logo

ལོ་ཙཱར་སྨན་པའི་བོད་རྒྱ་ཤན་སྦྱར་གྱི་ཚིག་འགའ། པད་མ་ཚེ་རིང་།

རྩོམ་པ་པོ།:པད་མ་ཚེ་རིང་། ཡོང་ཁུངས།:ཁྱུང་སྔོན་འཕྲིན་སྟེགས། དུས་ཚོད།:2024-01-03 ཀློག་གྲངས།:
ལོ་ཙཱར་སྨན་པའི་བོད་རྒྱ་ཤན་སྦྱར་གྱི་ཚིག་འགའ་མཐར་ཆགས་སུ་བཀོད་པ་བློ་གསལ་དགའ་བྱེད།
པད་མ་ཚེ་རིང་། ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།

       དེ་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ་སློབ་དཔོན་ཐོན་མི་སྐུ་དྲིན་ཅན་དེ་ཉིད་ཀྱིས་ད་ལྟའི་བོད་ཡིག་འདིའི་སྲོལ་ཕྱེ་བ་ནས་བཟུང་། བསིལ་ལྡན་གངས་རིའི་ལྗོངས་སུ་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་པར་བྱོན་པ་རྣམས་ཀྱིས་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་མཛད་པ་དང་། དེའི་འཕྲིན་ལས་ལ་བརྟེན་ནས་བོད་ཡིག་འདི་ཡང་མངོན་ལྐོག་གི་ཤེས་བྱ་མཐའ་དག་ཇི་ལྟ་བ་བཞིན་བརྗོད་པ་ལ་ཆགས་ཐོགས་མེད་པའི་ཡིག་རིགས་ཡ་མཚན་པ་ཤིག་ཏུ་གྱུར། ཡིན་ནའང་དེང་གི་དུས་ལ་སླེབས་པ་ན། མེས་པོ་གོང་མ་དེ་ཚོའི་ཕྱག་རྗེས་ལ་ཁ་སྣོན་བརྒྱག་རྒྱུ་ལྟ་ཞོག ཐ་ན་ཁོང་ཚོའི་ཤེས་རབ་དང་ཡོན་ཏན་གྱི་ཆ་ཙམ་ཡང་རྒྱུན་འཛིན་བྱེད་ཐུབ་ཀྱི་མེད་པ་ནི་ཡིད་སྐྱོ་བའི་གནས་ཤིག་ཡིན་ལ། དེ་ལས་ཀྱང་ཡི་མུག་པ་ནི་རང་གིས་མ་འཁྱོངས་པ་ལ་ངོ་གནོང་ཅི་ཡང་མེད་པ་དེའོ། །
       ད་ལྟ་ནང་བསྟན་གཙོ་བྱས་པའི་སྲོལ་རྒྱུན་རིག་གནས་ཀྱི་ཐད་རང་རེ་རྣམས་གཞན་ལ་འགྲམ་ཆུ་ལྡང་དགོས་པ་གང་ཡང་མེད་མོད། དེང་རབས་རིག་གནས་ཀྱི་ཕྱོགས་སུ་གཞན་གྱི་རྗེས་མི་ཆོད་པ་ནི་དོན་དངོས་ཀྱི་གནས་ཚུལ་རེད། དེ་བས་རང་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་ལོ་ཙཱ་ནི་ཐབས་ཀྱི་མཆོག་གོ །འོན་ཀྱང་བཙན་པོའི་དུས་སྐབས་ལྟར་རྒྱལ་པོའི་བཀའ་ལུང་བཙན་པོ་མེད་པ་དང་།སྔོན་གྱི་ལོ་པཎ་ལྟ་བུའི་མཁས་པ་དཀོན་པ། དྲ་རྒྱའི་ཀློང་གི་ཆ་འཕྲིན་གྱི་བར་བཅད་རྒྱུན་མི་ཆད་པ། སྔ་རབས་མཁས་པའི་ལྗགས་རྩོམ་བཀླག་པར་མི་སྤྲོ་བ་སོགས་རྒྱུ་དང་རྐྱེན་སྣ་ཚོགས་པ་ཞིག་གི་དབང་གིས་ལོ་ཙཱའི་སྤུས་ཀ་ཇེ་ཞན་དུ་འགྲོ་བ་དང་མི་ཁར་བསྔངས་ནས་ཡོ་བསྲང་གི་སྤོབས་པས་དབེན་པ་སོགས་ནི་ད་ལྟའི་ན་གཞོན་མང་པོའི་ཐུན་མོང་གི་སྣང་ཚུལ་ལོ། །
       སྤྱིར་ལོ་ཙཱའི་བྱ་བ་བྱེད་པ་ལ་དེར་འབྲེལ་གྱི་གཞུང་ལུགས་བསླབ་རྒྱུ་གལ་ཆེ་ལ། སྐད་གཉིས་ཤན་སྦྱར་གྱི་དཔེར་བརྗོད་གསོན་པོ་ལས་གོ་བ་བཙལ་རྒྱུའང་ཤིན་ཏུ་གལ་ཆེ། འདིར་ཁོ་བོས་ནམ་རྒྱུན་གྱི་དཔེ་ཀློག་དང་དྲ་ཐོག་གི་འཆད་ཁྲིད་ཅི་རིགས་ལ་ཉན་པ་ལས་བསྡུ་རུབ་བྱས་པའི་བོད་རྒྱ་ཤན་སྦྱར་གྱི་ཚིག་འགའ་ཞིག་དཔེར་བརྗོད་དུ་བཀོད་ཡོད་དེ། འདི་དག་ལས་ལ་ལ་ནི་བསྟན་བཅོས་ལས་ཐད་ཀར་བླངས་ཤིང་ལ་ལ་ནི་རང་གིས་ཤེས་ཚོད་ཀྱིས་བསྒྱུར་བ་དང་། ཁ་ཅིག་ནི་མཁས་པའི་གསུང་ལས་ཐོས་པ་ཡིན། འདི་དག་མཐའ་གཅིག་ཏུ་ཡང་དག་པའི་ངེས་པ་མེད་མོད། མང་པོ་ནི་ཞིབ་འཇུག་གི་འབྲས་བུས་གཏམས་ཤིང་