logo

རྒྱ་བོད་ས་མིང་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:སྤེན་སྒྲོལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-01-09 ཀློག་གྲངས།:
       སྤྱིར་ས་མིང་ནི་ལོ་རྒྱུས་རིག་གནས་ཀྱི་འཕེལ་རིམ་ཁྲོད་བྱུང་ཞིང་། དེ་ནི་མི་རྣམས་ཀྱི་ལས་དོན་དང་འཚོ་བ། འབྲེལ་འདྲིས་བཅས་ཀྱི་ཁྲོད་དུ་ཆེས་དགོས་མཁོ་ཆེ་བའི་ཡོ་ཆས་ལྟ་བུ་ཡིན་ལ། དེར་ཡང་མི་རིགས་རང་བཞིན་དང་སྤྱི་ཚོགས་རང་བཞིན། དུས་རབས་རང་བཞིན། ས་ཁོངས་རང་བཞིན་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད་ལ། དེང་སྐབས་ཆ་འཕྲིན་ཚན་རྩལ་འཕེལ་རྒྱས་ཤིན་ཏུ་མགྱོགས་པའི་སྤྱི་ཚོགས་ཁྲོད་དུ་ས་མིང་རིག་གནས་ནི་མཚོན་རྟགས་ཙམ་ཞིག་མ་ཡིན་པར། དེས་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འཕེལ་རྒྱས་དང་། རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་གྱིན་ཡོད། རང་ཅག་ལ་མཚོན་ན། གནའ་ནས་ད་བར་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱིས་ཕྱུག་ཅིང་། དེའི་ནང་དུ་ཡང་སྐད་དང་ཡི་གེ་ནི་རྩ་བའི་ཆར་གྱུར་ཡོད། བོད་སྐད་ནི་ཡུལ་སྐད་ཆེན་པོ་གསུམ་དུ་འབྱེད་པ་དང་། དེ་དག་གི་ཆར་གཏོགས་པའི་ཡུལ་ལུང་སོ་སོའི་ས་མིང་དག་ཀྱང་རྒྱ་ཡིག་སོགས་ཡིག་རིགས་གཞན་ལ་སྒྱུར་སྟངས་མི་འདྲ་བ་སྣ་ཚོགས་ཡོད།
       དེར་བརྟེན། དཔྱད་གཞིའི་ཡིག་ཆ་དང་ཟུར་ལྟའི་དཔེ་ཆ་ཟུང་འབྲེལ་བྱས་ནས་བོད་ཀྱི་ས་མིང་གི་ལོ་རྒྱུས་ལ་རྒྱུས་ལོན་ཡོང་བ་དང་། དེ་ལས་བོད་ཀྱི་ཡུལ་ལུང་ཁག་གི་ས་མིང་སྒྱུར་སྟངས་ཀྱི་དབྱེ་བའི་ཁྱད་ཆོས་ཤེས་འཚོལ་ཐུབ་པར་བྱས་ནས། ཁྱད་ཆོས་དེ་དག་གཞིར་བཟུང་སྟེ་དཔེ་ལ་སྦྱར་ནས་ཕན་ཚུན་བསྡུར་བའི་ཐབས་ཀྱིས་ཡུལ་སོ་སོའི་ས་མིང་སྒྱུར་སྟངས་ཀྱི་དབྱེ་བ་དང་ཧེ་བག་ཆུང་དུ་བཏང་ནས་བོད་མི་ཡོངས་ཀྱི་ངག་ནས་འདོན་ཐུབ་ལ་གོ་བ་ཡང་དག་ལེན་ཐུབ་ཕྱིར། ཡུལ་ལུང་སོ་སོའི་ས་ཆའི་གཞི་ཁྱོན་ཆེ་ས་ཁོ་ནར་མ་བལྟས་པར་ཆེ་ཆུང་གཉིས་ཀའི་ཐོག་ནས་བོད་རྒྱ་ས་མིང་ཡིག་སྒྱུར་གྱི་འགྱུར་སྐྱོན་དང་རྩ་དོན་སྐོར་རགས་ཙམ་གླེང་བར་འདོད།
