོ། །
       མདོར་ན། ཚིག་མཛོད་འདི་སྒྱུར་དུས་གོང་སྨྲས་རྩ་དོན་ལྔ་དང་བླང་བྱ་དྲུག་སོགས་འདུས་པའི་སྒྱུར་བྱེད་ཀྱི་གཞུང་སྟེ། ལོ་ཙཱའི་གཞུང་ལུགས་དག་ཅིང་གཙིགས་པ། བསྡུས་ཤིང་གསལ་བ་ཞིག་ཆེས་ཐོག་མ་ཉིད་ནས་གཏན་འབེབས་བྱས་ཤིང་། ཀུན་གྱི་སྲུང་བྱར་གྱུར་ལ་ལོ་ཙཱའི་ཐོག་མཐའ་བར་གསུམ་ཀུན་ཏུ་ཡང་དེའི་རྒྱ་ཡིས་ཡོངས་སུ་དམ་པར་བསྡམས་པས་འགྱུར་གཅིག་གྱུར་དང་ཚད་ལྡན་ཡོང་བར་ཁག་ཐེག་ཡང་དག་བྱས་ཡོད་དོ། །
བཞི་པ། བསྒྱུར་བའི་ལས་ཀྱི་ཚགས་ཞིབ་པ།
       ལོ་ཙཱའི་ལས་གང་ཞིག་བསྒྲུབ་ཀྱང་སྤུས་དག་ཅིང་ཚད་ལྡན་ཞིག་ཡོང་བར་སྒྲིག་སྲོལ་དང་བྱ་རིམ་ངེས་ཅན་ཞིག་གཏན་ལ་ཕབ་སྟེ་རིམ་པར་བརྒྱུད་དགོས་པ་ཞིག་ཡིན་ཏེ། རང་རེའི་ལོ་རྒྱུས་སྟེང་སཾ་བོད་ཡིག་སྒྱུར་གོ་རིམ་ལ་ལོ་ཙཱ་དང་དག་ཞུས། ཡིག་ཕབ་གསུམ་དུ་ཕྱེས་པ་དང་། ལོ་ཙཱ་བར་ཡང་ལོ་ཙཱ་བ་ཆེན་པོ་དང་། ལོ་ཙཱ་བ། མཆན་བུ་གསུམ་དང་། དག་ཞུས་བྱེད་མཁན་ལ་ཡང་ཞུས་ཆེན་དང་བར་ཞུས་གཉིས་སུ་ཕྱེས་ནས་སོ་སོར་ལས་བགོས་གསལ་ཐག་ཆོད་པ་ཞིག་བྱས་ཡོད་དོ། །
       དེ་ལྟར་ཡིན་པ་ལོ་རྒྱུས་ཡིག་ཚངས་ལས་གཞན། བསམ་ཡས་དགོན་པའི་རྩིག་རིས་ལ་མཇལ་ན་ཡང་ཅུང་ཙམ་གསལ་ཏེ། དེ་རུ་མི་བཞི་རེ་སྡེ་གཅིག་རེ་བྱས་ཏེ་ཁ་གཏད་དུ་སྐྱིལ་ཀྲུང་གིས་བཞུགས་པ་དང་། དེ་ནས་སྒྲར་མཁས་པ་ཞིག་གིས་ལེགས་སྦྱར་གྱི་སྐད་ཇི་བཞིན་དུ་བཀླགས་པ་ལོ་ཙཱ་བ་ཞིག་གིས་དེ་བོད་སྐད་དུ་བསྒྱུར། མཐོ་སར་བཞུགས་པའི་སློབ་དཔོན་བགྲེས་པོ་ཞིག་གིས་ཞུས་ཏེ་གཏན་ལ་ཕབ་པ་དང་། དེ་ནས་ལོ་ན་གཞོན་པའི་བཙུན་པ་ཞིག་གིས་མཐའ་མར་གཏན་ལ་ཕབ་པའི་འགྱུར་ཡིག་དེ་ཤོག་དཀར་སྟེང་ཤར་མར་ཕབ་པ་ཡིན་ནོ། །
       དེ་ལྟར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་བོ་གདན་གཅིག་ཏུ་འཛོམས་ཏེ་ཕན་ཚུན་གྲོས་ཞིབ་ཀྱིས་མིང་རེ་རེ་དང་ཚིག་རེ་རེ་བཞིན་བརྡར་ཤ་བཅད་དེ་མ་ཡིག་གི་ནང་དོན་མ་ནོར་བར་སྟོན་པར་བྱེད་པའི་རྨང་གཞིའི་སྟེང་བོད་མི་རིགས་ཀྱི་སྐད་བརྡའི་ཁྱད་ཆོས་དང་ཡོན་ཏན་ཡང་གསལ་བར་མཚོན་པས། ད་གཟོད་སྤུས་དག་ཅིང་ཚད་ལྡན་ཡིན་པའི་འགྱུར་རྩོམ་རེ་རེ་ལེགས་ཐོན་བྱུང་བ་ཡིན་ནོ། །
       ལོ་ཙཱའི་བྱ་རིམ་སྟེ་གོ་རིམ་ལ་དེང་རབས་ལོ་ཙཱའི་གཞུང་རྣམས་སུ་ལོ་ཙཱའི་ངོ་བོ་ལ་གཞིགས་ནས་བསྒྱུར་བྱའི་སྐད་ཡིག་ཅིག་སྒྱུར་བྱེད་སྐད་དུ་ཇི་བཞིན་མཚོན་པར་བྱེད་པའི་རིམ་པ་སྔ་ཕྱི་ཧྲིལ་བོ་ལ་བརྗོད་ཀྱང་། བྱེ་བྲག་གི་རིམ་པར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོས་ལྟ་ཚུལ་ཅུང་མི་མཐུན་ཏེ། “སུའུ་ལེན་སྔ་མའི་ལོ་ཙཱའི་མཁས་པས་མ་ཡིག་ལ་གོ་བ་ལེན་པ་དང་རྟོག་གཞིག