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པའི་མཁས་པ་ཚོའི་བཞེད་ཚུལ་ཡིན་ཕྱིར་རང་ཅག་ལས་དང་པོ་བ་རྣམས་ལ་ཅིས་ཀྱང་བློ་བསྐྱེད་ངེས་ཅན་རེ་སྦྱིན་ཐུབ་པ་ནི་དངོས་པོའི་གཤིས་སུ་གྲུབ། དེར་མ་ཟད། རྒན་སངས་རྒྱས་ལགས་ཀྱིས་ཟླ་ཟེར་རྩོམ་སྒྲིག་ཁང་གི«བསྒྱུར་རྩོམ་ཕུན་ཚོགས་འདོད་དགུའི་རོལ་མཚོ»ལ་མགོ་བརྗོད་བྲིས་པའི་མཇུག་ཏུ། “འགྱུར་ཆོས་ཇི་ཙམ་མང་ན་བོད་ཀྱི་རྩོམ་རིག་ལ་དེ་ཙམ་གྱིས་ཟུངས་རྒྱས་ངེས་རེད། ཐ་ན་མ་ཡིག་གཅིག་ལ་འགྱུར་དུ་མ་འབྱུང་ཐུབ་ན་དེ་ནི་ཡིག་སྒྱུར་གྱི་ལས་དོན་དར་བའི་དགེ་མཚན་ཞིག་ཏུ་མཐོང་དགོས།”[1]ཞེས་གསུངས་པ་ནང་བཞིན། མཁས་པ་སོ་སོའི་བློ་གྲོས་ལས་བྱུང་བའི་འགྱུར་མི་འདྲ་བ་སྣ་ཚོགས་ཡོད་ན། ང་ཚོར་གདམ་གསེས་ཀྱང་ཇེ་མང་དུ་འགྲོ་ལ། ང་ཚོའི་བློ་སྒོ་ཡང་ཇེ་ཆེར་དབྱེ་ཐུབ་བོ། །
སྐད་གཉིས་ཤན་སྦྱར་གྱི་དཔེར་བརྗོད་རྣམས་གཤམ་གསལ་ལྟར་རོ། །
(གསལ་བཤད་བྱ་དགོས་པ་ཞིག་ལ། འདི་དག་ལས་རྒྱ་སྐད་ཀྱི་ཚིག་ཕལ་ཆེ་བ་མ་རྩོམ་དུ་མེད་ནའང་ཁོ་བོས་འབད་པས་རྒྱ་སྐད་དུ་བསྒྱུར་བ་དང་། ཕྱིས་ཀྱི་གུག་རྟགས་སུ་མཚན་བཀོད་པ་ཁ་ཤས་ནི་ཁོ་བོས་ཐོག་དང་པོར་མཁས་པ་དེའི་ཞལ་ནས་ཐོས་པ་བསྟན་པ་ལས་ཚིག་དེ་ཆེས་ཐོག་མར་སྒྱུར་མཁན་མཁས་པ་དེ་ཡིན་པ་མཚོན་ཕྱིར་མིན།)

འོབས་སུ་ལན་གཅིག་ལྷུང་ན་ཤེས་རབ་ལན་གཅིག་འཕེལ། 吃一堑,长一智 (བོད་རྒྱ་ཚིག་མཛོད་ཆེན་མོ། 2535)
མཁས་པ་ནི་ཐོན་སྐྱེད་ཀྱི་སྟོབས་ཤུགས་དང་པོ་ཡིན། 人才是第一生产力 (དཔའ་རིས་སངས་རྒྱས།)
“དམག་གི་གོ་མཛོད་ཁང་།” 武器库 («གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག» 198)
རེས་རྒྱལ་རེས་ཕམ། 时胜时负 («གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག» 155)
མདའ་ར། 射箭场
གནའ་བཟང་དེང་སྤྱོད། 古为今用
བཟང་སྐྱོང་ངན་འདོར། 惩恶扬善
ངོ་ལྐོག་མཚུངས་པ། 表里如一
རུས་སྦལ་ཤུན་སྐོགས། 甲骨;龟甲兽骨
“ཡ་རབས་ཀྱི་མིག་ལྟོས་སློབ་པ་གལ་ཆེ། ”榜样 (ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་གསུང་ཐོར་བུ་བཞུགས་སོ།)
“བྲག་ལ་ཁུ་ཚུར་བསྣུན་པ།” 以卵击石 («ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།» རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 124)
“དགོངས་ཁྲོལ་མ་བྱུང་བའི་མུར” 未准假(«ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།» རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། 41)
“སྡེ་དགོན་ཕྱོགས་རིས་ཙམ་གྱི་བསྟན་པ་དང་། །ཞྭ་ཡི་ཁ་དོག་ཙམ་གྱི་གྲུབ་པའི་མཐའ། །མིང་དང་གྱོན་པ་ཙམ་གྱི་སྐྱ་སེར་ལ། །སྙིང་བོ་མ་མཆིས་རི་མོའི་སྟག་གཡག་བཞིན། །” 纸老虎 (གུང་ཐང་བསྟན་པའི་སྒྲོན་མེ།)
སེང་གེའི་ཡ་མགལ་ལ་ཁྱི་གུའི་མ་མགལ་སྤྲད་པའི་དཔེ། 驴唇不对马嘴;驴头不对马嘴
“ཕག་གི་ཡ་མགལ་དང་ཁྱི་ཡི་མ་མགལ་སྦྱར་བའི་དཔེ།” 驴唇不对马嘴 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། 122)