དང་པོ། བོད་རྒྱའི་ས་མིང་གི་འགྱུར་སྐྱོན།
       སྤྱིར་བོད་ཁུལ་གྱི་ས་མིང་དག་རྒྱ་སྐད་ཡིག་ལ་སྒྱུར་སྐབས་གནད་དོན་དང་སྐྱོན་ཆ་དུ་མ་ཐོན་སྲིད་པས། དེ་དག་ནི་གཅིག་ནས་རིག་གནས་དར་སྤེལ་དང་མི་རིགས་ཕན་ཚུན་འབྲེལ་འདྲིས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གེགས་སུ་འགྱུར་ཉེན་ཡོད་པས། གཤམ་དུ་དེ་དག་གི་འགྱུར་སྐྱོན་གཙོ་ཆེ་བ་ཁག་གསུམ་དཔེ་དང་སྦྱར་ནས་གླེང་བར་བྱ།
       གཅིག སྒྲ་སྒྱུར་ཐལ་དྲགས་པའི་སྐོར།
       རྒྱ་བོད་ཡིག་སྒྱུར་སྐོར་གྱི་ཞིབ་འཇུག་པ་མང་པོས་སྒྲ་སྒྱུར་བྱེད་སྐབས་སུ་རང་སྣང་གང་ཤར་དང་བཙན་གྱིས་ཡིག་སྒྱུར་བྱེད་མི་ཆོག་པའི་སྐོར་ལ་ཡིག་སྒྱུར་གཞུང་ལུགས་ཀྱི་ཕྱི་མོར་གྱུར་པའི«སྒྲ་སྦྱོར་བམ་གཉིས»སུ། “ ……སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན། སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ།  ……བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་ཀུན་འདུ་བར་ཡང་མི་བཏུབ་སྟེ། མི་བསྒྱུར་བར་རྒྱ་གར་སྐད་རང་སོར་ཞོག་ཅིག”ཅེས་བསྟན་ཡོད་མོད། མ་ཡིག་གི་བསྟན་དོན་ནི་ཐད་སྒྱུར་དང་དོན་སྒྱུར་གང་རུང་བྱེད་ཐུབ་པ་རྣམས་བཙན་གྱིས་སྒྲ་སྒྱུར་བྱས་པ་ནི་ཅུང་མི་འཐད་པར་མཐོང་ཞིང་། ལྷག་པར་ས་མིང་གི་ཡིག་སྒྱུར་ཁྲོད་དུ་ཐད་སྒྱུར་དང་དོན་སྒྱུར་བྱེད་ཐུབ་པ་རྣམས་བཙན་གྱིས་སྒྲ་སྒྱུར་བྱས་པའི་གནས་ཚུལ་མང་དུ་ཡོད་པར། དཔེར་ན། “ཚོང་འདུས”ལ“充堆”ཞེས་སུ་བསྒྱུར་བ་ལྟ་བུའོ། ཡང་དཔེར་ན། “ལྷོ་ཁ་གྲོང་ཁྱེར”ལ“山南市”ལྟ་བུར་མཚོན་ན། གོང་གི་དཔེ་དེ་དང་རྩ་བ་ནས་མི་འདྲ་སྟེ། དེ་ནི་གཅིག་ནས་ཐད་སྒྱུར་དང་དོན་སྒྱུར་གཉིས་ཀྱི་ཐོག་ནས་བསྒྱུར་ཡོད་ཅིང་བཙན་གྱིས་སྒྲ་སྒྱུར་རྩ་བ་ནས་བྱས་མེད། གལ་ཏེ་བཙན་གྱིས་སྒྲ་སྒྱུར་བྱས་ན་རྒྱ་ཡིག་ཏུ“洛卡市”ལྟ་བུར་བསྒྱུར་ཉེན་ཡོད། དེ་ལྟར་ཡིག་སྒྱུར་བྱས་ན་གོ་དོན་རྟོགས་དཀའ་བའི་གནས་ཐོན་སྲིད་པ་དང་། ད་དུང་ལོ་ཙཱའི་ཚད་གཞི་ལས་འགལ་ཡོད་པ་ནི་གསལ་པོར་རྟོགས་ཐུབ་པས་དེ་ལྟར་བསྒྱུར་བ་ནི་ཡང་དག་མ་ཡིན་པའི་སྒྱུར་ཐབས་ཤིག་ཏུ་འདོད།