བསྐྱར་མཚོན་བཅས་གསུམ་དང་། ཨ་མེ་རི་ཀའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ནེ་ཏ་མཆོག་གིས་དབྱེ་ཞིབ་དང་བསྒྱུར་བ། བསྐྱར་བཅོས། འགྱུར་བཅོས་བཅས་བཞི་དང་། རང་རྒྱལ་གྱི་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་གྲ་སྒྲིག་དང་། མ་ཡིག་ལ་གོ་བ་ལེན་པ། མ་ཡིག་གི་ནང་དོན་བསྐྱར་མཚོན་དང་། འགྱུར་ཞུས། འགྱུར་མ་གཏན་འཁེལ་བཅས་ལྔ”[13]དང་། ད་ལྟ་ཡོངས་གྲགས་སུ་“མ་ཡིག་ལ་གོ་བ་ལེན་པ་དང་། བསྐྱར་མཚོན་བྱས་རྗེས་ད་དུང་དག་ཞུས་སྟེ་རང་གིས་འགྱུར་ཞུས་བྱེད་པ་དང་། རྩོམ་སྒྲིག་པའི་འགྱུར་ཞུས་བྱེད་པ་བརྒྱུད་ན་ད་གཟོད་ལོ་ཙཱའི་བྱ་རིམ་ཡོངས་སུ་རྫོགས་པར་འདོད་དོ། །”[14]
           
ད་རེས«དེང་རབས་རྒྱ་ཡིག་ཚིག་མཛོད»བོད་ཡིག་ཏུ་སྒྱུར་དུས་ཀྱང་གོང་སྨོས་གོ་རིམ་གཙོ་བོ་དག་གཞིར་བྱས། དེའི་ཁར་ཅི་ནུས་ཀྱིས་ཇེ་ལེགས་ཇེ་ཞིབ་ཏུ་བཏང་ནས་ཚང་ལ་མ་ནོར་བ་བྱས་པ་ཡིན། དེ་ཡང་ཐོག་མར་ལོ་ཙཱ་བ་སོ་སོའི་ཁོམ་ལོང་ལྟར་ལ་ལར་གསལ་བྱེད་སྡེ་ཅིག་དང་། ལ་ལར་གསལ་བྱེད་སྡེ་གཉིས་རེ་བྱས་ནས་ལས་བགོས་ཞིབ་ཕྲ་བྱས། དེ་ནས་ཟླ་མང་པོའི་རིང་མ་ཡིག་ལ་ཞིབ་ཀློག་བརྒྱུད་དེ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་པར་གཞོལ་ཞིང་། གོ་བ་ལེན་དུས་ཀྱང་ཐ་སྙད་ཁྲི་བདུན་ལྷག་སོ་སོའི་ངོ་བོ་དང་ཁྱད་ཆོས་ལྟར་མིང་ཚིག(名词)དང་བྱ་ཚིག(动词) རྒྱན་ཚིག(形容词) ཚབ་ཚིག(代词) སྦྱོར་ཚིག(介词) སྦྲེལ་ཚིག(连词) བསྣན་ཚིག(副词) འཇལ་ཚིག(量词) གྲངས་ཚིག(数词) གྲོགས་ཚིག(助词) འབོད་ཚིག(叹词) སྒྲ་དོད་ཀྱི་ཚིག(拟声词) ཞེ་ཚིག(敬词) ཁེངས་སྐྱུང་གི་ཚིག(谦词) གུས་ཚིག(客套话) གྲོང་སྐད།(土话) ཡུལ་སྐད།(方言) ལོགས་སྐད།(黑话) ཚོགས་སྐད།(行话) ཕལ་སྐད།(俗话) ཡོངས་གྲགས་ཀྱི་མིང་།(通称) དཀྱུས་མིང་།(俗称) སྤྱི་མིང(泛称) སོགས་ཀྱི་དབྱེ་བ་གསལ་བོར་བྱས་ཡོད་པ་ལྟར་བསམ་གཞིག་བྱས་ལ། དེ་དག་གི་གོ་དོན་ཡང་མིང་བརྡ་དང་བརྡ་སྤྲོད། གཏན་ཚིགས། རིག་གནས་སོགས་སྣ་སྒོ་མོ་ནས་ཤེས་རྟོགས་བྱས། དེ་ཡང་གཙོ་བོ་སྐད་ཆའི་གནས་སྐབས་སམ་འགྲེལ་ཚིག་གོང་འོག་དང་། དཔེར་བརྗོད་སོགས་དང་བསྟུན་ནས་གོ་བ་བླངས་པ་ཡིན་ལ། དེ་བཞིན་དུ་བོད་རྒྱ་སྐད་གཉིས་སྐད་ཁོངས་གཅིག་ཏུ་གཏོགས་པས་ཐུན་མོང་གི་ཆ་ཡོད་ན་ཡང་ཐུན་མིན་གྱི་ཆ་གང་མང་ཞིག་ཀྱང་མཆིས་པས། དེ་དག་ཞིབ་སྡུར་སྒོས་རེ་རེ་བཞིན་དབྱེ་བསལ་བྱས་པ་དང་། དབྱིན་ཇིའི་སྐད་བརྡ་རིག་པ་ལའེ་ཝང་སི(莱昂斯)ཡིས། “སྐད་རིགས་གང་ཡིན་རུང་དེའི་མིང་བརྡ་མི་འདྲ་བ་ཚང་མས་སྐད་རིགས་དེ་བེད་སྤྱོད་པའི་མི་རིགས་གང་དེའི་རིག་གནས་སུ་གནས་པའི་སྤྱི་