“ར་མགོ་ལུག་སུག་སྦྱར་བའི་གཏམ།” 驴唇不对马嘴 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། 223)
“རྣ་བ་བྲེགས་ནས་མཇུག་མའི་རྒྱན།” 驴唇不对马嘴(«རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 196)
“སྐྱེས་བུའི་ལུས་ཀྱི་རྩལ་གསུམ་ཞེས་མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་བརྒལ་བ། ཡང་རྩལ་བྱ་ལ་འགྲན་པ་རྣམས་དང་།” 轻功 («ལོ་གསར་སྟོན་བཤད་ལས་མས་གཏམ་འཇིག་རྟེན་གྱི་རིམ་པ།» རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ།)
“བཟང་ལ་གཏང་རག་དང་ངན་ལ་ཆད་པ་བྱས།” 奖善惩恶 («ལོ་གསར་སྟོན་བཤད་ལས་མས་གཏམ་འཇིག་རྟེན་གྱི་རིམ་པ།» རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ།)
“ཁྲིམས་ལུགས་དྲང་ལ་སྙོམས།” 公正、公平 («ལོ་གསར་སྟོན་བཤད་ལས་མས་གཏམ་འཇིག་རྟེན་གྱི་རིམ་པ།» རྡོ་གྲུབ་ཆེན་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ།)
“མཛེས་མ་དེ་ནི་ནད་དྲག་པོས་ཟིན་ཅིང་ཤི་མིག་གསོན་ལ་རེ་བའི་ངང་ཁྱོ་བོ་ལ་ཁ་ཆེམས་བཞག་པ་” 垂死挣扎(«བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།» རིན་ཆེན་རྡོ་རྗེས་བསྒྲིགས། 407)
“མིས་འཕྱ་ཁྱིས་འགོམ་བླ་འཚོང་བོ།” 任人宰割;随人宰割;任人摆布;任人摆弄;听人穿鼻 («ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད།» གུང་ཐང་བསྟན་པའི་སྒྲོན་མེ།)
“ང་རྒྱལ་པོས་སྨྲས་པ་ལན་གཅིག་ཡིན་ནོ་གསུངས་པས།” 一言九鼎(«མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་པས་གྲོལ་བ་ལས་ཇི་ལྟར་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་ལེའུ།»)
“མུན་ནག་མདའ་འཕངས་ལྷའི་སྤྱན། །ཞར་བས་རྡོ་འཕངས་ཀླུའི་མགོ། །” 歪打正着;偶然巧合;无巧不成书(མོ་སྟོན་ཕག་མགོའི་སྟབས་འགྲིག་སོང་བའི་དཔེ)
སྡུག་རེ་གཏགས་ན་ཧ་རེ་གོ 吃一堑,长一智
“རྟའི་བང་དང་། སེང་གེའི་མཆོངས་སོགས་ལུས་ཀྱི་སྒྱུ་རྩལ་ལ་མཁས་ཤིང་།” 狮子跳
“མཐུན་ཕྱུག་ཤེས་རིག་ལྡན་པའི་བོད་གསར་འཛུགས་སྐྲུན།” 建设和谐富裕文明的新西藏(«ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས།» 332)
རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་། 国家民族事务委员会(«ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས།» 382)
ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་འབའ་ཞིག་ཡིན། 实践是检验真理的唯一标准(«ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས།» 385)
“མང་སྣེ་ཉུང་གིས་མ་ཟིན་པ།” 寡不敌众(«བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ།»པོད་གསུམ་པ། 494)
རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར། 赔了夫人又折兵
བྱ་མེད་ཚེ་བུང་བས་ནམ་ཚོད་འཛིན། 山中无老虎,猴子称大王(ཁྱུང་ཕྲུག་བློ་བཟང་དར་རྒྱས།)
བརྒྱ་ཁ་གཅིག་གྲགས། 百口同声
ཡོངས་ཁྱབ་རིན་ཐང་། 普世价值
