“欢度元旦”ཞེས་པ་བོད་སྐད་ལ་སྒྱུར་སྟངས་གླེང་བ།
རྩོམ་པ་པོ།:འབུམ་ཁོག་མིག་དམར་ཚེ་རིང་།
ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་ཨུད་རྩོམ་སྒྱུར་ཅུད།
དུས་ཚོད།:2023-12-27
ཀློག་གྲངས།:
དེང་སང་། དུས་ཆེན་ཤར་རིམ་ལ་སྦྱར་ཡིག་སྣ་ཚོགས་པ་བཀལ་ནས། དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་སྲོལ་ཞིག་ཆགས་ཡོད། སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་བྱ་ཐབས་ལྟར་ན། བོད་དུ་ཡི་གེ་དེ་དག་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་སམ་དེ་ཡན་དགོས་པས། 欢度雪顿、欢度藏历新年、欢度春节、欢度元旦ལ་སོགས་པ་བོད་ཡིག་ཏུ་སྒྱུར་དགོས་ཤིང་། སྒྱུར་ཡིག་ནང་ཡང་མ་དག་པ་དང་། གནད་ལ་མ་འཁེལ་བ། བོད་སྐད་ཀྱི་སྐད་འགྲོས་དང་མི་མཐུན་པའི་འགྱུར་སྣ་ཚོགས་ཐོན་དང་ཐོན་མུས་ལགས།
དེ་རིང་འདིར་འཆད་པར་བྱ་བ་ནི欢度元旦ཞེས་པའི་བོད་འགྱུར་དེ་ཡིན་ཞིང་། དེ་ཡང་ལོ་ངོ་བདུན་བརྒྱད་ཙམ་གྱི་གོང་རོལ་ན། རྩོམ་སྒྱུར་བ་འགའ་ཞིག་བརྗོད་པ་དེའི་སྒྱུར་སྟངས་ཐད་ལ་རྩོད་པ་དི་རི་བ་ཞིག་བྱེད་མྱོང་ཡང་། མཐའ་མ་འདི་བྱས་འདི་མིན་གྱི་གཏན་འཁེལ་མེད་པར་རང་སོར་བཏང་སྙོམས་ལ་བཞག དེ་དུས་ལྟ་བ་འགའ་ཞིག་འདུག་པ་མདོར་ཙམ་ཞུས་ན། གཅིག་ནི་རྒྱུན་པར་ང་ཚོས་མཐོང་མང་ཤོས་དང་རྒྱུན་འབྱམས་ལྟ་བུར་སོང་བའི“གནམ་ལོ་གསར་ཚེས་དགའ་གཏོང་བྱེད”ཅེས་པ་དེ་དང་། གཞན་ད་དུང་གོང་གི་སྐད་ཆའི་ནང་དོན་ལ་ལ་དོན་གྱི་ཕྲད་ཅིག་སྦྱར་ནས“གནམ་ལོ་གསར་ཚེས་ལ་དགའ་གཏོང་བྱེད”ཅེས་པ་དེ་རེད། ད་དུང“སྤྱི་ལོའི་ལོ་གསར་དགའ་བར་རོལ”ཞེས་པ་དེ་སོགས་སོ། །དེ་དག་ལས་སྒྱུར་གསུམ་པ་དེ་ཡང་དག་པར་མཐོང་ཞིང་། གཞན་དག་ལ་སྐྱོན་འགའ་རེ་མཆིས་པར་མཐོང་བས་དེར་རང་གི་ངོས་འཛིན་མདོར་ཙམ་ཞུ་བ་ལགས། དེར་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཆ་མཆིས་ན་བཟོད་པར་གསོལ་ཞུ་རྒྱུ་ཡིན།
དང་པོ། གནམ་ལོ་གསར་ཚེས་དང元旦གཉིས་མགོ་མི་ཐུག་པ།