ཚོགས་ཀྱི་བྱ་དངོས་དང་། གོམས་སྲོལ། བྱེད་སྒོ་སྣ་མང་ཞིག་མཚོན་བཞིན་ཡོད”[15]ཅེས་གསུངས་པ་ལྟར། རིག་གནས་མིང་བརྡ་གང་མང་ཞིག་གི་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་བསྟན་དོན། མཚོན་དོན་སོགས་ཀྱང་རྟོགས་ཅི་ཐུབ་བྱས། མདོར་ན། མིང་དང་ཐ་སྙད་ལ་རྩ་བའི་དོན་དང་། འཕྲོས་དོན། དཔེ་དོན་དང་། དེ་མིན་སྐུ་ཞབས་ལིག་སྨི་ཆི(刘宓庆)གྱི་དགོངས་པ་ལྟར། མིང་དོན་ལ་དོན་སྤྱིའི་གོ་དོན(概念意义)དང་། བརྗོད་གཞི་གོ་དོན།(主題意义) སྐད་ཁམས་ཀྱི་གོ་དོན།(语境意义) རྣམ་པའི་གོ་དོན།(形式意义) སྣང་བརྙན་གྱི་གོ་དོན།(形象意义) རིག་གནས་ཀྱི་གོ་དོན།(文化意义)སོགས་རིམ་པ་དང་རིགས་དབྱེ་མི་འདྲ་བ་ཡོད་པ་ལྟར། དོན་དངོས་ཀྱི་གོ་བ(事实理解)དང་། གཏན་ཚིགས་ཀྱི་གོ་བ།(逻辑理解) རྩོམ་ལུས་ཀྱི་གོ་བ།(文体理解) སྐད་ཉམས་ཀྱི་གོ་བ།(语气理解) སྤྱི་ཚོགས་རིག་གནས་ཀྱི་གོ་བ(社会文化的理解)ལྟར་གོ་བ་སོ་སོ་ནས་བླངས་པ་ཡིན་ནོ། །དེ་ལྟར་མ་ཡིག་ལ་གོ་བ་གཏིང་ཟབ་མོ་ཞིག་བླངས་རྗེས། མིང་བརྡ་རེ་རེ་ཆ་ཚང་རང་བཞིན་དང་། ཡང་དག་རང་བཞིན། བསྡུས་གཙང་རང་བཞིན། སྤྱོད་བདེ་རང་བཞིན་སོགས་རྩ་དོན་བཞི་དང་། དེ་མིན་བླང་བྱ་ལྔ་ལྟར་ཅི་ནུས་ཀྱིས་བོད་ཡིག་ཏུ་ཕབ་ནས་བསྐྱར་མཚོན་བྱས་པ་ཡིན། ཡིན་ན་ཡང་གོ་རིམ་འདིའི་ནང་དུ་སྤྱིར་བཏང་འགྱུར་ཆད་ལྷག་དང་གོ་འཛོལ་གྱི་རིགས་ངེས་པར་འབྱུང་སྲིད་པས། འགྱུར་སྐྱོན་དེ་རིགས་སེལ་ཆེད་སྒྱུར་མཁན་རང་ཉིད་མ་ཡིག་གི་ནང་དོན་བསྐྱར་མཚོན་བྱེད་པའི་གོ་རིམ་གཉིས་པར་ཞུགས་ཏེ། འགྱུར་ཐེངས་དང་པོ་དང་། མ་ཡིག་གཉིས་ཡིག་འབྲུ་དང་མིང་བརྡ་རེ་རེ་བཞིན་ཞིབ་སྡུར་གྱིས་འགྱུར་ཆད་ལྷག་གི་སྐྱོན་རྣམས་སེལ་ཅི་ཐུབ་བྱས་པ་དང། གོ་རིམ་དེ་གཉིས་ཚགས་དམ་པོ་དང་གཟབ་ནན་ངང་བརྒྱུད་རྗེས། མ་ཡིག་གི་ནང་དོན་ཡོངས་སུ་བསྐྱར་མཚོན་བྱས་ནའང་། གཅིག་གྱུར་དང་སྐད་ཆའི་སྒྱུ་རྩལ། བརྗོད་ཉམས་ཀྱི་ཁྱད་ཆོས་སོགས་མ་ཐོན་པའི་ཆ་ཡོད་པས། སྒྱུར་མཁན་སོ་སོས་མུ་མཐུད་དུ་འགྱུར་མ་ཁོ་ན་གཞིར་བཟུང་ནས། མིང་བརྡ་བཀོལ་བ་གཅིག་གྱུར་ཡིན་མིན་དང་ཉམས་ཐོན་ཡོད་མེད་ལ་བརྟག་དཔྱད་ནན་མོ་བྱས་ཏེ། འགྱུར་མར་གསོན་ཤུགས་བསྐྱེད་རྗེས་བསྐྱར་མཚོན་གྱི་ལས་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། ། དེའི་རྗེས་སྒྲིག་སྲོལ་གྱི་གཏན་འཁེལ་ལྟར་ཕན་ཚུན་ཞུ་དག་བྱེད་པ་དང་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱེད་པ། སྡོམ་ཞུས་དང་མཐའ་ཞུས་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་ནས་ཡང་ཡང་ཞུ་དག་བྱས་པ་དང་། ལྷག་པར་དུ་ཡིག་སྒྱུར་ཁྲོད་ཀྱི་དཀའ་གནད་ཅན་