       གཉིས། རྒྱ་ཡིག་གི་ངོས་ནས་ནང་དོན་ཅི་ཡིན་ཆ་མི་འཚལ་བའི་སྐོར།
       སྤྱིར་མི་རིགས་ཁག་གི་རིག་གནས་དང་། དཔལ་འབྱོར། འཚོ་བའི་ཁོར་ཡུག་སོགས་ཀྱི་ཁྱད་པར་སྣ་ཚོགས་ལས་ཡིག་སྒྱུར་ཁྲོད་དུ་མ་ཡིག་གི་བརྗོད་དོན་དེ་འགྱུར་ཡིག་ཁྲོད་ཇི་བཞིན་མཚོན་མི་ཐུབ་པའམ། ཡང་ན་མིང་བརྡ་གསར་པ་འདོགས་དགོས་པ་ལ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་མོད། འོན་ཀྱང་ཡིག་སྒྱུར་བྱ་བར་འཇུག་སྐབས་ངེས་པར་ཐོག་མར་བསམ་གཞིག་བྱ་དགོས་པ་ནི་མ་ཡིག་གི་བརྗོད་དོན་འགྱུར་ཡིག་ཁྲོད་དུ་ཇི་ལྟར་ཡང་དག་པའི་སྒོ་ནས་མཚོན་པར་བྱེད་དགོས་མིན་ཡིན་ཞིང་། རྒྱའི་ལོ་ཙཱའི་གཞུང་ལུགས་མཁས་པ་ཡན་ཧྥུ་ཡིས་ལོ་ཙཱའི་ཚད་གཞིར“བསྟུན་བདེ་སྙན”གསུམ་ཞེས་བཏོན་པའི་ནང་གི“བསྟུན”ནི་ཨང་དང་པོར་འཇོག་དགོས་པའང་གཙོ་བོ་བརྗོད་བྱའི་དོན་གྱིས་ཡིག་སྒྱུར་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད་པ་གསལ་བཤད་གནང་ཡོད། གལ་ཏེ་ས་མིང་གི་ཡིག་སྒྱུར་ཁྲོད་དུ་འགྱུར་ཡིག་གི་བརྡ་ཆད་ཀྱི་ངོས་ནས་ནང་དོན་ཅི་ཡིན་ཆ་མི་འཚལ་བ་ཡིན་ན། དེ་ནི་ས་མིང་དེས་མིང་གི་དགོས་པ་སྟོན་མི་ཐུབ་པར་གྱུར་འགྲོ་བས་སྤང་བྱའི་གནད་ཡིན་པར་སེམས།
       གསུམ། རིག་གནས་ཀྱི་སྤྱི་འགྲོས་དང་མི་མཐུན་པའི་སྐོར།
       མི་རིགས་ཀྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས་འགྲོ་དགོས་ན་སྐད་ཡིག་གི་བཀོལ་རྒྱ་ཆེ་ཆུང་དང་འབྲེལ་བ་དམ་པོ་ཡོད་པས། བཀོལ་རྒྱ་ཇི་ལྟར་ཆེ་ན་མི་རིགས་གང་དེའི་རིག་གནས་དང་སྐད་ཡིག་འཕེལ་རྒྱས་འགྲོ་བ་ནི་ཆོས་ཉིད་རེད། དེར་བརྟེན། རྒྱ་བོད་ས་མིང་གི་ཡིག་སྒྱུར་ཡང་དག་དང་ཚད་ལྡན་ཞིག་ཡོང་བར་རིག་གནས་ཀྱི་སྤྱི་འགྲོས་དང་བསྟུན་ཐུབ་དགོས། དེ་ལྟར་བྱུང་ན་གཅིག་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་པ་དང་། གཉིས་ནས་ས་མིང་གི་ཡིག་སྒྱུར་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཐུབ་ངེས་ཡིན།