“རྡོ་ཐོག་ཏུ་ཆུ་བླུགས་པ་བཞིན་སློབ་མའི་རྒྱུད་ལ་སྨིན་པར་བྱེད་ཐུབ་ཀྱི་མེད་པ།” 形容无济于事(«བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 166)
འཕྲུལ་རྟེན་ཡིག་སྒྱུར། 机器翻译 («བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 480)
བཙན་བརྗིད་རང་བཞིན། 权威性 («བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 364)
གྲངས་གཞི་ཅན་དུ་བསྒྱུར་བཅོས། 数字化(«བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 240)
“དཔེ་མཛོད་ཁང་དེར་བོད་ཀྱི་ཡིག་རྙིང་ཨང6378ཙམ་ཡོད་པར་བསྒྲགས་འདུག་ལ། དེའི་ཁྲོད་གཞི་གྲངས་སུ་བསྒྱུར་བ་ཨང1142ཡོད།” 数字化;数据化(«ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས།» 63)
གྲངས་གཞིའི་གློག་བརྙན་ཁང་། 数字影院(«བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 241)
བརྙན་མཐུད་ཟློས་གར། 电视连续剧 («བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 282)
ཡར་ཐོན་རྩེ་བུད། 出类拔萃 (དོར་ཞི་ཚང་།)
ཇ་ལན་ཆུ་འཇལ། 忘恩负义;无情无义(借米还糠)
བཙོས་ཤ་རྗེན་ལོག 借米还糠
ཕ་སྟོན་ལ་བུའང་སྟོན་པ་བྱུང་། 虎父无犬子;名师出高徒
ཆར་འབེབས་སེར་འགོག 增雨防雹
ཁུར་འཁྱེར། 担当 (རྒྱ་ཡེ་བཀྲ་བྷོ།)
དུས་རབས་འབྱེད་པའི་དོན་ཆེན། 划时代的大事(རྒྱ་ཡེ་བཀྲ་བྷོ)
ཚོར་ངས་ཆེ་བ། 敏感(སུམ་པའི་མ་ཤགས་ཆེན་མོའི་ཁྲིད། གུར་མགོན་སྐྱབས།)
དབྱུག་པ་གཡུག་པ་དང་རི་བོང་ལྡིང་བ་གཉིས་ཐོ་ཐུག 形容恰到好处,十分蹊跷,十分巧合
སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས། 融媒体中心(ཀན་ལྷོའི་ཚགས་པར་ཁང་།)
མཚོ་འཕགས། 海拔(གཅན་ཚ་བཀྲ་བྷོ།)
དམངས་སྲོལ་བཅོས་མ། 伪民俗(གཅན་ཚ་བཀྲ་བྷོ།)
གཡས་རམ་གཡོན་འདེགས། 左右帮腔(《浅谈藏语成语》 赵远文)
ནད་ཐོག་སྨན་འཁེལ། 对症下药(《浅谈藏语成语》 赵远文)
མཛུབ་མོས་རི་སྟོན། 指山为路(《浅谈藏语成语》 赵远文)
ལ་འདེད་ཀླུང་འདེད། 东追西赶(《浅谈藏语成语》 赵远文)
ཁྭ་རྟ་མདའ། 风马牛不相及(《浅谈藏语成语》 赵远文)
སྔ་དྲོ་གསོད་པའི་ཤན་པ། ཕྱི་དྲོ་འདྲེན་པའི་བླ་མ། 五十步笑百步(《浅谈藏语成语》 赵远文)
གླང་གཉའ་ཚིལ་རྐྱལ། 大腹便便,肥头大耳(《浅谈藏语成语》 赵远文)
ཆུ་བདེ་ཉ་སྐྱིད། 国泰民安(《浅谈藏语成语》 赵远文)
ལེགས་པ་ཀུན་འཛོམས། 十全十美(《浅谈藏语成语》 赵远文)
གཉའ་ཞ་ཞ། སྐྱིད་ལྷེམ་ལྷེམ། 缩颈懒做(《浅谈藏语成语》 赵远文)
སྤུ་གྲིའི་སྦྲང་རྩི། 比喻思想不坚定,受人拉拢,中了“糖衣炮弹”的人(《浅谈藏语成语》 赵远文)
ལས་ཐོབ། 职称
གནས་རིམ། 职位
གོ་གནས་མཐོ་རིམ། 正高级
གོ་གནས་མཐོ་རིམ་གཞོན་པ། 副高级 («བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 240)
འགལ་ཟླ་གཅིག་གྱུར། 矛盾统一
དངོས་ཕན་རིང་ལུགས། 实用主义
མི་གཞུང་བསམ་བློ། 人文思想 («བོད་འབྲེལ་སློབ་ཆེན་དགེ་རྒན་འགའི་གནས་སྟངས་ལས་འཕྲོས་པ།» ཡུལ་ལྷ་ཐར།)
“བུབ་པའི་སྟེང་དུ་ས་ཡིས་མནན་པ།” 雪上加霜
“བདེ་བའི་ལམ་སྣ་སྡུག་བསྔལ་གྱིས་འདྲེན་པ།” 苦尽甘来 («དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ།»276)
“རྣ་བ་བཅད་ནས་འཕོངས་ཀྱི་ལྷན་པ་བྱེད།” 剜肉成疮;比喻行事只顾一面,结果与预想适得其反 («དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ།»237)