《藏汉大辞典》ནང་དུ་གནམ་ལོ་གསར་ཚེས་ཞེས་པར། “新年、首岁”ཞེས་དང་།《藏汉大辞典》ནང་གནམ་ལོ་གསར་ཚེས་ཞེས་པར། “ལོ་གསར། གནམ་ལོ་གསར་དུ་ཚེས་པ”ཞེས་བྲིས་འདུག《贡迪藏学大辞典》ཞེས་པའི་གློག་རྡུལ་ཚིག་མཛོད་ནང་། གནམ་ལོ་གསར་ཚེས་ལ“ལོ་གསར”ཞེས་བྲིས་འདུག་པར་བལྟས་ན། གནམ་ལོ་གསར་ཚེས་ནི་ལོ་གསར་པ་ཞིག་ཚེས་པའམ་ཤར་བའི་དོན་ལ་གོ་བ་ཡིན་པས། སོ་ནམ་ལོ་གསར་གཏོང་མཁན་ཚོ་ནི་བོད་ཟླ་བཅུ་གཉིས་ནས་གནམ་ལོ་གསར་དུ་ཚེས་པ་དང་། ཀོང་པོའི་ལོ་གསར་གཏོང་མཁན་ཚོ་ནི་བོད་ཟླ་བཅུ་པ་ནས་གནམ་ལོ་གསར་དུ་ཚེས་པ་ཡིན། རྒྱ་རིགས་ཚོ་ལ་ཆ་བཞག་ན་དཔྱིད་གསར་དུས་ཆེན་ནས་གནམ་ལོ་གསར་དུ་ཚེས་པ་ཡིན་པས། གནམ་ལོ་གསར་ཚེས་དང元旦མགོ་གཏུག་ན། ཁྱབ་རྒྱ་ཆེ་ཆུང་གི་ཁྱད་པར་འཛོལ་འདུག་སྟེ། དེ་ཡང元旦ཞེས་པར་རྒྱའི་ཚིག་མཛོད《辞海》ཞེས་པའི་ནང་། “公历的第一天”ཞེས་འགྲེལ་འདུག་པས་སོ། །
གཉིས་པ། 元旦ཞེས་པ་དེ་གནམ་ལོ་གསར་ཚེས་ལ་ཇི་ལྟར་འཁྲུལ་ཚུལ།
བོད་རྒྱ་དང་རྒྱ་བོད་ཤན་སྦྱར་ཚིག་མཛོད་མང་ཆེ་བར元旦དེ་གནམ་ལོ་གསར་ཚེས་ལ་མགོ་གཏུག་མེད་ཀྱང་།《汉藏词典》ནང元旦ཞེས་པར“གནམ་ལོ་གསར་ཚེས”ཞེས་དང་《汉藏对照词典》ནང元旦ཞེས་པར“གནམ་ལོ་གསར་ཚེས་དང་ལོ་གསར་ཚེས་གཅིག ལོ་གསར”ཞེས་བསྒྱུར་འདུག་ཅིང་། ཕྱིས་སུ网易云词典ཞེས་པའི་ནང་བོད་རྒྱ་ཡིག་སྒྱུར་ཚིག་མཛོད་འཇུག་སྐབས།《汉藏对照词典》དེ་གཞི་ལ་བཞག་པ་དང་། ཕྱིས་སུ་ལོ་ཙཱ་བ་མང་པོས་ཚིག་མཛོད་དེར་བློས་བྱིངས་འགེལ་གྱིས་སྒྱུར་རྐྱང་བྱས་པས། དེ་གཉིས་མགོ་ཐུག་པ་ལྟ་བུར་མ་དག་རྒྱུན་འབྱམས་སུ་སོང་འདུག་ལ། དེ་ལས་དགོད་བྲོ་བ་ཞིག་ལ་དེང་སང་སྒྱུར་མཁན་མང་པོས་འཕྲུལ་ཆས་ཀྱི་ཡིག་སྒྱུར་སྤྱོད་མང་ཐག་ཆོད་ནས། ཡོན་ཏན་དོན་གྲུབ་ཅེས་པའི་མིང་དེ་རྒྱ་ཡིག་ནང元旦顿珠ཞེས་བྲིས་ཡོད་དུས། གནམ་ལོ་གསར་ཚེས་དོན་གྲུབ་ཞེས་བསྒྱུར་བ་ནི་ངུ་མ་ཤེས་བགད་མ་ཤེས་པའི་དོན་ཞིག་རེད།
གསུམ་པ། བྱ་བའི་ཚིག་ཟློས་པའི་སྐྱོན།
འདིར་རྒྱ་ཡིག་གི欢度ཞེས་པར་དགའ་གཏོང་བྱེད་ཅེས་སྒྱུར་བ་ནི་མ་ཡིག་ལ་བསྟུན་དྲག་ནས་བྱ་བའི་ཚིག་ཟློས་འདུག་སྟེ། རྒྱ་ཡིག་ནང་གི་བྱ་བའི་ཚིག度དེ་རང་ལ་བོད་ཡིག་ནང་གཏོང་དང་བྱེད་ཅེས་སྒྱུར་འདུག བྱ་བའི་ཚིག་ཟློས་པའི་རིགས་ཀྱི་སྒྱུར་ཉེ་ལམ་མཐོང་བ་ཤིན་ཏུ་མང་བ་ནི། 依法治藏ལ་ཁྲིམས་བཞིན་བོད་སྐྱོང་བྱ་རྒྱུ། 履职འགན་འཁྲི་གཙང་སྒྲུབ་བྱ་རྒྱུ། 推进སྐུལ་འདེད་བྱེད། 采集འཚོལ་བསྡུ་བྱེད། 造假རྫུན་བཟོ་བྱེད། 宣誓དམ་འཇོག་བྱས། 服务ཞབས་ཞུ་སྒྲུབ་སོགས་པ་བགྲང་གིས་མི་ལང་། ཡང་ཁ་ཅིག་གིས“གནམ་ལོ་གསར་ཚེས་ལ་དགའ་གཏོང་བྱེད”ཅེས་ལ་དོན་གྱི་ཕྲད་ཅིག་སྦྱར་ནས་འདུག་ཀྱང་། ཕྲད་འདིའི་འཇུག་པ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་བཞི་པ་དགོས་ཆེད་གཉིས་གང་ལའང་འཇུག་པ་མི་འདུག་སྟེ། བྱ་བའི་ཡུལ་དང་བྱ་བ་བྱེད་པའི་དགོས་པ་སྟོན་མེད་པའི་ཕྱིར་རོ། །