གཉིས་པ། ས་མིང་ཡིག་སྒྱུར་གྱི་རྩ་དོན་བརྗོད་པ།
       ཐོག་མར་རྩ་དོན་ཞེས་པ་ནི་ཅི་འདྲ་ཞིག་ཡིན་མིན་ཤེས་དགོས་ཏེ། དེ་ཡང་དཔྱད་གཞིའི་ཡིག་ཆའི་ནང་དུ“རྩ་དོན་ཞེས་པ་ནི་རྩ་བའི་དོན་གནད་དམ་ངོ་བོའི་གནས་ལུགས་ལ་གོ་དགོས་ཤིང་། རྩ་དོན་དང་ཚད་གཞི་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཞིག་ཡིན་པ་སྟེ། རྩ་དོན་ལ་གཞིགས་ནས་བྱ་བ་སྒྲུབ་པའི་ཚད་གཞི་བྱུང་བ་དང་། རྩ་དོན་དེ་ཉིད་མངོན་སུམ་དོན་འཁྱོལ་བྱེད་པར་ཚད་གཞི་ལ་བརྟེན་དགོས་པ་ཡིན”ཞེས་འཁོད་ཡོད། ང་ཚོས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་སྲུང་དགོས་པའི་བཅའ་ཁྲིམས་སམ་ཡང་ན་སྒྲིག་ཁྲིམས་ལྟ་བུ་ཡོད་ངེས་ཡིན་ལ། རྣམ་ཀུན་ཡིག་སྒྱུར་གྱི་བྱ་བར་ཞུགས་ན་ཡང་བརྩི་སྲུང་བྱ་དགོས་པའི་ལོ་ཙཱའི་རྩ་དོན་དུ་མ་ཡོད། དེ་དག་ནི་མི་རིགས་ཁག་དང་རྒྱལ་ཁབ་ཁག་གི་ལོ་ཙཱའི་ཞིབ་འཇུག་པ་དང་མཁས་པ་མང་དག་ཅིག་གིས་དེའི་ཁྲོད་ཀྱི་རྩ་དོན་གྱི་གཞུང་ལུགས་དུ་མ་འདོན་སྤེལ་གནང་ཡོད་པར་མ་ཟད། རྗེས་རབས་པ་ཚོས་ཀྱང་རྩ་དོན་དེ་རིགས་གཞིར་བཟུང་སྟེ་སྔོན་ནས་ད་བར་དུ་སྒྱུར་རྩོམ་སྤུས་དག་རི་བོའི་གཏོས་ལྟར་སྤུངས་ཡོད་པ་རེད། རང་རེའི་ས་མིང་ལོ་ཙཱའི་རིག་གནས་ཀྱི་ཐད་ལ་ཡང་མེས་པོ་རྣམས་ཀྱིས་དཀའ་བ་སྤྱད་ནས་ལེགས་སྐྱེས་རབ་དང་རིམ་པ་ཕུལ་ཡོད། ཡིག་སྒྱུར་ལས་ལ་འཇུག་མཁན་ཞིག་ལ་མཚོན་ན། མེས་པོ་རྣམས་ཀྱི་ཤུལ་དུ་བཞག་པའི་རིག་པའི་གཞུང་ལུགས་དག་ལ་བརྩི་སྲུང་ཞུས་ནས་ཡིག་སྒྱུར་གྱི་ལམ་བུར་བསྐྱོད་ན་བཟང་བར་སེམས། དུས་མཚུངས་སུ་ས་མིང་ཡིག་སྒྱུར་གྱི་བྱ་བའི་ཁྲོད་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་འགའ་གཤམ་དུ་གླེང་ན།
       གཅིག གཅིག་གྱུར་གྱི་ཚད་དང་མཐུན་པའི་རྩ་དོན།