ཏེ། སྐྱེ་དངོས་སྐོར་གྱི་མིང་བརྡ་སྒྱུར་ཚུལ་དང་། ཚན་རིག་སྐོར་གྱི་མིང་བརྡ་སྒྱུར་ཚུལ། གཏམ་དཔེ་སྒྱུར་ཚུལ། གནའ་དཔེའི་དཔེ་མིང་སྒྱུར་ཚུལ་བཅས་ལ་ཆེད་དམིགས་ཀྱིས་གྲོས་སྡུར་ཚོགས་འདུ་བཅུ་ཕྲག་ལྷག་བསྡུས་ནས་ཐུན་མོང་གིས་ཞིབ་བཤེར་དང་། ཐུན་མོང་གི་ཞུ་དག་བྱས་ཏེ་ལྟ་ཚུལ་གཅིག་གྱུར་བྱས་པ་ཡིན་ལ། གཞན་ད་དུང་ཚིག་མཛོད་བོད་སྒྱུར་གྱི་གྲོས་ཞིབ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་ཁང་གི«དེང་རབས་རྒྱ་ཡིག་ཚིག་མཛོད»རྩོམ་སྒྲིག་ཁང་གི་ཀྲུའུ་རེན་པའེ་ཁྲང་མའོ། ཞིབ་འཇུག་པ་ཐན་ཅིན་ཁྲུན། ཞིབ་འཇུག་པ་ཝང་ནན་བཅས་གདན་དྲངས་ནས་མཉམ་དུ་གྲོས་ཞིབ་ཀྱིས་དཀའ་གནད་དང་དོགས་གནད་སེལ་བར་བྱས་ཤིང་། དེའི་རྗེས་སུ་བོད་ཡིག་ཞུས་ཆེན་དང་ཞུས་ཆུང་གཏན་འཁེལ་གྱིས་འགྱུར་མིང་ཡོངས་ལ་མཇུག་མཐའི་དག་ཞུས་བྱས་པ་ཡིན་ལ། དེའི་ཁར་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་ཁུར་བའི་རེ་བ་ལྟར། ཞུས་ཆེན་ལོ་ཙཱ་བ་སོགས་མི་འགའ་དངོས་སུ་པེ་ཅིན་དུ་བསྐྱོད་ནས་དོགས་གཞི་ཅན་གྱི་ཐ་སྙད་སྐོར་ཞིག་ལ་མཉམ་དུ་གྲོས་སྡུར་སྒོས་ཐག་བཅད་དེ་མཐའ་ཞུས་བྱས་པ་ཡིན་པས། ཚིག་མཛོད་འདི་བསྒྱུར་བའི་ལས་ཀྱི་ཚགས་ཧ་ཅང་ཞིབ་ཕྲ་ཆེའོ། །
ལྔ་པ། སྒྱུར་ཚིག་མཛོད་ཀྱི་སྐྱོར་མ་མཆིས་པ།
       ཁ་དཔེར་ཡོ་བྱད་ཕྱེད་དང་མི་ཕྱེད་ཀ་ཞེས་པ་དང་ཡོ་བྱད་ཡོད་ཚེ་ལས་ཀུན་འགྲུབ། མེད་ཚེ་ཅི་ཡང་འགྲུབ་པར་དཀའ་ཞེས་པ་ལྟར་ལས་གང་ཞིག་བསྒྲུབ་ཚེ་ཡོ་བྱད་ངེས་ཅན་ཞིག་འཛོམས་དགོས་པ་ཡིན་ལ། ལོ་ཙཱའི་ལས་དོན་ལ་ཡང་དེ་བཞིན་ཡིན་ནོ། །དེ་བས་རང་རེའི་ལོ་རྒྱུས་སྟེང་སཾ་བོད་ལོ་ཙཱའི་བྱ་གཞག་དེ་ཉིད་ཡང་དག་ཅིག་འཁྱོངས་ཆེད་སྔ་ཕྱིར་སྒྲ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་སོགས་བཟོས་པ་ཡིན་ལ་དེ་དག་གིས་སཾ་བོད་ལོ་ཙཱའི་ལས་དོན་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ནོ། །དེ་བཞིན་རྒྱལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ཧོར་སྐད་དུ་སྒྱུར་དུས་ཀྱང་འབྲེལ་ཡོད་ཡོ་བྱད་སྣ་ཚོགས་ལ་ཁུངས་བཅོལ་ཡོད་དེ། «དག་ཡིག་མཁས་པའི་འབྱུང་གནས»སུ“…ཀ་ཅོག་སོགས་ལོ་ཙྪ་བ་དུ་མས་མདོ་ལས་འབྱུང་བའི་མིང་གི་རྣམ་བཞག་དུ་མ་བསྡུས་པ་བྱེ་བྲག་རྟོགས་བྱེད་ཆེ་ཆུང་། གཞན་ཡང་སྟག་སྐྱོན་གཞོན་ནུ་དཔལ་གྱི་དག་ཡིག་འོད་ཟེར་བརྒྱ་པ། བུ་སྟོན་སེང་གེ་འོད་ཀྱི་སྒྲ་དོན་རྒྱ་མཚོའི་མེ་ལོང་། བྱམས་པ་གླིང་པའི་སྨྲ་རྒྱན། བསམ་ལྡིངས་པའི་འཁྲུལ་སྤོང་། ཞ་ལུ་ལོ་ཆེན་གྱི་ཟ་མ་ཏོག དཔལ་ཁང་ལོ་ཙྪ་བའི་ངག་སྒྲོན། བརྡའ་གསར་རྙིང་གི་རྣམ་བཞག་སྟོན་པ་སྐྱོགས་སྟོན་གྱི་ལི་ཤི་གུར་ཁང་དང་དབུས་པ་བློ་གསལ་གྱིས་མཛད་པ། བློ་ལྡན་ཤེས་རབ་ཀྱི་ཉེར་མཁོ་བསྡུས་པ”[16]སོགས་ལ་ཟུར་བལྟ་གང་ལེགས་བྱས་ཚུལ་གསུངས་སོ། །