“ལ་བླན་ལུང་བཀུག་བྱས་ཀྱང་ལྟོ་རྒྱབ་མི་ཕྱིད་སྦྱོང་།” 形容声嘶力竭,无济于事
ལེགས་སྤེལ་ཉེས་འགོག 遏恶扬善(དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ། 3)
མོན་ཡུལ་རྡོར་གཅོད་ཀྱི་དཔེ། 积非成是;是非混淆 (མ་དག་པས་དག་པ་སུན་འབྱིན་པའི་དཔེ།)
མ་དག་རྒྱུན་འབྱམས། 积非成是
དམངས་གསུམ་རིང་ལུགས། 三民主义
འཕྲེད་དར། 横幅 (ཟམ་ཚ་ཚེ་རིང་དོན་གྲུབ།)
བ་མོ་གཅིག་གིས་མི་ཡི་ཞིང་ཟོས་ནས། །བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བུ་བཀག །害群之马
“གྲིས་རྨོ་མེས་འདེབས།” 刀耕火种 (《藏语词法和形态》 14)
འབྲུག་མགོ་ཙུག་རྔ། 虎头蛇尾 (གཅན་རང་སད།)
ཉི་མ་ཉིན་གུང་ལ་བསླེབས་པ། 如日中天 (སྒོ་ཤེར་གྱིས«གཏམ་རྒྱུད་གསེར་ཐང»དུ་ཡོད་པར་བཤད།)
དུར་མཆོད་དུས་ཆེན། 清明节 (ཧོར་གཙང་དོན་འགྲུབ།)
གཤིས་སྤུས་སློབ་གསོ། 素质教育(«དགེ་རྒན། ཁྱད་འཕགས་ཀྱི་ལས་རིགས།» ཞོགས་དུང་།)
དཔེ་ཆོས། 成语 (དཔའ་རིས་སངས་རྒྱས།)
ལས་ཆོད་ཆེར་བསྐྲུན། 扩大(提高)效率 («བོད་ཀྱི་ཡི་གེ་རིག་པའི་རྣམ་གཞག་རིག་འཕྲུལ་འོད་ཕུང་།»137)
老板 ཚོང་རྒན། (རོང་བོའི་དགེ་བཤེས་འཇིགས་མེད་བློ་གྲོས།)
སངས་རྒྱས་ལ་ཀ་ཁ། 班门弄斧(《试论汉藏翻译中传统词汇挖掘与应用》 仁青才仁)
སྨིག་རྒྱུ་གྲོང་ཁྱེར། 海市蜃楼 (《试论汉藏翻译中传统词汇挖掘与应用》 仁青才仁)
ཆུ་དྭངས་ཉ་གསལ། 水落石出(《多仁班智达传》)
སྦྱོར་བ། 加工 (《试论汉藏翻译中传统词汇挖掘与应用》 仁青才仁)
ཕོ་རབ་གཅིག་གི་བློ་རྒྱ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། 三个臭皮匠顶个诸葛亮(《试论汉藏翻译中传统词汇挖掘与应用》 仁青才仁)
ཚོར་བརྗེ། 痛感
“ལས་ཀྱིས་ནོངས་པའི་གང་ཟག་ལ། །སྨན་བྱིན་པ་ཡང་དུག་ཏུ་འགྱུར། །” 比喻不知好歹;恩将仇报;过河拆桥;忘恩负义
“དགོན་སྡེ་ཆེ་ཆུང་མང་པོའི་མཁན་ཁྲིར་བསྡད་པའི་གྲགས་སྟོང་ཙམ་ཐོབ་བྱ་མཐར་ཐུག་ཏུ་སེམས་པའི་ཆེ་ཁྲ་མང་བོ།” 虚名 (ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། 409)
ཁྭ་ཏའི་མི་གཙང་ཟོས་པའི་མཆུ་ས་གཙང་ལ་འཕྱིས་པའི་དཔེ། 嫁祸于人;倒打一耙;以邻为壑;反咬一口
བོང་བ་གསེར་གཟུགས། 视土为金
ཐུགས་ཡིད་གཅིག་འདྲེས། 心心相印
རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར། 走马观花
དར་འཕྱར་དུང་འབུད། 敲锣打鼓
“འཁོར་ལོས་བསྒྱུར་བའི་རྒྱལ་བོའི་ཡན་ལག་བཞི་བའི་དཔུང་ལ་དམུས་ལོང་གླེན་པ་དབྱུག་པས་གཡུལ་འགྱེད་པ་དང་མཚུངས།” 同“以卵击石”
རྟ་ལམ་གྲོག་མས་བཀག 螳臂当车 (དཔའ་རིས་སངས་རྒྱས།)
ལོང་གཏམ། 闲话
མེ་ལ་བུད་ཤིང་བསྣན་པ། 火上浇油
“དག་ཡིག་རྒྱས་བསྡུས་རྣམས་གླང་ཆེན་གྱི་རྒྱབ་ཁལ་ལོངས་པ་ལྟ་བུ་བརྩམས།” 汗牛充栋 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། 217)
“དཔྲལ་ཀོ་སྲབ་པ།” 脸皮薄 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ།)
ཁ་མདོག་སེར་བོའི་གློག་བརྙན། 黄色电影 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ།)
དེང་རབས་སུ་འགྱུར་བ་རྣམ་བཞི། 四个现代化 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ།)