       ས་མིང་ནི་ལོ་རྒྱུས་རྒྱས་བསྡུས་དང་ཆོས་འབྱུང་རྣམ་ཐར་སོགས་གང་ལ་མཚོན་ན་ཡང་ཧ་ཅང་གལ་ཆེ་བ་ཞིག་ཡིན། ས་མིང་ལ་བརྟེན་ནས་ལོ་རྒྱུས་ཀྱི་དཀའ་གནད་རྣམས་བཀྲོལ་ཐུབ་པ་དང་། ས་མིང་ལ་བརྟེན་ནས་རྒྱལ་ཁབ་བམ་མི་རིགས་ཀྱི་རིག་གནས་ལའང་རྒྱུས་ལོན་ངེས་ཅན་བྱ་ཐུབ། དེར་བརྟེན་ས་མིང་གང་ཞིག་མི་རིགས་གཞན་པའི་སྐད་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་ཕྱོགས་ཐམས་ཅད་ནས་བསམ་གཞིག་དང་དོ་སྣང་བྱེད་དགོས་པ་ཞིག་ཡིན། ལོ་ཙཱ་བ་ཚོས་སྔར་མེད་གསར་སྤྲོས་དང་རང་སྣང་གང་ཤར་གྱིས་བསྒྱུར་མི་རུང་། སྒྱུར་མཁན་རྣམས་ཀྱིས་ངེས་པར་སྒྱུར་མིང་དང་མིང་ཚིག་བེད་སྤྱོད་ཐད་གཅིག་གྱུར་ཡོང་བར་བྱ་རྒྱུ་གལ་ཆེ་ལ། ལོ་ཙཱ་བྱེད་སྐབས་སུ་མདོ་དབུས་ཁམས་གསུམ་གྱིས་གོ་ནུས་པའི་ཡིག་སྐད་དང་བརྡ་དག་གསལ་པོའི་ལམ་དུ་ཕབ་དགོས་པ་ལས་ཡུལ་སྐད་དང་ལུང་སྐད་དུ་ལོ་ཙཱ་མི་བྱ་བའི་རྩ་དོན་དེ་སྲུང་འཛིན་བྱེད་དགོས། རྩ་དོན་འཛིན་པའི་རྨང་གཞིའི་ཐོག་ནས་ད་གཟོད་ཐབས་ལམ་འོས་ཤིང་འཚམ་པ་ཞིག་སྤྱད་ནས་མ་ཡིག་གི་ཁྱད་ཆོས་མངོན་ཅི་ཐུབ་བྱེད་དགོས།
       གཉིས། རྒྱས་བསྡུས་རན་པའི་རྩ་དོན།
       ས་མིང་ལོ་ཙཱ་བྱེད་སྐབས་བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་བཏུས་ཏེ། རྒྱས་བསྡུས་འཚམ་པའི་སྒོ་ནས་ལོ་ཙཱ་བྱེད་དགོས། རྒྱུ་མཚན་ནི་ས་མིང་རིང་དྲགས་ན་སྤྱོད་མི་བདེ་བ་དང་། མ་ཡིག་ལས་བསྡུ་ཆེ་ན་གོ་དཀའ་བས་ངེས་པར་རྒྱས་བསྡུས་འཚམ་པའི་རང་བཞིན་ལྡན་དགོས། གལ་སྲིད་མ་ཡིག་གི་མིང་བརྡའི་གྲུབ་སྟངས་ལ་གཞིགས་ནས་དངོས་པོའི་ཁྱད་ཆོས་སྟོན་པའི་མིང་ཚིག་གི་བར་དུ་ཕྲད་དང་བྱ་ཚིག་སོགས་གང་མང་སྦྱར་ནས་ལོ་ཙཱ་བྱས་པ་རྣམས་ཐ་སྙད་མང་པོ་འགྲེལ་བཤད་ལྟ་བུར་སོང་ནས་ས་གནས་ངོས་འཛིན་པའི་ས་མིང་དུ་འགྱུར་མི་ནུས། ང་ཚོས་ལོ་ཙཱ་བྱེད་བཞིན་པའི་ཁྲོད་དུ་སྐབས་འགར་མིང་བརྡའི་འགྱུར་ལ་ཞིབ་རྒྱས་ཆེ་དྲགས་ནའང་འགྲེལ་བཤད་ལྟ་བུར་གྱུར་ནས་རྙོག་འཛིང་ཇེ་མང་དུ་འགྲོ་བ་དང་། ཡང་ན་ས་མིང་འབུར་དུ་ཐོན་ཕྱིར་མིང་བསྡུས་དྲགས་ན་མ་ཡིག་གི་བསྟན་དོན་གསལ་པོར་མཚོན་མི་ནུས་པའི་གནས་ཚུལ་འབྱུང་བས། ཕྱོགས་གཉིས་ཀར་ཅིག་ཅར་དུ་མངོན་ཐུབ་པ་དང་གོ་བདེའི་ངང་ནས་སྟོན་ཐུབ་པ་ཞིག་ཡོང་ཐུབ་ན་ཤིན་ཏུ་ལེགས་པར་སེམས། །
འབྲེལ་ཡོད་འོས་སྦྱོར།