       ལོ་ཙཱའི་ཡོ་བྱད་ལ་དེང་རབས་གཞུང་ལུགས་སུ་ལོ་ཙཱའི་ལག་རོགས(翻译帮手)ཞེས་བརྗོད་ཅིང་དེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་དེ། དེ་ཡང་ཆེ་ཕྱོགས་ནས་དབྱེ་ན་སྐད་གཅིག་ཚིག་མཛོད་དང་སྐད་གཉིས་ཚིག་མཛོད། སྐད་མང་ཚིག་མཛོད། ཟུར་བལྟའི་རྒྱུ་ཆ་སོགས་རིགས་ཆེན་པོ་བཞི་དང་། དེ་ལས་སྐད་གཅིག་ཚིག་མཛོད་ལ་སྐད་བརྡའི་སྐད་གཅིག་ཚིག་མཛོད་དང་ཆེད་ལས་སྐད་གཅིག་ཚིག་མཛོད། ཕྱོགས་བསྡུས་སྐད་གཅིག་ཚིག་མཛོད་སོགས་རིགས་གསུམ་དང་། སྐད་གཉིས་ཚིག་མཛོད་ལ་ཡང་སྐད་བརྡའི་སྐད་གཉིས་ཚིག་མཛོད་དང་ཆེད་ལས་སྐད་གཉིས་ཚིག་མཛོད། ཕྱོགས་བསྡུས་སྐད་གཉིས་ཚིག་མཛོད་སོགས་རིགས་གསུམ། དེ་བཞིན་དུ་ཕྱོགས་བསྡུས་ཚིག་མཛོད་ལ་ཡང་སྐད་གཅིག་ཕྱོགས་བསྡུས་ཚིག་མཛོད་དང་སྐད་གཉིས་ཕྱོགས་བསྡུས་ཚིག་མཛོད། སྐད་མང་ཕྱོགས་བསྡུས་ཚིག་མཛོད་གསུམ་ཡོད་དོ། །ཟུར་བལྟའི་རྒྱུ་ཆ་ལ་ཟུར་བལྟའི་དཔེ་ཆ་དང་ཟུར་བལྟའི་དཔྱད་གཞི་སོགས་མང་པོ་མཆིས།
       ད་རེས«དེང་རབས་རྒྱ་ཡིག་ཚིག་མཛོད»བོད་འགྱུར་མ་ནི་སྔོན་གྱི་དུས་ཀུན་དང་མི་འདྲ་བར་འདས་པའི་ལོ་ངོ་སྟོང་ཕྲག་གཅིག་ལྷག་རིང་བྱུང་བའི་འབྲེལ་ཡོད་ཚིག་མཛོད་སྣ་ཚོགས་ཅི་ནུས་ཀྱིས་འཚོལ་སྡུད་དང་རིགས་དབྱེ། ཞིབ་འཇུག་གང་ལེགས་བྱས་ཐོག སྔར་ཡོད་བརྡ་དང་ཐ་སྙད་སོགས་ཅི་ནུས་ཀྱིས་སྔོག་འདོན་དང་མེད་པའི་རིགས་ལ་མིང་གསར་འདོགས་དང་ཡང་ན་གཡར་སྤྱོད་བྱས་སོ། །
       དེ་ཡང་ཐེངས་འདིར་དངོས་སུ་ཟུར་བལྟ་བྱས་པའི་སྐད་གཉིས་སམ་སྐད་མང་ཚིག་མཛོད་གཙོ་བོ་དག་གི་མཚན་ཐོ་ཙམ་བསྟར་ཆགས་སུ་བཀོད་ན། «སྒྲ་སྦྱོར་བམ་གཉིས»དང«བྱེ་བྲག་རྟོགས་བྱེད་ཆེན་མོ» «དག་ཡིག་མཁས་པའི་འབྱུང་གནས» «རྒྱ་བོད་ཤན་སྦྱར་ཚིག་མཛོད» «ཤན་སྦྱར་མིང་མཛོད་གསར་བསྒྲིགས་རྒྱ་བོད་མིང་གི་རྒྱ་མཚོ» «དགེ་བཤེས་ཆོས་གྲགས་ཀྱི་བརྡ་དག་མིང་ཚིག་གསར་བ་རྒྱ་བོད་མཆན་གཉིས་མ» «དག་ཡིག་ཐོན་མིའི་དགོངས་རྒྱན། སྟོད་ཆ། སྨད་ཆ» «རྒྱ་བོད་མིང་མཛོད» «རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད» «བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་གྱི་གཏམ་དཔེ» «རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད» «བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་སྐད་ཚིག་མཛོད» «བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