དེང་རབས་ཀྱི་འགྱུར་བ་རྣམ་བཞིའི་འཛུགས་སྐྲུན། 四个现代化建设 («བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད»ཀྱི་གླེང་གཞི། ཚེ་ཏན་ཞབས་དྲུང་ཚང་།)
བློ་ཁ་རྒྱས་པར་གྱུར་བ། 思想成熟 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། 12)
རང་འཁོས་དང་བསྟུན་པ། 力所能及 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ།)
འཕྲལ་སེལ་སྲིད་གཞུང་། 临时政府 (གུར་མགོན་སྐྱབས།)
རྟོན་པ་རྣམ་བཞི། 四个自信 (ཟམ་ཚ་ཚེ་རིང་དོན་འགྲུབ།)
འབྱུང་ཁུངས་དངོས། 真来源
འབྱུང་ཁུངས་ཆ་འདྲ་བ། 伪来源
ཤ་འཁེངས། 冻肉(ཐུབ་བསྟན་ཕུན་ཚོགས།)
ནག་ཡན། 情妇  མྱི་ཡན། 情夫 (ཐུབ་བསྟན་ཕུན་ཚོགས།)
ཕྱུག་པོས་ནོར་འབུལ། དབུལ་བོས་ཚེགས་ཕུལ། 有钱出钱,无钱出力 («སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད།»331)
མི་ཤི་རྟ་འགྱེལ། 人仰马翻
ས་ཞིང་བསྒྱུར་བཅོས་ཀྱི་ལས་འགུལ། 土改运动
མགོན་མེད་སྐྱབས་བྲལ། 无依无靠
ཏང་མི། 党员 (《藏语简志》176)  
ཏང་ཡོན། 党费
“ཤ་ཚའི་གཏམ་གྱི་ཚེར་མ་ནི། །རྣ་བར་རྩུབ་ཀྱང་དོན་ལ་སྨན། །” 忠言逆耳利于行 (བསེ་ཚང་བློ་བཟང་དཔལ་ལྡན།)
“དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།” 社会很单纯,复杂的是人(流行歌词) (སློབ་དཔོན་དཔའ་བོ།)
“སྐྱེད་ལྕི་བའི་བུ་ལོན་ལེན་མཁན།” 高利贷(«ནང་དོན་རིག་པའི་སྤྱི་བཤད།» སྙན་བཟང་བ་དགེ་འདུན། 131)
ཁྲིམས་འཇགས། 稳定 (གུར་མགོན་སྐྱབས།)
ཁྲམ་བྱང་། 身份证 (གུར་མགོན་སྐྱབས།)
གཞི་རྩའི་རིན་ཐང་ལྟ་བ། 核心价值观 (སྒོ་ཤེས་རབ་རྒྱ་མཚོ།)
རྡོ་ཆག་བཙན་སྒྲིག 生搬硬套
སྟག་གི་མཆོང་སར་ཝས་མི་སླེབ(སླེབས)པ། 自不量力
ལྟ་བས་ཆོག་མི་ཤེས་པ། 百看不厌
སྔར་གྱི་སྙུན་རོ་འཕར་བ། 旧病复发
གནམ་དུས།天时 ས་བབས། 地利 མི་སེམས་མཐུན་པ། 人和(མགོ་ལོག་རྣམ་རྒྱལ།)
རང་སྡུག་རིན་གྱིས་ཉོས་པར་ཟད། 自讨苦吃
ངོ་ལྐོག་མེད་པ། 表里如一(གུང་ཐང་བསླབ་བྱ)
སྤྱི་ཅེར། 秃子
“བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཆེན་པོ།” 灌顶普善广慈大国师
“བཤེས་གཉེན་དག་ཀྱང་སྙན་བརྒྱུད་འདི་ལྟ་བུ། །མཐོང་ཚེ་ཁྲོན་པའི་ནང་གི་ཀ་མི་ཐ། །” 井底之蛙 (གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། «རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་བླ་མ་དཀོན་མཆོག་མཚན་ཅན་གྱི་བསྟོད་པ།» རྗེ་བཙུན་འཇམ་དབྱངས་འཇམ་པའི་རྡོ་རྗེ།)
“ཉི་མས་མཐོང་ན་ཉི་མ་འགུལ་མི་འདོད་པ།” 闭月羞花、沉鱼落雁(གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། «དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་།»)
“གནམ་གྱིས་བསྐོས་པས། ཚེ་རྒྱུན་ཡུན་རིང་།” 受命于天,既寿永昌(གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། «རྒྱ་ནག་ཆོས་འབྱུང»གུང་མགོན་པོ་སྐྱབས།)
“མི་ངན་ལ་དབང་བསྐུར་ན་ཆུ་ལ་བྲེ་འཇལ་བྱེད།” 竹篮打水一场空;出尔反尔;言行不一(གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། «མི་ལ་རས་པས་ཆུང་དུས་སྡུག་མཐོང་ཚུལ།»གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན།)