བཞི་པ། སྤྱི་ལོའི་ལོ་གསར་དགའ་བར་རོལ་ཞེས་སྒྱུར་ན་འཚམ་པ།
元旦ཞེས་པ་དེ་ད་ལྟའི་རྒྱ་ཡིག་གི་འགྲེལ་པ་ལྟར་ན公历新年的第一天ཡིན་པར་བཤད་འདུག་ཅིང་། འདིར་བཤད་པའི公历ནི་ལོ་རྩིས་ཀྱི་རིགས་ཤིག་ཡིན་ཞིང་། བོད་དུ་ད་བར་སྤྱི་རྩིས་དང་རྒྱ་རྩིས། བོད་རྩིས་ཆེ་བ་གསུམ་དང་། བོད་རྩིས་ལའང་ཕུགས་ལུགས་དང་། མཚུར་ལུགས། རྩིས་གསར། བྱེད་རྩིས་སོགས་ཡོད་ཅིང་། ཀྲུང་གོའི་ལོ་རྒྱུས་ནང1912ལོར་གཞི་ནས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱིས公历ཞེས་པ་འདི་བརྩི་སྲོལ་ཆགས་པ་དང་། 1949ལོའི་ཟླ9ཚེས27ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་སྤྱོད་ཆེ་ཤོས་ཀྱི公历ཞེས་པ་དེ་བརྩི་རྒྱུར་གྲོས་འཆམ། རྩིས་སྲོལ་དེ་རྒྱལ་ཁབ་ཕྱི་ནང་མང་ཆེ་བའམ་སྤྱི་ཡོངས་ཀྱིས་ལོ་རྩིས་འདི་གཞིར་བཞག་ནས་ལོ་ཐོ་བརྩི་བཞིན་པས་ན་སྤྱི་ལོ་ཞེས་ཟེར། 欢度ཞེས་པའི་ཚིག་འདི་རྒྱ་ཡིག་གི་ཚིག་མང་པོའི་ཁྱད་ཆོས་ཇི་བཞིན་མིང་གི་གོ་ཆོད་ལ་བྱ་བའི་ཚིག་གི་གོ་ཡང་ཆོད་པའི་ཚིག་ཅིག་ཡིན་པས་བོད་སྐད་དུ་སྒྱུར་དུས། 造假ལ་རྫུན་བཟོ་བྱས་ལྟ་བུ་མདུན་དུ་མིང་ཚིག་དང་དེ་ནས་བྱ་བའི་ཚིག་འབྲི་དགོས་མེད་པར་རྫུན་མ་བཟོས་ཞེས་བྲིས་ན་འཐུས་པ་ལྟར། འདིར་ཡང་དགའ་བར་རོལ་ཞེས་པས་འཐུས་ཤིང་། དེ་ཡང་བོད་སྐད་རྣལ་མ་ཞིག་ཡིན་ནོ། །
རྩོམ་མཁན་ངོ་སྤྲོད།
འབུམ་ཁོག་མིག་དམར་ཚེ་རིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ལྷོ་ཁའི་གྲ་ནང་གི་ཕུ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་བརྒྱུད་ཀྱིས2010ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་གསར་འགྱུར་ཚན་ཁག་ནས་མཐར་ཕྱིན་རྗེས། རྫ་ཡུལ་རོང་སྨད་གྲོང་རྡལ་སྲིད་གཞུང་དང་། རྫོང་རྩོམ་སྒྱུར་ཅུད་དུ་ལས་ཀ་བྱེད་མྱོང་། ད་ལྟ་ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ལྷན(རྩོམ་སྒྱུར་ཅུད)དུ་ཡིག་སྒྱུར་ལས་ལ་གཞོལ་བཞིན་མཆིས།

འབྲེལ་ཡོད་འོས་སྦྱོར།