་སྨད་བར་ཆ་གསུམ» «བོད་ཀྱི་དཔེ་ཆོས་རྣ་བའི་བདུད་རྩི» «བོད་རྒྱ་སྐར་རྩིས་རིག་པའི་ཚིག་མཛོད» «བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་ལུས་རྩལ་མིང་ཚིག་ཕྱོགས་བསྒྲིགས» «བོད་རྒྱ་ཚད་མ་རིག་པའི་ཚིག་མཛོད» «དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་གྱི་རྩིས་རིག་ཐ་སྙད» «རྒྱ་བོད་ཤན་སྦྱར་གྱི་ལས་ཁུངས་དང་ཁེ་ལས་བྱ་ལས་སྡེ་ཚན་གྱི་མིང» «རྒྱ་བོད་ཁྲིམས་ལུགས་མིང་མཛོད» «སྐད་ལྔ་ཤན་སྦྱར་གྱི་མཉྫུ་སྐད་གསལ་བའི་མེ་ལོང་ལས་རྒྱ་བོད་སྐད་གཉིས་ཟུར་དུ་བཏོན་པ» «རྒྱ་བོད་ཤན་སྦྱར་ཚིག་མཛོད» «སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད» «རྒྱུན་སྤྱོད་བོད་རིགས་གཏམ་དཔེ་བསགས་མཛོད» «ས་རྒྱུས་མིང་ཚིག་རྒྱ་བོད་ཤན་སྦྱར» «སྐྱེ་དངོས་རིག་པའི་རྒྱ་བོད་ཐ་སྙད་ཤན་སྦྱར» «ལོ་རྒྱུས་སྐོར་གྱི་མིང་མཛོད། རྒྱ་བོད་ཤན་སྦྱར» «བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད» «བཀའ་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར» «བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད» «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད» «བོད་རྒྱ་དབྱིན་སྐད་ཀྱི་རྫས་འགྱུར་རིག་པའི་ཚིག་མཛོད» «བོད་རྒྱ་དབྱིན་སྐད་ཀྱི་དངོས་ལུགས་རིག་པའི་ཚིག་མཛོད» «བོད་རྒྱ་དབྱིན་སྐད་ཀྱི་གྲངས་རིག་ཚིག་མཛོད» «མི་གྲངས་སྐོར་གྱི་ཤེས་བྱའི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་མིའི་ལུས་པོའི་གཤག་ལས་རིག་པའི་ཐ་སྙད» «བོད་ཡིག་གྲངས་རིག་ཚིག་མཛོད» «རྒྱ་བོད་གཏམ་དཔེ་ངོ་མཚར་ཕྲེང་བ» «བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད» «རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས།» «རྒྱ་བོད་ཁྲིམས་ལུགས་ཚིག་མཛོད»  «རྒྱ་དབྱིན་བོད་གསུམ་ཤན་སྦྱར་གྱི་བོད་སྐད་ཀྱི་མི་མིང་དང་ས་མིང་གཏེར་མཛོད» «དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད» «དབྱིན་བོད་རྒྱ་ཤན་སྦྱར་ཚིག་མཛོད» «རྒྱ་བོད་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད» «རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད» «རྒྱ་བོད་དངུལ་རྩའི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་ཕྱུགས་ལས་སྨན་བཅོས་ཚིག་མཛོད» «རྒྱ་བོད་བརྡ་ཆད་གསར་པ» «རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད» «རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ» «རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད» «བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ» «རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས» «རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད» «རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད» «སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད» «རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང» «བོད་ཡིག་ཀུན་ཁྱབ་མིང་མཛོད» «རྫས་འགྱུར་རིག་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད» «ཨ་མདོའི་ཁ་སྐད་ཚིག་མཛོད། བོད་རྒྱ་དབྱིན་གསུམ་ཤན་སྦྱར» «རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད»སོགས་ཡོད། བསྡོམས་པས་སྐད་གཉིས་སམ་སྐད་མང་ཤན་སྦྱར་གྱི་ཚིག་མཛོད་བརྒྱ་ལྷག་ལ་ཟུར་བལྟ་བྱས་ཡོད།
       ཟུར་ལྟའི་ཚིག་མཛོད་དག་ཀྱང་བསྒྱུར་བྱའི་མ་ཡིག་གི་རྨང་གཞི་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ལ་གཞིགས་ནས་ཆབ་སྲིད་དང་ལོ་རྒྱུས། ས་ཁམས། གྲངས་རིག རྫས་འགྱུར། དངོས་ལུགས། ཁྲིམས་ལུགས། རྩིས་འཁོར། གསོ་རིག ཆོས་ལུགས། སྐར་རྩིས། སློབ་གསོ་སོགས་རིག་ཚན་སྣ་ཚོགས་ལ་ཁྱབ་པར་མ་ཟད། གནའ་དེང་ཚིག་མཛོད་ལ་ཕྱོགས་ལྷུང་མ་མཛད་པར་བལྟ་རྟོག་དང་མདོ་དབུས་ཁམས་གསུམ་གྱི་ཚིག་མཛོད་ལ་རིས་བཅད་མ་བྱས་པར་ཉམས་ཞིབ་བྱས་ནས་དེ་དག་གི་དགོངས་པའི་དོན་རྟོགས། རིག་པའི་བཅུད་བླངས་པ་ཡིན་ལ། དེ་མིན་འགྲེལ་ཚིག་ཆ་ཚང་ཞིང་འཇུག་ཡུལ་གསལ་བའི་སྐད་གཅིག་ཚིག་མཛོད་བརྒྱད་ཅུ་ལྷག་དང་རྒྱ་བོད་དབྱིན་གསུམ་གྱི་ལོ་ཙཱའི་དཔྱད་འབྲས་སྣ་ཚོགས་དང་དྲ་རྒྱའི་རྒྱུ་ཆ་དག་ལ་ཡང་སྐབས་སྐབས་སུ་ཟུར་བལྟ་གང་ལེགས་བྱས་པ་ཡིན་ནོ། །
       མདོར་ན། «དེང་རབས་རྒྱ་ཡིག་ཚིག་མཛོད་མ»བོད་ཡིག་ཏུ་སྒྱུར་དུས་རང་རློམ་རང་ཆེ་དང་རང་རྟོག་རང་བཟོ་མ་བྱས་པར་ཉེར་མཁོའི་ལོ་ཙཱའི་ཚིག་མཛོད་སྣ་ཚོགས་ཀྱི་སྐྱོར་མ་ལ་བརྟེན་ཅི་ཐུབ་བྱས་ཡོད་པས་དེའི་རྒྱ་བོད་ཐ་སྙད་ཤན་སྦྱར་མ་ནི་ལེགས་ཆ་ཀུན་འདུས་དང་བློ་གྲོས་གཅིག་བསྡུས་ཀྱི་ཉིང་ཁུ་ལྟ་བུ་ཡིན་ནོ། །
མཇུག་བསྡུ་བའི་གཏམ།