ནོར་མི་རྟག་རྩྭ་ཁའི་ཟིལ་བ། 富贵浮云 (གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། «མི་ལ་རས་པས་ཆུང་དུས་སྡུག་མཐོང་ཚུལ།»གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན།)
མང་མི་གཙོ་གྲུང་གཙོ། 兵不在多而在于精;宁缺毋滥 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་གཉིས་པ། 468)
གླང་ཁལ་བྱི་བས་འཁུར་བར་མོས་པའི་ཚུལ།才疏志大(ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་གཉིས་པ། 469)
མཁས་པ་ཇི་ལྟར་ཐབས་སྡུག་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱེའུ་སྐོམ་ན་ཡང་། །ས་ལ་བབས་པའི་ཆུ་མི་འཐུང་། ། 志士不饮盗泉之水,廉者不受嗟来之食。(ལེགས་བཤད་རིན་པོ་ཆེའི་གཏེར།)
མེ་འབར་བའི་ཀློང་དུ་རྩྭ་སྐམ་འཕེན་པ། 火上浇油 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 490)
“སློབ་མ་བླ་མའི་རྗེས་སུ་འབྲངས་པ་དང་། བུ་ཕའི་རྗེས་སུ་འབྲངས་པ།” 形容天经地义
“སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།” 有失才有得;唯有自律,方得自由
“སྟོད་པའི་ཟོལ་གྱིས་སྨོད་པའི་སྐྱོན་ཅན།” 口蜜腹剑;佛口蛇心 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 468)
རང་རྒྱལ་གཞན་ཕམ། 损人利己
“སྤྲང་བོ་ཟས་ཟད་ཀྱིས་ཁོ་བོའི་ལག་མཐིལ་ན་དགོས་འདོད་ཀུན་འབྱུང་གི་ནོར་བུ་རིན་ཐང་དང་བྲལ་བ་ཞིག་ཡོད་དེ། སུས་ཀྱང་མི་མཐོང་ངོ་། །ཞེས་སྨྲ་བ་དང་མཚུངས།” 自取其辱;自讨没趣;掩耳盗铃 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 451)
“ཡལ་ག་ཞོན་ནས་རྩ་བ་གཅོད་པ།” 自作自受;作茧自缚;自寻死路 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།»443)
འབེན་མ་མཐོང་བར་མདའ་འཕངས་པའི་དཔེ། 无的放矢
“ཁབ་ཀྱི་བུ་ག་ནས་ནམ་མཁའི་ཚོད་འཛིན་མ་བྱེད་ཅིག” 以蠡测海 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 303)
རྟ་རྒྱུག་པའི་ཞར་ལ་སྤང་བཅད། 顾此失彼
རྡོ་བླངས་ནས་རུམ་གྱི་བྲོ་ལྟུང་། 顾此失彼
“རྩིག་ངོས་ལ་སྲན་མ་གཏོར་བ་ཆགས་པའི་དཔེ།” 千载难逢;大海捞针;百年不遇;铁树开花 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 333)
“གཞན་སྐྱོན་རྡུལ་ཕྲན་ལྟ་བུ་མཐོང་ལ་རང་སྐྱོན་རི་རབ་ལྟ་བུ་མི་མཐོང་བ།” 目不见睫 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།»296)
“སེང་གེ་མཆོང་སར་ཝ་མཆོང་ན་རྐེད་པ་འཆག་པའི་དཔེ།” 自不量力;蚍蜉撼树 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 296)
སྦོམས། 周长  འཕང་། 高度
ཉི་མ་ཤར་བ་སྤར་མོས་མི་ཁེབས། 纸里包不住火 (ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་གཉིས་པ། 69)
粉丝 དབྱིངས་པ། (དབུས་གཙང་སྐད། ལྕགས་ཐར་རྒྱལ།)
མདུང་རྩེ་ཁ་སྤྲོད། 刀剑相向;针锋相对 (སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ། 66)
སྦྲུལ་མདུད་སྦྲུལ་བཤིག་གི་དཔེ། 解铃还须系铃人 (གྲུབ་མཐའི་སྐོར་གྱི་རྣམ་བཤད། དུང་དཀར་བློ་བཟང་འཕྲིན་ལས། 470)
“མི་ཁྲག་ཤེད་སྐྱོ་བ་རྣམས་དགུན་ཁ་ཧ་ཅང་འཁྱགས་པའི་ཚོར་སྣང་ཡོད་ལ་ཁྲག་ཤེད་མཐོ་བ་རྣམས་དགུན་ཁ་འཁྱགས་པའི་ཚོར་བ་ཅུང་ཆུང་།” 血压 (གྲུབ་མཐའི་སྐོར་གྱི་རྣམ་བཤད། དུང་དཀར་བློ་བཟང་འཕྲིན་ལས། 530)
གཡོན་ཐལ་བསམ་བློ། 左倾思想 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 67)
རྗེས་གྲབས་དམག་མི། 后备军 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 109)
རྣམ་ཕྱི་བ། 贴身侍卫 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 119)
དེབ་བཞི་གཞུང་ལྔ། 四书五经 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 144)
ཆ་ཤས་ལ་བརྟེན་ནས་ཁྱོན་ཡོངས་ལ་ཚོད་དཔག་བྱས། 以偏概全 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 145)
ས་གས་རི་ཉིལ། 山崩地裂 (དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་དཔྱད་རྩོམ་སྣ་ཚོགས། 225)
བྱི་ཕྲུག 私生子
རི་མོའི་བ་ལས་འོ་མ་འཇོ་བ་ཉིད། 纸上谈兵
“བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །” 望梅止渴 (ས་སྐྱ་ལེགས་བཤད)
“མེ་ཁྱེར་ལ་ཉི་མ་ལྟ་བུའི་ཐལ་ཆེ་བའི་བསྔགས་བརྗོད།” 驽马并麒麟,寒鸦配鸾凤 (ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེ་མེ་ལྕེ། 8)
“གྲོག་མའི་མིག་ལམ་ན་འབུ་ནག་བོངས་ཚོད་ཆེ་བའི་དཔེ།” 管中窥豹;以蠡测海 (ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེ་མེ་ལྕེ། 10)
ང་མིན་སུ་ཡིན། 舍我其谁
སྤྱང་ཀའི་རྣ་བར་ཆོས་བཤད་པ། 对牛弹琴
“གསེར་དང་སྐྱག་པ་མཉམ་པར་གཟིགས་པ།” 玉石不分 (ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེ་མེ་ལྕེ། 19)
“འབུ་ཟ་བཞིན་མ་ཎི་འདོན་པའི་ནེ་ཙོའི་བརྟུལ་ཞུགས།” 装模作样;弄虚作假 (ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེའི་མེ་ལྕེ། 40)
གནག་རྫི་རྒན་པོ་ལ་ཕྱུགས་ཀྱི་རྒྱས་བཤད་བྱེད་པ། 徒劳无益
ལོ་བརྒྱའི་དཀོར་གཉེར་ལ་རྟེན་བཤད་བྱེད་པ། 徒劳无益
འབེན་ཤར་ལ་མདའ་ནུབ། 南辕北辙;大相径庭
“ཁྱི་རྒྱགས་སྐར་མར་ཟུག་པའི་དཔེ།” 无所事事;虚度光阴 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 158)
“བླུན་པོ་སྨྲ་བ་ཉུང་ན་མཛེས།” 沉默是金 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 202)
ལྟོ་འདུན་ཅན་ལ་ཅི་ཡང་ཟས། ། 饥不择食
“བྱིས་པ་རང་གི་སྣང་བས་སྐྱིད།” 自娱自乐 («རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་དང་བོ་བཞུགས་སོ།» 263)
གོང་གི་དཔེར་བརྗོད་འདི་དག་ཏུ་བསྒྱུར་ནོར་བྱུང་ཡོད་པའམ་དེ་ལས་ལྷག་པའི་འགྱུར་ཡག་པ་ཡོད་ན་བློ་གཟུ་བོར་གནས་པ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོད་པར་མཁྱེན་མཁྱེན་མཁྱེན།

ལུང་ཁུངས།
1 «བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན།» ཁྲི་བསམ་གཏན། 263
འབྲེལ་ཡོད་འོས་སྦྱོར།