       «དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར)»ནི་བོད་ཀྱི་ལོ་རྒྱུས་སྟེང་རྒྱའི་ཚིག་མཛོད་དབང་གྲགས་ཅན་ཞིག་གཞིར་བྱས། དེའི་ཐ་སྙད་ཡོངས་རྫོགས་ཆ་ཚང་བའི་སྒོ་ནས་བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཡིན་ཞིང་། དེ་པར་དུ་བསྐྲུན་པས་ཀྲུང་ཧྭ་མི་རིགས་གོང་བུ་གཅིག་སྒྲིལ་དང་སྤྱི་སྐད་སློབ་སྦྱོང་། མི་རིགས་མཐུན་སྒྲིལ། བོད་རྒྱ་ལོ་ཙཱ་འཕེལ་རྒྱས། དེང་རབས་རིག་གནས་ནང་འདྲེན་བཅས་ལ་ཕན་ནུས་ཆེན་པོ་ཞིག་ཐོན་ངེས་པས་སྤྱི་ཚོགས་སྟེང་དགའ་བསུ་དང་གདེང་འཇོག་ཚད་མེད་ཐོབ། ལྷག་པར་དུ་རྒྱ་བོད་ཤན་སྦྱར་མ་འདི་ལ་མ་ཡིག་ཁུངས་དག་ཅིང་བཙུན་པའི་ཁྱད་ཆོས་དང་སྒྱུར་མཁན་ལོ་ཙཱ་བ་གཞན་དང་མི་འདྲ་བར་སྐུ་ཡོན་ཆེ་བའི་ཁྱད་ཆོས། སྒྱུར་བྱེད་གཞུང་སྟེ་ལོ་ཙཱའི་གཞུང་ལུགས་ཀྱི་རྒྱ་ཡིས་ཡོངས་སུ་དམ་པར་བསྡམས་པའི་ཁྱད་ཆོས། བསྒྱུར་བའི་ལས་ཀྱི་གོ་རིམ་ཚགས་ཞིབ་ཅིང་ཕྲ་བའི་ཁྱད་ཆོས། སྒྱུར་ཚིག་མཛོད་དེ་གནའ་དེང་འབྲེལ་ཡོད་སྐད་གཉིས་ཚིག་མཛོད་སྣ་ཚོགས་ཀྱིས་སྐྱོར་མ་བྱས་པའི་ཁྱད་ཆོས་སོགས་ལྡན་པས་དེང་ཕྱིན་ཉེར་མཁོའི་ཚིག་མཛོད་སྣ་ཚོགས་བོད་ཡིག་ཏུ་བསྒྱུར་བ་ལ་མིག་ལྟོས་བཟང་པོ་ཞིག་བསྐྲུན་ཡོད་དོ། །

ལུང་ཁུངས།
[1][2][3] «དེང་རབས་རྒྱ་ཡིག་ཚིག་མཛོད(རྒྱ་བོད་ཐ་སྙད་ཤན་སྦྱར) དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་འཚོགས་པ།» ཀྲུང་གོ་བོད་ཀྱི་དྲ་བ། 2022ལོའི་ཟླ1པོའི་ཚེས27ཉིན།
[4]《〈现代汉语词典〉(汉藏词汇对照)出版发行座谈会召开》,中国藏学公众号  2022年1月27日。
[5]中国社会科学院语言研究所词典编辑室编:《现代汉语词典》(第7版), 北京:商务印书馆,2017年,第5页。
[6][11]
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་སྐད་བརྡ་ཞིབ་འཇུག་ཁང་ཚིག་མཛོད་རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡིག་སྒྱུར་སྒྲིག་འཛུགས་བྱས། «དེང་རབས་རྒྱ་ཡིག་ཚིག་མཛོད།» (རྒྱ་བོད་ཐ་སྙད་ཤན་སྦྱར།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཚོང་དོན་པར་འདེབས་ཁང་། 2021ལོ། ཤོག་ངོས26;35;36
[7][8] ཁྲོ་རུ་ཚེ་རྣམ། «སྔ་འགྱུར་རྙིང་མའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་མདོ་ཙམ་བརྗོད་པ།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས16; 17
[9] 赵桂华编著:《翻译理论与技巧》,哈尔滨:哈尔滨工业出版社,2010年,第4—7页。
[10] 桂乾元:《翻译学导论》,上海:上海外语教育出版社,2004年,第66页。
[13][15]
རིག་འཛིན། «རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག» ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས20;123
[14] 刘敬国、何刚强主编:《翻译通论》,北京:外语教学与研究出版社,2014年,第65页。
[16]
ལྕང་སྐྱ་རོལ་པའི་རྡོ་རྗེ། «དག་ཡིག་མཁས་པའི་འབྱུང་གནས།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤོག་ངོས12
རྩོམ་ཁུངས། ༢༠༢༢ལོའི«ཀྲུང་གོའི་བོད་རིག་པ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།